དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་གང་ཡིན་གྱི་དྲིས་ལན།5

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-06-01 13:55:25     རྩོམ་པ་པོ།   སྒོ་མང་སྤྲུལ་སྐུ་ལ་མོ་འོད་ཟེར།    ཀློག་ཐེངས།  

76549972386228242.jpg

               དྲི་གཞི་གསུམ་པ། རྩ་བ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་པའི་དྲི་བ་འདིས་འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་བོ་ལ་དྲི་བ་དོན་གྱིས་ཞུས་པར་གསུངས་འདུག་ན། འཁོར་ལོ་བར་བའི་དྲི་བ་ལས་ལོགས་སུ་འཁོར་ལོ་དང་བོའི་དྲི་བ་མེད་ན་འཁོར་ལོ་དང་བོ་ལའང་དྲི་བ་དངོས་སུ་ཞུས་པར་འགྱུར་ལ། དེ་ལས་ལོགས་སུ་ཡོད་ན་དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་ལས་གསུམ་ལས་གང་ཡིན།
 

             དྲི་གཞི་གསུམ་པའི་ལན།
            སྒོ་མང་སྤྲུལ་སྐུ་ལ་མོ་འོད་ཟེར། བླ་བྲང་བཀྲ་ཤིས་འཁྱིལ།

              ༄༅། ། དཀའ་འགྲེལ་ལས། བར་བའི་དྲི་བ་དངོས་སུ་ཞུས་པའི་ཤུགས་ལ་དང་བོའི་དྲི་བ་ཞུས་བར་འགྲོ་ཚུལ་ཡོད་དེ། ཞེས་པ་ནས། ཚིག་གི་ནུས་པས་ཆ་མ་ཕྱེ་བར་གསུངས་པ་དེ་དྲང་དོན་དུ་འགྲོ་བའི་རྒྱུ་མཚན་ལྟ་བུར་སོང་བས་ཆ་འབྱེད་རྒྱུ་ཞིག་ཡོད་པར་གོ་ཞིང་། དེ་ལྟར་ན་དང་བོར་ཡང་ཆ་མ་ཕྱེ་བར་གསུངས་ཚུལ་བཀོད་མ་ཐག་པ་ལྟར་ཡིན་པས་དེའང་དྲིས་བར་འགྲོ་བ་ཡིན་ནོ། ། ཞེས་དང་། དྲང་ངེས་མཆན་དུ། ཅི་ལ་དགོངས་ཞེས་པའི་ཚིག་གི་ནུས་པས། སོགས་ལྟར་དེ་འདྲའི་ཚིག་གི་ནུས་པ་དེ་འཁོར་ལོ་བར་བའི་དྲི་བ་ལས་ལོགས་སུ་དང་བོའི་དྲི་བ་ལ་འཇོག་པ་དེང་སང་ཆོས་གྲྭའི་ཁས་ལེན་གྱི་རྒྱུན་ཕལ་མོ་ཆེར་གྲགས་སོ། །

               འདིའི་དྲི་བའི་ངོ་བོ་ལ་ཚིག་གིས་ཁྱབ་ཟེར་བ་དང་། དེ་ལ་སྒྲ་དང་གཟུགས་ཀྱི་སྐྱེ་མཆེད་ཡིད་ཀྱི་ཤེས་པ་གསུམ་ག་ཡོད་ཟེར་བ་དང་། དོན་དམ་ཡང་དག་འཕགས་ཀྱི་རྒྱུད་ཀྱི་དེ་འདྲའི་དོགས་པ་འཇོག་ཟེར་བ་དང་། མདོ་གཉིས་ཀྱི་བརྗོད་བྱ་འཇོག་ཟེར་བ་སོགས་སྣ་ཚོགས་ཡོད་ལ། དང་བོ་དང་གསུམ་པ་དཀའ་འགྲེལ་ལས་དངོས་སུ་བཀག་ཅིང་། འཁོར་ལོ་དང་བོའི་དྲི་བ་དངོས་སུ་ཞུས་པར་ཐལ ། མདོ་དེ་ཞུ་བྱེད་ཀྱི་ཚིག་དངོས་སུ་བྱུང་བའི་ཕྱིར། ཞེས་པའི་ཁྱབ་པ་གྲུབ་ན། བར་བའི་དྲི་བ་ཞུ་བྱེད་ཀྱི་ཚིག་དེས་དང་བོའི་དྲི་བ་ཤུགས་ཀྱིས་སམ་ནུས་པས་ཞུས་ཀྱང་ཚིག་དེས་མ་ཞུས་ ཟེར་རམ། ཚིག་དེས་ཤུགས་ལ་ཞུས་ན་ཚིག་དེས་ཞུ་དགོས་མིན་དང་ཤུགས་ཀྱིས་ཞུས་ཚུལ་དང་ཤུགས་ལ་ཞུས་ཚུལ་འདྲ་མི་འདྲ་སོགས་བློ་ལ་སྦྱར་ནས་ ཀྱང་དཔྱད་ལ། ཨ་ཁུ་རབ་གསལ་ཚང་ནས། འཁོར་ལོ་དང་བོའི་དྲི་བ་དང་བར་བའི་དྲི་བར་མུ་བཞི། དང་བོའི་དྲི་བ་ཤུགས་ལ་ཞུས་པའི་ཚིག་དང་། བར་བའི་དྲི་བ་དངོས་སུ་ཞུས་པའི་ཚིག་ལ་མུ་བཞི། དང་བོའི་དྲི་བ་དང་བར་བའི་དྲི་བ་དངོས་སུ་སྟོན་པར་མུ་བཞི་གསུངས་པའི་སྟེང་ནས་ཀྱང་ཚིམ་མི་སླ་བར་དཔྱད་པར་རིགས་སོ། །
 

             ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

            གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།