དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་གང་ཡིན་གྱི་དྲིས་ལན།4

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-06-01 13:51:33     རྩོམ་པ་པོ།   ཀླུ་སྐལ་རྒྱམ།    ཀློག་ཐེངས།  

 

76549972386228242.jpg

 

             དྲི་གཞི་གསུམ་པ། རྩ་བ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་པའི་དྲི་བ་འདིས་འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་བོ་ལ་དྲི་བ་དོན་གྱིས་ཞུས་པར་གསུངས་འདུག་ན། འཁོར་ལོ་བར་བའི་དྲི་བ་ལས་ལོགས་སུ་འཁོར་ལོ་དང་བོའི་དྲི་བ་མེད་ན་འཁོར་ལོ་དང་བོ་ལའང་དྲི་བ་དངོས་སུ་ཞུས་པར་འགྱུར་ལ། དེ་ལས་ལོགས་སུ་ཡོད་ན་དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་ལས་གསུམ་ལས་གང་ཡིན།
 

             དྲི་གཞི་གསུམ་པའི་ལན།
            ཀླུ་སྐལ་རྒྱམ། འབྲས་སྤུངས་སྒོ་མང་།

               ༄༅། ། དྲི་ཞུས་ཀྱི་ཚིག་འདི་འཁོར་ལོ་དང་བོའི་དྲི་བ་མིན་ཡང་དེ་ལ་དྲི་བ་ཞུས་པར་འགྲོ་ཚུལ་ནི། འདིའི་སྔོན་དེ་མ་ཐག་ཏུ་འཁོར་ལོ་དང་བོ་གཉིས་ཀྱི་གསུང་ཚུལ་གོ་རིམ་བཞིན་བཀོད་དེ་བར་བར་ཆ་མ་ཕྱེ་བར་རང་མཚན་ གྱིས་མེད་པར་གསུངས་པ་གང་ལ་དགོངས་ཞེས་དྲི་བ་དངོས་སུ་ཞུས་པའི་ ཚིག་གི་ནུས་པས་དང་བོ་ལའང་དྲི་བ་དོན་གྱིས་ཞུས་པ་ལས་འདྲི་ཚིག་དངོས་སུ་མ་བྱུང་ལ། ནུས་པ་ལྡན་མིན་དུ་འདོད་པ་ལྟར་འཁོར་ལོ་དང་བོར་དྲི་བ་ཞུ་བྱེད་ཀྱི་ཚིག་གི་ནུས་པའང་གཟུགས་ཤེས་གང་རུང་མ་ཡིན་པའི་ལྡན་མིན་འདུ་བྱེད་དུ་འདོད་པར་བྱའོ། ། ཕར་ཕྱིན་མཐའ་དཔྱོད་དུ། འཁོར་ལོ་ དང་བོ་གཉིས་ལ་དྲི་བ་དངོས་སུ་བསྟན། ཅེས་གསུངས་པའང་དེའི་ཐད་ཀྱི་མཆན་ལས་འབྲུ་སྣོན་ཚུལ་གྱིས་ཞིབ་ཆ་བཏོན་པ་ལྟར་ཁས་ལེན་ནོ། །
 

            ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

              རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།