དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་གང་ཡིན་གྱི་དྲིས་ལན།9

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-06-01 14:18:05     རྩོམ་པ་པོ།   ཧྲོང་བོ་བསྟན་འཛིན་ཐོགས་མེད།     ཀློག་ཐེངས།  

76549972386228242.jpg

            དྲི་གཞི་གསུམ་པ། རྩ་བ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་པའི་དྲི་བ་འདིས་འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་བོ་ལ་དྲི་བ་དོན་གྱིས་ཞུས་པར་གསུངས་འདུག་ན། འཁོར་ལོ་བར་བའི་དྲི་བ་ལས་ལོགས་སུ་འཁོར་ལོ་དང་བོའི་དྲི་བ་མེད་ན་འཁོར་ལོ་དང་བོ་ལའང་དྲི་བ་དངོས་སུ་ཞུས་པར་འགྱུར་ལ། དེ་ལས་ལོགས་སུ་ཡོད་ན་དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་ལས་གསུམ་ལས་གང་ཡིན
 

               དྲི་གཞི་གསུམ་པའི་ལན།
              ཧྲོང་བོ་བསྟན་འཛིན་ཐོགས་མེད། སྤྲེལ་རྫོང་། 

             ༄༅། ། དེ་ཡང་མདོ་ལས། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་བསྩལ་སྙམ་བགྱིད་ལགས་ཏེ། ཞེས་པའི་ཚན་པ་འདིས་གོང་དུ་བཀོད་པའི་རྣམ་གྲངས་དུ་མར་བཀའ་བསྩལ་ཚུལ་དང་། ཞེས་ཀྱང་བཀའ་སྩལ་ཚུལ་གཉིས་ཀ་འགལ་ལམ་སྙམ་པའི་དོགས་པའི་ཚུལ་མཛད་པ་དང་། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་ ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་སྩལ་པའི་དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ། ། ཞེས་པ་འདིས་ཚུལ་མཛད་ པའི་དོགས་པ་དེར་དྲི་བ་མཛད་ལ། ཚན་གོང་འོག་གཉི་ག་དཀྱུས་གཅིག་ཏུ་བསྡོམས་པའི་མདོ་ཚན་འདི་ཚུལ་མཛད་པའི་དོགས་པའི་དྲི་བ་ཞུ་བའི་མདོ་ ཡིན་པ་ནི་མདོ་ཚིག་ཉིད་ལས་གསལ་ལོ། །

              ཅི་ལ་དགོངས་ནས་ངོ་བོ་ཉིད་མ་མཆིས་པ་ཞེས་སོགས་དང་བོ་ནི་བཀའ་དེ་དག་གི་དགོངས་དོན་ཅི་ཡིན་ནམ་སྙམ་ཚུལ་དང་། སྙམ་ཚུལ་དེ་དང་མཐུན་པར་ངོ་བོ་ཉིད་མ་མཆིས་ཞེས་ སོགས་གསུངས་པའི་འདིར་བསྟན་འཁོར་ལོ་བར་བའི་གསུངས་ཚིག་དེ་ཅི་ལ་དགོངས་ནས་གསུངས་ཞེས་ཞུས་པ་ནི་བར་བར་དྲི་བ་དངོས་སུ་ཞུས་ཚུལ་ཡིན་ལ། དྲི་བ་འདིས་མདོ་གསུངས་ཚུལ་ཅིག་ཤོས་ལའང་དོགས་པ་ཞུས་པར་འགྲོ་ཡང་། འདྲི་ཚུལ་ལ་གཟུགས་སྐྱེ་བ་ཡོད་ཅེས་པའི་མདོ་ཚིག་ཅི་ལ་དགོངས་ནས་གསུངས་ལྟ་བུས་མ་དྲིས་པ་ནི་དྲི་བ་དངོས་སུ་མ་མཛད་པ་སྟེ། སྐབས་འདིར་དངོས་སུ་འདྲི་ཚུལ་གྱི་ཟླས་དྲངས་པའི་འདྲི་ཚུལ་ཅིག་ཤོས་ནི་དྲི་བ་དོན་གྱིས་ཞུས་ཚུལ་ལོ། ། འདིར་བཀོད་པའི་དྲི་བ་ཞུ་བའི་མདོའི་ཚན་པ་འདི་ཉིད། ཞེས་ཀྱང་བཀའ་སྩལ་ཚུལ་གྱི་མདོ་ལ་ཉེ་བས། རྗེ་བླ་མས་འདིས་ནི་མདོ་སྡེ་ཁ་ཅིག་ཏུ་ཞེས་ཉེ་ཚིག་གི་འདི་སྒྲ་བཀོད་ལ། དེ་ལ་ལྟོས་ཏེ་རྣམ་གྲངས་དུ་མར་བཀའ་སྩལ་ཚུལ་གྱི་མདོ་ལ་རིང་བས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པའང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་རིང་ཚིག་གི་དེ་སྒྲ་མཛད་དོ། ། དེས་ན་འདི་སྒྲ་དང་དེ་སྒྲ་དེ་གཉི་གའི་སྙེག་གཞི་བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཞེས་པ་སྔ་མ་ནས་བདག་ཡོངས་སུ་ཞུ་ལགས་སོ་ ཞེས་པའི་བར་གྱི་མདོར་གྲུབ་ཅིང་། དེ་ཡིས་མདོ་དེ་ག་ཉིད་འདིར་བསྟན་དྲི་བ་དོན་གྱིས་ཞུ་བྱེད་ཀྱི་མདོར་ཡང་གྲུབ་ན། འཁོར་ལོ་དང་བོར་ཡང་དྲི་བ་ དངོས་སུ་བྱུང་ངོ་། །

              དེར་མ་ཟད། རྟོགས་བྱེད་དངོས་སུ་བྱུང་བས་གང་རྟོགས་པ་དེ་དེས་དངོས་སུ་རྟོགས་པར་སྒྲུབ་མི་ནུས་པ་དང་། ཕར་ཕྱིན་མཆན་ལས། ཆོས་ཉིད་དོན་གྱིས་རྟོགས་ཡོད་ཀྱང་མིང་བརྡ་སྦྱོར་མ་ནུས་ཞེས་པ་ཡིན་པས། ཞེས་དོན་གྱིས་རྟོགས་བྱེད་དངོས་སུ་བྱུང་ནའང་དངོས་སུ་རྟོགས་པ་ལྟ་ཅི། རྟོགས་པ་ཙམ་གྱི་ཁྱབ་པའང་མེད་པར་བསྟན་ལ། ད་དུང་། ཡོད་ནས་དངོས་སུ་མེད་པའམ་བྱུང་ནས་དངོས་སུ་མ་བྱུང་བ་དེ་ལ་ཅི་ལྟ་བུ་ཞིག་འཇོག་པར་ ཡང་བསམ་དགོས་སོ། ། མ་ཟད་ཀུན་མཁྱེན་རིན་པོ་ཆེས་ཀྱང་། དྲི་ཞུས་ཀྱིས་ཀྱང་བར་བ་དངོས་སུ་དྲིས་ལ་དང་བོ་དངོས་སུ་མ་དྲིས་པའི་ཕྱིར། ཞེས་ གསུངས་པ་འདིས་འདྲི་བྱེད་ཡིན་ཡང་དངོས་སུ་འདྲི་བྱེད་མ་ཡིན་པར་བསྟན་པའི་ཕྱིར། དེར་ཐལ། དེ་ལ་དངོས་སུ་སྦྱར་བའི་དགོས་པ་ཡོད་པའི་ཕྱིར། གཞན་ཡང་། ཡང་སྙིང་ལས་ཀྱང་། རང་ལུགས་ལ་བར་བས་དྲི་བ་དངོས་སུ་ཞུས་པའི་ཤུགས་ལ་དང་བོའི་དྲི་བ་ཞུས་པར་འགྲོ་ཚུལ་ཡོད་དེ། དང་བོར་ཆ་མ་ཕྱེ་བར་ཐམས་ཅད་རང་མཚན་གྱིས་གྲུབ་ཅེས་པའི་མདོ་ཚིག་བཀའ་སྩལ། བར་བས་ཆ་མ་ཕྱེ་བར་རང་མཚན་གྱིས་མ་གྲུབ་ཅེས་པའི་བཀའ་སྩལ་ཚུལ་ གཉི་ག་བཀོད་དེ། བར་བས་ཆ་མ་ཕྱེ་བར་དེ་ལྟར་གསུངས་པ་ཅི་ལ་དགོངས་ཞེས་དངོས་སུ་དྲིས་པ་ན། ཚིག་གི་ནུས་པས་ཆ་མ་ཕྱེ་བར་གསུངས་པ་དེ་དྲང་དོན་དུ་འགྲོ་བའི་རྒྱུ་མཚན་ལྟ་བུར་སོང་བས་ཆ་འབྱེད་རྒྱུ་ཞིག་ཡོད་པར་གོ་ ཞིང་།

               དེ་ལྟར་ན་དང་བོར་ཡང་ཆ་མ་ཕྱེ་བར་གསུངས་ཚུལ་བཀོད་མ་ཐག་ ལྟར་ཡིན་པས་དེའང་དྲི་བར་འགྲོ་བ་ཡིན་ནོ། ། ཞེས་གསུངས་པའི་ཚིག་གི་ ནུས་པ་ཅེས་པའི་ཚིག་ལ་དངོས་སུ་བྱུང་བའི་དྲི་བའི་མདོ་ཚིག་ལས་གཞན་མི་རྙེད་ལ། དེའང་དྲི་བར་འགྲོ་བ་ཡིན་ནོ་ཞེས་པའི་འང་སྒྲའི་སྡུད་ཚུལ་གྱིས་ ཀྱང་ཞུ་བྱེད་དྲི་བ་དེས་དོན་གཉིས་དྲིས་པར་གསལ་ལོ། ། དེས་ན། ཡང་སྙིང་དུ། འཁོར་ལོ་དང་བོ་ལ་དྲི་བ་དངོས་སུ་ཞུས་པར་ཐལ། མདོ་དེའི་ཞུ་བྱེད་ཀྱི་ཚིག་དངོས་སུ་བྱུང་བའི་ཕྱིར་དང་། དང་བོའི་དྲི་བ་ཡིན་ན་དངོས་སུ་ཞུས་ པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་བར་བའི་དྲི་བ་ཡིན་པས་ཁྱབ་པའི་ཕྱིར། ཞེས་པ་འདི་ཕྱོགས་སྔའི་ཁས་བླངས་ལ་འཁྲི་བའི་སྐྱོན་གཏོང་ཚུལ་ཏེ། ཕྱོགས་སྔ་དེས་དྲི་བ་དངོས་སུ་བྱུང་བ་དང་དངོས་སུ་དྲིས་པ་ལ་ཁྱད་མི་ཕྱེད་པ་གཞིར་བཞག་གི་སྟེང་ནས་དྲི་བ་ལ་ཚིག་གི་ཁྱབ་པར་ཁས་བླངས་པར་མངོན་ཞིང་། བརྒྱ་བྱིན་གྱི་ཡིད་ཀྱི་དྲི་བ་མ་ཁྱབ་ཀྱི་སྐྱོན་དུ་བཞག་སྟེ་དྲི་བ་ལ་ཚིག་གིས་ཁྱབ་པ་ལོགས་སུ་བཀག་པས་ཀྱང་བསམ་པར་བྱ་བ་ཡོད་ལ། གཞན་ཡང་། ཞེས་པས་ཀྱང་མི་གནོད་དེ། ཁྱོད་ཀྱི་ཁས་བླངས་ལ་སྐྱོན་གཞན་ཡང་ཞེས་སྐྱོན་གྱི་ཆ་མི་འདྲ་བ་རེ་རེ་ལ་རིམ་གྱིས་བརྒལ་ཆོག་པས་སོ། །

རྣམ་གསུམ་ཆོས་ཀྱི་འཁོར་ལོའི་རྣམ་བཞག་ཀུན། །
དྲི་མེད་རིགས་པས་ལེགས་འབྱེད་ཙོང་ཁ་བ། །
སྲས་བཅས་བརྒྱུད་པའི་ཡང་དག་ཆོས་ཚུལ་ཁམས། །
གང་ཡིན་དེ་ནི་ཕྱོགས་ཀུན་ཁྱབ་པར་སྨོན། །
 

               ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

                       རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

  གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།