དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་གང་ཡིན་གྱི་དྲིས་ལན།3

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-06-01 13:43:13     རྩོམ་པ་པོ།   དྭགས་པོ་སྐལ་བཟང་།     ཀློག་ཐེངས།  

76549972386228242.jpg

 

             དྲི་གཞི་གསུམ་པ། རྩ་བ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་པའི་དྲི་བ་འདིས་འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་བོ་ལ་དྲི་བ་དོན་གྱིས་ཞུས་པར་གསུངས་འདུག་ན། འཁོར་ལོ་བར་བའི་དྲི་བ་ལས་ལོགས་སུ་འཁོར་ལོ་དང་བོའི་དྲི་བ་མེད་ན་འཁོར་ལོ་དང་བོ་ལའང་དྲི་བ་དངོས་སུ་ཞུས་པར་འགྱུར་ལ། དེ་ལས་ལོགས་སུ་ཡོད་ན་དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་ལས་གསུམ་ལས་གང་ཡིན།
 

           དྭགས་པོ་སྐལ་བཟང་། འབྲས་སྤུངས་སྒོ་མང་།

༄༅། ། སྟོན་པ་བསླུ་མེད་རྣམ་འདྲེན་ཉི་མའི་གཉེན། །
བསྟན་པ་བསླུ་མེད་འགོག་ལམ་བདེན་པ་དང་། །
བསྟན་འཛིན་བསླུ་མེད་འཕགས་ཚོགས་དགེ་འདུན་ཏེ། །
བསླུ་མེད་རིན་ཆེན་རྣམ་གསུམ་གཙུག་ན་རྒྱལ། །
            ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ། སྐབས་དོན་ལ་འཇུག་པ་ལ་གཉིས། དྲི་བའི་གཞི་འགོད་པ་དང་ལན་ལ་འཇུག་པའོ། ། དང་བོ་ནི་རྩ་བ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ་ཞེས་པའི་དྲི་བ་འདིས་འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་བོ་ལ་དྲི་བ་དོན་གྱིས་ཞུས་པར་གསུངས་འདུག་ན། འཁོར་ལོ་བར་བའི་དྲི་བ་ལས་ལོགས་སུ་འཁོར་ལོ་དང་བོའི་དྲི་བ་མེད་ན། འཁོར་ལོ་དང་བོ་ལའང་དྲི་བ་དངོས་སུ་ཞུས་པར་འགྱུར་ལ། དེ་ལས་ལོགས་སུ་ཡོད་ན་དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་གང་ཡིན་ཞེས་བྱུང་།
           གཉིས་པ་ལན་ལ་འཇུག་པ་ནི། དགོངས་འགྲེལ་ལས། དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ། ། ཞེས་དྲི་ཞུས་ཀྱི་མདོ་འདིས། བར་བའི་དགོངས་གཞི་དངོས་སུ་དྲིས་ནས་དང་བོའི་དགོངས་གཞི་དོན་གྱིས་དྲིས་པ་ཡིན་ཞིང་། དེའི་ཚུལ་ཡང་དཀའ་འགྲེལ་སོགས་ལས་ཤེས་པར་བྱའོ། ། དེ་ཡང་བར་བའི་དྲི་བ་ལས་ལོགས་སུ་དང་བོའི་དྲི་བ་མེད་པར་འདོད་ན། འོ་ན་དྲི་ཞུས་ཀྱི་སྐབས་འདིར། འདིར་བསྟན་འཁོར་ལོ་དང་བོ་ལ་ཚིག་གི་དྲི་བ་དངོས་སུ་ཞུས་པར་ཐལ། བར་བ་ལ་ཚིག་གི་དྲི་བ་དངོས་སུ་ཞུས་པའི་ཕྱིར། རྟགས་སླ། འདོད་མི་ནུས་ཏེ། ལེགས་བཤད་སྙིང་བོ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱི་ཞུས་སོ་ཞེས་གསུངས་པའི་ཕྱིར། འོན་ཀྱང་རང་ རེའི་ཕར་ཕྱིན་མཐའ་དཔྱོད་ལས་འཁོར་ལོ་དང་བོ་དང་བར་བ་གཉིས་ལ་ དྲི་བ་དངོས་སུ་བསྟན་ཅེས་དང་།

           དཀའ་འགྲེལ་ལས་ཀྱང། དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ། ། ཞེས་པས་འཁོར་ལོ་དང་བོ་དང་བར་བ་གཉིས་ལ་དྲི་བ་ཞུས་པ་ཡིན་ན། འཁོར་ལོ་དང་བོའི་དྲི་བ་དངོས་སུ་ཞུས་པར་ཐལ། མདོ་དེའི་ཞུ་བྱེད་ཀྱི་ཚིག་དངོས་སུ་བྱུང་བའི་ ཕྱིར་དང་ཞེས་སོགས་གསུངས་པ་རྣམས་ལ་དཔྱད་དགོས། དེས་ན་འདིར་བསྟན་འཁོར་ལོ་དང་བོར་གཟུགས་ནས་འཕགས་ལམ་ཡན་ལག་བར་གྱི་ཆོས་རྣམས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་གསུངས་པ་གང་ལ་དགོངས་ནས་གསུངས་ཞེས་པའི་དྲི་བ་དེ་འདིར་བསྟན་འཁོར་ལོ་དང་བོའི་དྲི་བ་ལ་བཞག་ཆོག་པའི་ཕྱིར། གཞན་ཡང་བར་བའི་དྲི་བ་ལས་ ལོགས་སུ་དང་བོའི་དྲི་བ་ཡོད་ན་དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་ གསུམ་ལས་གང་ཡིན་ཞེ་ན། སྤྱིར་འདིར་བསྟན་འཁོར་ལོ་དང་བོའི་དྲི་བ་ལ་ཚིག་དང་ཡིད་ཀྱི་དྲི་བ་གཉིས་ཡོད་པས་དྲི་བའི་ངོ་བོ་རང་ལྡོག་ནས་ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར་དང་། ཚིག་གི་དྲི་བ་ནི་བཤད་མ་ཐག་པ་དེ་ཡིན་ལ། ཡིད་ཀྱི་དྲི་བ་ཡང་དཔེར་ན་བརྒྱ་བྱིན་གྱིས་རབ་འབྱོར་ལ་ཡིད་ཀྱི་དྲི་བ་བྱས་ པ་ཤེར་མདོ་ལས་གསུངས་པ་བཞིན། འདིར་བསྟན་འཁོར་ལོ་དང་བོའི་དྲི་བ་ལའང་ཡིད་ཀྱི་དྲི་བ་ཡོད་དེ། འདིར་བསྟན་འཁོར་ལོ་དང་བོར་གཟུགས་ནས་འཕགས་ལམ་ཡན་ལག་བར་གྱི་ཆོས་རྣམས་རང་འཛིན་རྟོག་པའི་ཞེན་ གཞིར་རང་མཚན་གྱིས་གྲུབ་པར་གསུངས་པ་གང་ལ་དགོངས་པའི་དགོངས་གཞི་དེ་གདུལ་བྱ་རྣམས་ལ་གསལ་བར་གསུང་ན་ཅི་མ་རུང་སྙམ་པའི་དོན་ དམ་ཡང་དག་འཕགས་ཀྱི་རྒྱུད་ཀྱི་ཡིད་དེ་འདིར་བསྟན་འཁོར་ལོ་དང་བོའི་ཡིད་ཀྱི་དྲི་བ་ཡིན་པའི་ཕྱིར། དེས་ན་ཚིག་གི་དྲི་བ་དོན་གྱིས་ཞུས་ཀྱང་ཡིད་ཀྱི་དྲི་བ་དངོས་སུ་ཞུས་ཟེར་དགོས་སམ་རིགས་པ་སྨྲ་བ་རྣམས་ཀྱིས་དགོངས་པར་མཛོད།
             དགེ་འདིས་བདག་སོགས་ཚེ་རབས་ཐམས་ཅད་དུ། ། བཤེས་གཉེན་ དམ་པ་གཙུག་ཏུ་གུས་བསྟེན་ནས། ། མི་འགྱུར་དད་པའི་པདྨོ་ཁ་ཕྱེ་སྟེ། ། གཏན་གྱི་འདུན་མའི་བཅུད་ཀྱིས་གཏམས་པར་ཤོག །
            ཅེས་པ་འདི་ཡང་བདག་གི་དགེ་རྒན་རིན་པོ་ཆེ་མཚན་བརྗོད་པར་དཀའ་བ་རྗེ་ བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་རྗེས་སུ་དྲན་པ་མཚོན་ཙམ་དུ་དམ་པ་གང་གི་སྐྱབས་འོག་ཏུ་ཚུད་པ་སློབ་མ་དྭགས་པོ་སྐལ་བཟང་དུ་འབོད་པས་བོད་རྒྱལ་ལོ་ ༢༡༣༧ རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་སྟག་གི་ལོའི་དཔྱིད་ཟླ་འབྲིང་བོའི་ཉ་ལ་འཕགས་ཡུལ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྒར་ནས་བྲིས་པ་དགེ་བར་སྨོན༎
 

           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

                      རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ། 

  གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།