དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་གང་ཡིན་གྱི་དྲིས་ལན།8

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-06-01 14:11:34     རྩོམ་པ་པོ།   བིས་མདོ་བསྟན་པ་དར་རྒྱས།     ཀློག་ཐེངས།  

76549972386228242.jpg

                དྲི་གཞི་གསུམ་པ། རྩ་བ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་པའི་དྲི་བ་འདིས་འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་བོ་ལ་དྲི་བ་དོན་གྱིས་ཞུས་པར་གསུངས་འདུག་ན། འཁོར་ལོ་བར་བའི་དྲི་བ་ལས་ལོགས་སུ་འཁོར་ལོ་དང་བོའི་དྲི་བ་མེད་ན་འཁོར་ལོ་དང་བོ་ལའང་དྲི་བ་དངོས་སུ་ཞུས་པར་འགྱུར་ལ། དེ་ལས་ལོགས་སུ་ཡོད་ན་དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་ལས་གསུམ་ལས་གང་ཡིན།
 

           དྲི་གཞི་གསུམ་པའི་ལན།
           བིས་མདོ་བསྟན་པ་དར་རྒྱས། འབྲས་སྤུངས་སྒོ་མང་།

༄༅། ། འཇམ་དཔལ་ཐུགས་ཀྱི་བདུད་རྩི་བཏུངས་པ་ལས། །
བློ་གྲོས་བཟང་བོའི་སྒོ་བརྒྱ་ལེགས་ཕྱེས་ནས། །
རྨད་བྱུང་གཙུག་ལག་གཞུང་བརྒྱའི་ལས་བྱང་བ། །
བསོད་ནམས་དགེ་འདུན་ཞིང་གི་མགོན་ཁྱོད་འདུད། །
            ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ་དྲི་གཞི་གསུམ་པའི་ལན་ལ་འཇུག་པ་ལ། དེ་ལ་འདིར། འཁོར་ལོ་གཉིས་པའི་དྲི་བ་ལས་ལོགས་སུ་ འཁོར་ལོ་དང་བོའི་དྲི་བ་མེད་ན་དྲི་ཞུས་ཀྱི་གཞུང་འདི་འཁོར་ལོ་དང་བོའི་ ཡང་དྲི་བ་ཡིན་པར་ཁས་ལེན་དགོས་ལ། དེ་ལྟར་ན། དྲི་ཞུས་ཀྱི་གཞུང་ འདི་ཆོས་ཅན། འཁོར་ལོ་དང་བོའི་དྲི་བའི་ངོ་བོར་གྱུར་བའི་ཚིག་ཡིན་ པར་ཐལ། འཁོར་ལོ་དང་བོའི་དྲི་བ་ཡིན་པ་གང་ཞིག་ཚིག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། འཁོར་ལོ་དང་བོའི་དྲི་བ་ཞུ་བྱེད་ཀྱི་ཚིག་ཡིན་པར་ཐལ། འཁོར་ལོ་དང་བོའི་དྲི་བའི་ངོ་བོར་གྱུར་བའི་ཚིག་ཡིན་པའི་ཕྱིར། འདོད་ན། འཁོར་ལོ་དང་བོའི་དྲི་བ་ཞུ་བྱེད་ཀྱི་ཚིག་དངོས་སུ་བྱུང་བར་ཐལ། དྲི་ཞུས་ཀྱི་གཞུང་འདི་དངོས་སུ་བྱུང་བ་གང་ཞིག་དེ་འཁོར་ལོ་དང་བོའི་དྲི་བ་ཞུ་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། འདོད་ན། འཁོར་ལོ་དང་བོའི་དྲི་བ་དངོས་སུ་ཞུས་པར་ཐལ། འཁོར་ལོ་དང་བོའི་དྲི་བ་ཞུ་བྱེད་ཀྱི་ཚིག་དངོས་སུ་བྱུང་བའི་ཕྱིར། རྟགས་ཁས། ཁྱབ་སྟེ། དྲང་ངེས་དཀའ་འགྲེལ་ལས། འདོད་ན། འཁོར་ལོ་དང་བོའི་དྲི་བ་དངོས་སུ་ཞུས་པར་ཐལ། མདོ་དེར་ཞུ་བྱེད་ཀྱི་ཚིག་དངོས་སུ་བྱུང་བའི་ཕྱིར་དང་། ཞེས་གསུངས་པའི་ཕྱིར།

            གོང་དུ་འདོད་མི་ནུས་ཏེ། དྲི་ཞུས་ཀྱི་གཞུང་འདིས་འཁོར་ལོ་གཉིས་པ་ལ་དྲི་བ་དངོས་སུ་དྲིས་ནས་ཤུགས་ལ་འཁོར་ལོ་དང་བོ་ལ་དྲི་བ་ཞུས་པ་ཡིན་པའི་ཕྱིར་ཏེ། དྲང་ངེས་མཆན་འགྲེལ་ལས། འདིར་བར་བའི་དགོངས་གཞི་དངོས་སུ་དྲིས་བའི་ཤུགས་ལ་དང་བོའི་དགོངས་གཞི་ཡང་དྲི་བར་འགྲོ་བ་ནི། ཞེས་གསུངས་པའི་ཕྱིར། མདོར་བསྡུས་ན། དྲི་ཞུས་ཀྱི་གཞུང་འདི་འཁོར་ལོ་གཉིས་པའི་དྲི་བ་དང་ འཁོར་ལོ་གཉིས་པའི་དྲི་བ་ཞུ་བྱེད་ཀྱི་གཞུང་གཉིས་ཀ་ཡིན་ལ། དེས་འཁོར་ལོ་དང་བོ་ལ་དྲི་བ་ཞུས་ཀྱང་།

           འཁོར་ལོ་དང་བོའི་དྲི་བ་དང་། འཁོར་ལོ་དང་བོའི་དྲི་བ་ཞུ་བྱེད་ཀྱི་གཞུང་གཉིས་ཀ་མ་ཡིན་ཟེར་དགོས། དོན་གྱིས་ ཞུས་པའི་འཁོར་ལོ་དང་བོའི་དྲི་བ་འདི་གཟུགས་ཡིན་ན། དྲི་བའི་ངོ་བོར་ གྱུར་བའི་ཚིག་ཏུ་ཁས་ལེན་དགོས་ལ། དེ་ལྟར་ན། དོན་གྱིས་ཞུས་པའི་འཁོར་ལོ་དང་བོའི་དྲི་བ་འདི་ཆོས་ཅན། དྲི་ཞུས་ཀྱི་གཞུང་འདི་ཡིན་པར་ཐལ། སྐབས་འདིའི་དྲི་བའི་ངོ་བོར་གྱུར་བའི་ཚིག་ཡིན་པ་གང་ཞིག་དྲི་བའི་ངོ་བོར་གྱུར་བའི་ཚིག་ལ་དྲི་ཞུས་ཀྱི་གཞུང་འདི་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར་ཏེ། དྲང་ངེས་དཀའ་འགྲེལ་ལས། སྔ་མ་ལ་དོན་དེ་ཉིད་བཅོམ་ལྡན་འདས་ལ་ བདག་ཡོངས་སུ་ཞུ་ལགས་སོ་ཞེས་པའི་ཚིག་འདི་འཁོར་ལོ་དང་བོ་དང་བར་བ་གཉིས་ཀའི་དྲི་བ་ཡིན་པར་ཐལ། དྲི་བ་ལ་ཚིག་གིས་ཁྱབ་པ་གང་ཞིག ཚིག་དེ་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དོན་གྱིས་ཞུས་པའི་འཁོར་ལོ་དང་བོའི་དྲི་བ་འདི་ཤེས་པ་ཡིན་ན་ཡིད་ཀྱི་དྲི་བ་ཡིན་དགོས་ལ། དེ་ལྟར་ན། དྲི་བ་འདི་ཚིག་གིས་མ་ཞུས་པར་འགྱུར་དགོས་ན་དེ་ཡང་མི་འཐད་ཏེ། དྲི་ཞུས་ཀྱི་གཞུང་འདིས་འཁོར་ལོ་དང་བོ་ལ་དྲི་བ་ཞུས་པའི་ཕྱིར། དེས་ན་ལྡན་མིན་འདུ་བྱེད་ལས་འོས་མེད་དོ། །
 

           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

 གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།