དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་གང་ཡིན་གྱི་དྲིས་ལན།6

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-06-01 13:59:43     རྩོམ་པ་པོ།   ལི་ཐང་ཕུན་ཚོགས་རིན་ཆེན།     ཀློག་ཐེངས།  

76549972386228242.jpg

            དྲི་གཞི་གསུམ་པ། རྩ་བ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་པའི་དྲི་བ་འདིས་འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་བོ་ལ་དྲི་བ་དོན་གྱིས་ཞུས་པར་གསུངས་འདུག་ན། འཁོར་ལོ་བར་བའི་དྲི་བ་ལས་ལོགས་སུ་འཁོར་ལོ་དང་བོའི་དྲི་བ་མེད་ན་འཁོར་ལོ་དང་བོ་ལའང་དྲི་བ་དངོས་སུ་ཞུས་པར་འགྱུར་ལ། དེ་ལས་ལོགས་སུ་ཡོད་ན་དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་ལས་གསུམ་ལས་གང་ཡིན།
 

            དྲི་གཞི་གསུམ་པའི་ལན།
            ལྷ་རམས་པ་ལི་ཐང་ཕུན་ཚོགས་རིན་ཆེན། འབྲས་སྤུངས་སྒོ་མང་།

༄༅། ། གང་གི་རྣམ་དཔྱོད་ཆུ་ཤེལ་གཟེགས་མ་རེར། །
བཀའ་བསྟན་དགོངས་དོན་མ་འདྲེས་ཇི་བཞིན་དུ། །
འཆར་ཞིང་འཁྲུལ་མེད་འདོམས་པའི་དབང་བོ་སྟེ། །
དྲིན་ལྡན་བླ་མ་སྐྱབས་ཀྱི་དྭངས་མར་མཆོད། ། 
               ལེགས་བཤད་སྙིང་བོ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་བོར་དྲི་བ་དོན་ གྱིས་ཞུས་པར་གསུངས་པས། སྤྱིར་ཚིག་འདིས་འཁོར་ལོ་དང་བོ་ལ་དྲི་བ་ ཞུས་པར་འདོད་ན། ཚིག་འདི་འཁོར་ལོ་དང་བོའི་དྲི་བར་འགྱུར་ཏེ། ཚིག་དེས་འཁོར་ལོ་དང་བོ་ལ་དྲི་བ་ཞུས་ཚུལ་ལས་ལོགས་སུ་དེའི་དྲི་བར་འགྱུར་ ཚུལ་མེད་ལ། དེ་འདོད་ན། འཁོར་ལོ་དང་བོའི་དྲི་བ་དངོས་སུ་བྱུང་བར་ཐལ། དེ་འདྲའི་ཚིག་དེ་དངོས་སུ་བྱུང་བ་གང་ཞིག དེ་འཁོར་ལོ་དང་བོའི་དྲི་བ་ཡིན་པའི་ཕྱིར། བསྟན་པའི་སྒྲོན་མེའི་དཀའ་འགྲེལ་ལྟར་ཡིན་ནོ། ། ཡང་ཚིག་དེས་འཁོར་ལོ་དང་བོ་ལ་དྲི་བ་ཡང་ཞུས། དེ་དངོས་སུ་བྱུང་ཡང་འཁོར་ལོ་དང་བོ་ལ་དྲི་ཞུས་ཀྱི་ཚིག་དངོས་སུ་མ་བྱུང་བར་འདོད་ནའང་བློ་ ངོར་ཅུང་མི་བདེ་ཞིང་གོ་རྒྱུ་ཆེར་མི་སྣང་སྙམ། དེས་ན་ཚིག་དེས་འཁོར་ལོ་དང་བོ་ལ་དྲི་བ་མ་ཞུས་བྱས་ན་འགྲིག་གམ།

             རྩ་བར་དངོས་ཤུགས་གང་རུང་ལ་ཞུས་ཞེས་མ་གསུངས་པར་དོན་གྱིས་ཞུས་ཞེས་གསུངས་པ་དང་། མཆན་དང་དཀའ་འགྲེལ་ལས། དེ་ཡང་དྲི་བར་འགྲོ་དང་། དེ་ཡང་དྲི་བར་འགྲོ་བ་ཡིན་ནོ་ཞེས་གསུངས་པ་དང་། རྒྱལ་བ་དགེ་འདུན་རྒྱ་མཚོའི་དཀའ་འགྲེལ་ལས། རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པའི་དགོངས་གཞི་དོན་གྱིས་དྲིས་པར་འགྲོ་བ་ཡིན་གསུངས་པ་ལ་གོ་རྒྱུ་ཞིག་འདུག་སྙམ། དོན་གྱིས་ཞུས་ན་ཞུ་མི་དགོས་ཏེ། དོན་གྱིས་བརྗོད་ཀྱང་བརྗོད་མི་དགོས་པ་དང་དོན་གྱིས་རྟོགས་ཀྱང་རྟོགས་མི་དགོས་པ་སོགས་དང་འདྲ་བའི་ཕྱིར་སྙམ་མོ། ། དོན་གྱིས་ཞུས་ཞེས་པ་ནི་བཀའ་བསྩལ་ཚུལ་རིམ་པ་བཞིན་དུ་བཀོད་ནས་ འཁོར་ལོ་བར་བ་ལས་དེ་ལྟར་གསུངས་པ་ཅི་ལ་དགོངས་ཞེས་དྲི་བ་དངོས་སུ་ཞུས་པས་དང་བོ་ལས་དེ་ལྟར་གསུངས་པ་ཅི་ལ་དགོངས་ནས་གསུངས་ཞེས་དང་བོ་ལ་དྲི་བ་དངོས་སུ་མ་ཞུས་ཀྱང་དེ་འདྲའི་ཚིག་དེའི་ནུས་པའམ་ཤུགས་ཀྱིས་གོ་བའམ་དེ་འདྲའི་དྲི་བ་ཞིག་དོན་གྱིས་ཐོབ་པ་ལ་བྱ་དགོས་སོ། །
 

             ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

 གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།