དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་གང་ཡིན་གྱི་དྲིས་ལན།1

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-05-29 23:22:41     རྩོམ་པ་པོ།   རེབ་ཚ་འཇམ་དབྱངས་རྒྱ་མཚོ།    ཀློག་ཐེངས།  

         

            76549972386228242.jpg

           དྲི་གཞི་གསུམ་པ། རྩ་བ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་པའི་དྲི་བ་འདིས་འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་བོ་ལ་དྲི་བ་དོན་གྱིས་ཞུས་པར་གསུངས་འདུག་ན། འཁོར་ལོ་བར་བའི་དྲི་བ་ལས་ལོགས་སུ་འཁོར་ལོ་དང་བོའི་དྲི་བ་མེད་ན་འཁོར་ལོ་དང་བོ་ལའང་དྲི་བ་དངོས་སུ་ཞུས་པར་འགྱུར་ལ། དེ་ལས་ལོགས་སུ་ཡོད་ན་དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་ལས་གསུམ་ལས་གང་ཡིན།

           དྲི་གཞི་གསུམ་པའི་ལན། ལྷ་རམས་པ་རེབ་ཚ་འཇམ་དབྱངས་རྒྱ་མཚོ། རྔོག་རྒྱལ་མོ་དགོན།

             ༄༅། ། དྲི་ཞུས་ཀྱི་མདོ་ནས་བསྟན་པ་བཞིན། དྲི་བ་མཛད་པ་བོ་དོན་དམ་ཡང་དག་འཕགས་ནི་རྣམ་བཤད་ལས་གསུངས་པ་བཞིན་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པའི་གང་ཟག་ཡིན་པས། སྔར་མ་ཤེས་པ་གསར་དུ་ཤེས་རྒྱུ་མེད་པས་དོགས་པ་དེ་འདྲ་མི་སྲིད་ཀྱང་། ཕྱིས་འབྱུང་གི་གདུལ་བྱའི་དོགས་པ་སེལ་ཆེད་དུ་དྲི་བ་ཞུས་པའོ། ། དྲི་བ་ཞུས་ཚུལ་ནི་ཡིག་ཆ་མཛད་པ་བོ་རྣམས་གསུངས་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་དཀའ་འགྲེལ་དང་འཇུག་ངོགས་སུ་བཀོད་པ་ལྟར་དང་། རང་ལུགས་ལ་འདིར་བསྟན་འཁོར་ལོ་དང་བོར་གཟུགས་ནས་བྱང་ཕྱོགས་བར་ཆོས་རྣམས་ལ་རང་མཚན་གྱིས་གྲུབ་པའི་ངོ་བོ་སོགས་ཡོད་ཡོད་ཅེས་པའི་མདོ་ཚིག་ལན་དུ་མར་བཀའ་བསྩལ། བར་བར་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རང་མཚན་གྱིས་གྲུབ་པའི་སྐྱེ་འགག་སོགས་མེད་མེད་ཅེས་པའི་མདོ་ཚིག་དུ་མར་བཀའ་བསྩལ་བ་གཉིས་ སྒྲ་སོར་བཞག་ན་འགལ་ན་ཡང་། སྟོན་པ་ལ་འགལ་བ་མི་མངའ་བས་འཁོར་ལོ་བར་བར་དེ་ལྟར་གསུངས་པ་དེ་ཅི་ལ་དགོངས་ནས་གསུངས་ཞེས་དངོས་སུ་ཞུས་ནས། འཁོར་ལོ་དང་བོར་དེ་ལྟར་གསུངས་པ་གང་ལ་དགོངས་ཞེས་དོན་གྱིས་ཞུས་པ་དེ་ཡིག་ཆའི་གསུངས་ཚུལ་ལྟར་ལགས། འཁོར་ལོ་དང་བོ་གཉིས་ཀྱི་དྲི་བ་གཉིས་སོ་སོར་བཞག་ན་ཆོག་ཀྱང་དོན་གཅིག་ཡིན།

            འོན་ཀྱང་འདིར་བསྟན་འཁོར་ལོ་དང་བོ་ལ་དྲི་བ་དངོས་སུ་ཞུས་པར་མི་འགྱུར་ཏེ། འཁོར་ལོ་དང་བོ་དང་བར་བ་གཉིས་ཀྱི་དྲི་བ་དངོས་སུ་བྱུང་བ་གང་ཞིག་ལ་ འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་བོ་ལ་དྲི་བ་དོན་གྱིས་ཞུས་པ་ཡིན་པའི་ཕྱིར། དང་བོ་གྲུབ་སྟེ། ཕར་ཕྱིན་མཐའ་དཔྱོད་ལས། འཁོར་ལོ་དང་བོ་དང་བར་བ་གཉིས་ལ་དྲི་བ་དངོས་སུ་བསྟན་ཅེས་གསུངས་པ་ལྟར་འཁོར་ལོ་དང་བོ་དང་བར་བ་གཉིས་ཀྱི་དྲི་བ་དངོས་སུ་བྱུང་ན་ཡང་ འཁོར་ལོ་དང་བོ་ལ་དྲི་བ་དངོས་སུ་མ་ཞུས་ཞེས་ཞིབ་ཆ་བྱས་ན་བདེ་སྙམ། གཉིས་པ་གྲུབ་སྟེ། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ་ཞེས་རྩ་བ་ལྟར་རོ། ། སྤྱིར་དྲི་བ་ལ་དྲི་བྱ་འདྲི་བྱེད་གཉིས་ཀ་ལ་གོ་བ་ལེན་རྒྱུ་ཡོད་པ་དང་། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ག་ཡོད་ཅེ་ན་འགལ་བ་མེད་པར་སྙམ།

            དེ་ལྟ་ན་དྲི་བ་དེ་སྤྱི་ལྡོག་ནས་ལྡན་མིན་འདུ་བྱེད་ཡིན་པར་བྱས་ན་བདེ་སྟེ། དངོས་པོ་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་ཀྱང་དངོས་པོ་ལྡན་མིན་འདུ་བྱེད་ཡིན་ཟེར་དགོས་པ་བཞིན་འདི་ཡང་དེ་ལྟར་བྱས་ན་འགྲིག་པར་ སྣང་ཡང་དཔྱད་རྒྱུ་མེད་པ་མིན། དེ་བཞིན་དུ་སྐབས་འདིའི་དྲི་བ་ལ་ཡང་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ག་ཡོད་ཅེས་ན་ཆོག་སྟེ། གཟུགས་ནི་བཅོམ་ལྡན་འདས་བདག་ཡོངས་སུ་ཞུ་ལགས་སོ་ཞེས་པའི་མདོ་ཚིག་ལྟ་བུ་དང་། ཤེས་པ་ཡང་དོན་དམ་ཡང་དག་འཕགས་ཀྱིས་ཕྱིས་འབྱུང་གི་གདུལ་བྱ་ལ་དོགས་པ་འདི་ལྟར་སྐྱེ་སྙམ་པའི་བསམ་པ་ལྟ་བུ། ལྡན་མིན་འདུ་བྱེད་ཀྱང་འདྲི་བྱེད་ཚིག་གི་ནུས་པ་ལྟ་བུ་འཇོག་སྟེ། འཁོར་ལོ་དང་བོ་ལ་ཚིག་གི་ནུས་པས་དྲིས་པར་སོང་བ་ཡིན་ཏེ། དཀའ་འགྲེལ་ཡང་སྙིང་ལས། བར་བས་ཆ་མ་ཕྱེ་བར་དེ་ལྟར་གསུངས་པ་དེ་ཅི་ལ་དགོངས་ཞེས་དངོས་སུ་དྲིས་པ་ན། ཚིག་གི་ནུས་པས་ཆ་མ་ཕྱེ་བར་གསུངས་པ་དེ་དྲང་དོན་དུ་འགྲོ་བའི་རྒྱུ་མཚན་ལྟ་བུར་སོང་བས་ཆ་འབྱེད་རྒྱུ་ཞིག་ཡོད་པར་གོ་ཞིང་དེ་ལྟར་ན་དང་བོར་ཡང་ཆ་མ་ཕྱེ་བར་གསུངས་ཚུལ་བཀོད་མ་ཐག་པ་ལྟར་ཡིན་པས་དེའང་དྲིས་པར་འགྲོ་བ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར། མདོར་ན་དྲི་ཞུས་ཀྱི་ཚིག་གིས་ཞུས་ན་དྲི་བ་དེ་ཚིག་ཡིན་པ་དང་། ཚིག་གི་ནུས་པས་དྲི་བ་ཞུས་ན་དྲི་བ་དེ་ནུས་པ་ཡིན་པ་དང་། ཡིད་ཀྱིས་དྲི་བ་ཞུས་ན་དྲི་བ་དེ་ཡིད་ཡིན་པ་ལྟ་བུ་ཡིན་ཏེ། དཀའ་འགྲེལ་ཡང་སྙིང་ལས། གཞན་ཡང་དྲི་བ་ལ་ཚིག་གིས་མ་ཁྱབ་པར་ ཐལ། བརྒྱ་བྱིན་གྱིས་རབ་འབྱོར་ལ་ཡིད་ཀྱིས་དྲི་བ་བྱས་པར་ཤེར་མདོ་ལས་གསུངས་པའི་ཕྱིར། ཞེས་སྒྲུབ་ཚུལ་གྱིས་ཤེས་མོད། འོན་ཀྱང་རྩོད་པའམ་དཔྱད་རྒྱུ་མེད་པ་མ་ཡིན་ཏེ། དཔེར་ན་རྣ་ཤེས་ཀྱི་མཉན་བྱ་སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་པ་མཁས་དབང་རྣམས་མགྲིན་གཅིག་དབྱངས་གཅིག་ཡིན་མོད། འོན་ཏེ་ཁྱབ་མ་ཁྱབ་རྩོད་རྒྱུ་ཡོད་པ་བཞིན་ནོ། །
 

 

          ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

          གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།