དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་གང་ཡིན་གྱི་དྲིས་ལན།2

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-29 23:28:12     རྩོམ་པ་པོ།   ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ།     ཀློག་ཐེངས།  

76549972386228242.jpg

 

            དྲི་གཞི་གསུམ་པ། རྩ་བ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་པའི་དྲི་བ་འདིས་འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་བོ་ལ་དྲི་བ་དོན་གྱིས་ཞུས་པར་གསུངས་འདུག་ན། འཁོར་ལོ་བར་བའི་དྲི་བ་ལས་ལོགས་སུ་འཁོར་ལོ་དང་བོའི་དྲི་བ་མེད་ན་འཁོར་ལོ་དང་བོ་ལའང་དྲི་བ་དངོས་སུ་ཞུས་པར་འགྱུར་ལ། དེ་ལས་ལོགས་སུ་ཡོད་ན་དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་ལས་གསུམ་ལས་གང་ཡིན།
 

            དྲི་གཞི་གསུམ་པའི་ལན།  ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

            ༄༅། ། དགོངས་འགྲེལ་ལས། བཅོམ་ལྡན་འདས་འདི་ན་བདག་གཅིག་པུ་དབེན་པ་ཞིག་ན་མཆིས་པའི་ཚེ། ཞེས་པ་ནས། བདག་ཡོངས་སུ་ཞུ་ ལགས་སོ། ། ཞེས་པའི་བར་གྱིས་གནས་གང་དུ་དོགས་པ་གང་ཞིག་གཞི་གང་ལས་སྐྱེས་ཚུལ་དངོས་སུ་གསུངས་ཏེ། འཁོར་ལོ་བར་བར་དེ་ལྟར་གསུངས་པ་ཅི་ཞེས་དྲི་བ་དངོས་སུ་བཀོད་དོ། །གཞི་གང་ལས་དོགས་པ་སྐྱེས་ཚུལ་སྟོན་སྐབས་འཁོར་ལོ་དང་བོར་དེ་འདྲའི་མདོ་ཚིག་བཀའ་སྩལ་བ་དང་བར་བར་དེ་ལྟར་མདོ་ཚིག་བཀའ་སྩལ་བ་འགལ་སྙམ་པ་དྲི་གཞིར་བཀོད་ཡོད་པས་ བར་བར་དངོས་སུ་ཞུས་པས་དང་བོར་དོན་གྱིས་ཞུས་པ་ཡིན། འཁོར་ལོ་ དང་བོར་ཚིག་གིས་དངོས་སུ་མ་ཞུས་ཀྱང་ཡིད་ཀྱིས་དངོས་སུ་ཞུས་ཆོག་པ་ ཡིན་པས་འདིར་བསྟན་འཁོར་ལོ་དང་བོར་གཟུགས་ནས་འཕགས་ལམ་ཡན་ལག་བར་གྱི་ཆོས་རྣམས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྟན་པ་གང་ལ་དགོངས་པའི་དགོངས་གཞི་དེ་ཕྱིས་འབྱུང་ དོགས་པ་རྒྱུད་ལྡན་ལ་གསུང་ན་ཅི་མ་རུང་སྙམ་པའི་དོན་དམ་ཡང་དག་ འཕགས་ཀྱི་ཡིད་ལྟ་བུ་འཁོར་ལོ་དང་བོའི་ཡིད་ཀྱི་དྲི་བར་བཞག་ཆོག་པར་ གསུང་རྒྱུན་དུ་ཡང་ཡོད་པས་སྤྱིར་དྲི་བ་ལ་ལུས་ངག་ཡིད་གསུམ་གྱི་དྲི་བ་དང་གཟུགས་ཤེས་ལྡན་མིན་གསུམ་བཞག་ཆོག་སྙམ།

          ད་ལྟའི་ལེགས་བཤད་སྙིང་བོའི་དཔར་རྣམས་སུ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་བསྩལ་པའི་ཞེས་ཀྱང་སྒྲ་ཞིག་ཡོད་པ་བདག་གིས་མཐོང་བའི་དགོངས་འགྲེལ་གྱི་དཔེ་འདིར་མེད་པས་དག་མིན་མ་ཤེས་ ཀྱང་། ཀྱང་སྒྲ་ཡོད་ཚེ་མ་ཟད་ཞེས་པ་ལྟ་བུ་ཞིག་གོ་བས་དཔྱད་དགོས་སོ། །
 

         ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

         གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།