མདོ་ལས། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་གྱི་དྲིས་ལན།7

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-29 00:27:30     རྩོམ་པ་པོ།   སྨད་སོག་བློ་བཟང་ཚེ་རིང་།    ཀློག་ཐེངས།  

76549972386228242.jpg
              

             དྲི་གཞི་གཉིས་པ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སོགས་ཀྱིས་རྟོན་བཞི་བསྟན་ཚུལ་དང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་མི་འགལ། དེ་བཞིན་དུ་ དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་སོགས་ལུང་རིགས་ཀྱིས་ཇི་ལྟར་དཔྱད།

              སྨད་སོག་བློ་བཟང་ཚེ་རིང་། འབྲས་སྤུངས་སྒོ་མང་།

           ༄༅། ། གང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་སྤྱི་དང་ཁྱད་ པར་དུ། །ལེགས་བཤད་ཟབ་དཀའི་གནད་རྣམས་ཉིད་ཀྱི་རང་དབང་མཁྱེན་རབ་སྟོབས་ཀྱིས་ནི། །ཇི་བཞིན་གཟིགས་ཏེ་བརྩེ་བས་འདོམས་མཛད་སཾ་གྷཱའི་མཚན་ཅན་བླ་མ་རྗེ། ། སྙིང་ནས་དྲན་ནོ་དག་པའི་ཞིང་ནས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། ། ཞེས་སྐུ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས། དྲི་གཞི་གཉིས་པ་ལ་རང་བློས་དཔོག་ཚོད་ཀྱིས་ལན་ཅུང་ཙམ་འབུལ་བའི་ དབང་དུ་བྱས་ན། དྲི་བའི་གཞི་འགོད་པ་དང། དྲི་བ་དངོས་ལ་འཇུག་པ་གཉིས། དང་བོ་ནི། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ལ་གུས་ཕྱིར་མིན། ། ཞེས་པའི་སྐབས་སུ་རྟོན་པ་བཞི་བསྟན་ཚུལ་དང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་མི་འགལ། དེ་བཞིན་དུ་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་། དེའི་ སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་སོགས་ལུང་རིགས་ཀྱིས་ཇི་ལྟར་ དཔྱད། ཅེས་པའོ། ། གཉིས་པ་ནི། དྲི་བ་དངོས་ལ་ཟུར་གཉིས་སུ་ཕྱེས་ ནས་ལན་འབུལ་བར་འདོད་དོ། །

           ཟུར་དང་བོའི་ལན་ནི། སྤྱིར་མདོའི་ཚིག་བཅད་འདིའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་དོན་དངོས་སུ་གསུངས་པར་མངོན་ཏེ། འདིའི་སྐབས་སུ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གམ་མཁས་པ་རྣམས་ཀྱིས་ང་ཡི་བཀའ་བླང་བར་བྱ་བ་ལ། དེའང་གསེར་ལ་བརྟག་པ་ན་བསྲེགས་པ་ དང་བཅད་པ་བརྡར་བ་བཞིན་དུ་ལེགས་པར་བརྟགས་ནས་ཁས་བླངས་ པའམ་ཉམས་སུ་ལེན་པ་ཞིག་དགོས་ཀྱི། བདག་བཟང་བའམ་བཙུན་པར་གྲགས་པ་རྒྱུ་མཚན་དུ་བྱས་ནས་ང་ཡི་བཀའ་རྣམས་སྒྲ་ཇི་བཞིན་དུ་ཁས་བླང་བར་མི་བྱའོ། ། ཞེས་པའི་དོན་དུ་འགྲེལ་དགོས་པའི་ཕྱིར་རོ། ། ཞིབ་པར་རྟོན་བཞི་སོ་སོ་ལ་སྦྱར་ན ། ང་ཡི་བཀའ་ཞེས་དང་། གུས་ཕྱིར་མིན་ཞེས་པ་བསྡོམས་པས་བཅོམ་ལྡན་འདས་ཀྱི་བཀའ་ཡིན་པ་རྒྱུ་མཚན་དུ་བྱས་ནས་ གསུངས་ཚད་སྒྲ་ཇི་བཞིན་དུ་ཡིད་རྟོན་མི་བྱེད་པ་དང་། བརྟགས་ལ་བླང་བར་བྱ། ཞེས་པས་བཀའི་དགོངས་དོན་རྣམས་ལེགས་པར་བརྟགས་ནས་འཛིན་དགོས་པར་གསུངས་པས་ཚིག་ལ་མི་རྟོན་དོན་ལ་རྟོན་དགོས་ཚུལ་ གསུངས་སོ། ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟགས་ལ། ཞེས་པའི་སྐབས་སུ་གསེར་གྱི་སྐྱོན་ཡོན་རགས་པ་ཙམ་རྟོགས་སླ་ལ། དེ་ཙམ་གྱི་མི་ངོམས་པར་བསྲེགས་བཅད་སོགས་ཀྱི་སྒོ་ནས་ནན་གྱིས་བརྟག་དགོས་པ་བཞིན་དུ་རྒྱལ་བའི་བཀའ་ལའང་དེའི་བསྟན་དོན་རགས་པ་ཙམ་རྟོགས་སླ་ཡང་། དེས་མི་ངོམས་པར་དགོངས་དོན་མཐར་ཐུག་གམ་ ཤིན་ཏུ་ཟབ་མོའི་གནས་ལུགས་ཀྱི་དོན་འཚོལ་དགོས་པར་བསྟན་པས་དྲང་ དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཚུལ་གསུངས་སོ། །

            ཡང་ཚིག་བཅད་འདིའི་སྐབས་སུ་གསེར་ལ་ལེགས་པར་བརྟགས་པ་ན་བསྲེགས་པ་དང་བསྲེགས་པ་ དེས་ཐག་མ་ཆོད་པར་བཅད་པ་དང་། ཡང་དེས་ཐག་མ་ཆོད་ཚེ་བརྡར་བ་སོགས་ཀྱི་སྒོ་ནས་སྔ་མ་སྔ་མས་མི་ཚིམས་པར་ཕྱི་མ་ཕྱི་མའི་སྒོ་ནས་བརྟགས་ དགོས་པ་བཞིན་དུ་རྒྱལ་བའི་དམ་ཆོས་རིན་པོ་ཆེ་དེ་ཉིད་ཉམས་སུ་ལེན་པ་ན་ཉམས་སུ་ལེན་བྱེད་ལ་ཐོས་བསམ་སྒོམ་གསུམ་དང་། དེའི་ཕྱི་མ་ལ་འཇིག་རྟེན་ལས་འདས་མ་འདས་གཉིས་ཡོད་པས་སྔ་མ་སྔ་མས་མི་ཚིམས་པར་ཕྱི་མ་ཕྱི་མ་ལ་ཡིད་རྟོན་དགོས་པར་བསྟན་པས་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའང་གསུངས་སོ། ། དེ་ལྟར་ཡང་ཡིན་ཏེ། དྲང་ངེས་དཀའ་འགྲེལ་ལས། འདིར་རྟོན་བཞི་འཆད་ཚུལ་ཡོད་དེ། ཞེས་པ་ནས། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་བཤད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། ། ད་ནི་དྲི་ བའི་ཟུར་གཉིས་པ་ལ་འཇུག་པར་བྱ་སྟེ། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་ འགལ་མི་འགལ་ཞེ་ན། མི་འགལ་བར་ཤེས་པར་བྱ་སྟེ། ཕྱི་རོལ་སྣང་བ་ཡོད་མིན་ཏེ། ། སེམས་ནི་སྣ་ཚོགས་རྣམས་སུ་སྣང་། ། ལུས་དང་ལོངས་སྤྱོད་ གནས་འདྲ་བ། ། སེམས་ཙམ་དུ་ནི་ངས་བཤད་དོ། ། ཞེས་པའི་མདོ་འདི་ལྟ་བུ་དེ་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྐབས་འདིའི་ཚིག་དང་ཆོས་གཉིས་ཀ་ཡིན་ཏེ། དེའི་ཚིག་ཡིན་པ་གང་ཞིག དེའི་ཆོས་ ཀྱང་ཡིན་པའི་ཕྱིར། དང་བོ་གྲུབ་སྟེ། རྒྱལ་བའི་གསུང་རབ་ཡིན་པའི་ཕྱིར། ཁྱབ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་དོན་ནི་གང་། ཡི་གེ་གང་ཞེ་ན། མདོར་ན་ཆོས་ཀྱི་ཕུང་བོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བསྟན་པ་འདི་ནི་ཡི་གེ་ཞེས་བྱའོ། །ཞེས་གསུངས་པ་གང་ཞིག མདོ་ལུང་འདིས་ཚིག་ལ་མི་རྟོན་ཞེས་པའི་ཚིག་གི་མཚན་གཞི་ངོས་བཟུང་བ་ཡིན་པའི་ཕྱིར། རྟགས་སླའོ། །

            དྲང་ངེས་དཀའ་འགྲེལ་ལས་ཀྱང་། དགོངས་པ་ཅན་གྱི་ཚིག་ཡིན་ན་དེའི་ སྐབས་ཀྱི་ཚིག་ཡིན་པས་ཁྱབ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ཚིག་ལ་མི་རྟོན་ ཞེས་པའི་ཚིག་དང་། ཞེས་གསུངས་པས་སོ། ། རྩ་རྟགས་གཉིས་པ་གྲུབ་སྟེ། དེའི་ཆོས་ལ་ཚིག་དང་དོན་གཉིས་ཡོད་པ་གང་ཞིག དེ་ལྟར་ན་མདོ་ཚིག་ འདི་ལྟ་བུ་ཡང་གང་ཟག་ལ་མི་རྟོན་ཞེས་པའི་གང་ཟག་ལ་མཆོག་སངས་ འཕགས་ཀྱང་ཡོད་པས་སངས་འཕགས་དེ་ལ་ལྟོས་ཏེ་རྟོན་རུང་བའི་ཆོས་ དེར་གྱུར་བའི་ཚིག་གི་མཚན་གཞིར་འགྲུབ་པའི་ཕྱིར། དང་བོ་གྲུབ་སྟེ། དྲང་ངེས་ཆེན་མོར། ཆོས་ལ་ཚིག་དང་དོན་གཉིས་ཡོད་པ་ལས། ཞེས་གསུངས་པའི་ཕྱིར། གཞན་ཡང་། ཕྱི་རོལ་སྣང་བ་ཡོད་མིན་ཏེ། ། སེམས་ནི་སྣ་ ཚོགས་རྣམས་སུ་སྣང་། ། ལུས་དང་ལོངས་སྤྱོད་གནས་འདྲ་བ། ། སེམས་ ཙམ་དུ་ནི་ངས་བཤད་དོ། །ཞེས་པའི་མདོ་འདི་ཆོས་ཅན། ཆོས་ལ་རྟོན་ཞེས་པའི་ཆོས་ཡིན་ཏེ། གནས་སྐབས་ཕྱི་དོན་མེད་པར་བསྟན་ཀྱང་མཐར་གདུལ་བྱ་རྣམས་ངེས་ལེགས་ལ་འགོད་པའི་ཐབས་སྟོན་པའི་དགོངས་གཞི་ཅན་གྱི་ མདོ་ཡིན་པའི་ཕྱིར། ཁྱབ་སྟེ། གང་ཟག་ཕལ་བ་ལ་ལྟོས་པའི་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་དོན་ཡོད་པའི་ཕྱིར་དང་། ཡིག་ཆར་ཡང་། དེས་ན་སྟོན་པའི་ལུང་གི་དམ་ཆོས་ལ་ཡིད་རྟོན་པ་སྟེ་འདི་ཐར་བ་ཐོབ་པའི་ཐབས་སུ་ཡིད་བརྟན་དུ་རུང་བའི་ཕྱིར། ཞེས་གསུངས་པའི་ཕྱིར། དེར་མ་ཟད་དེའི་ཆོས་ལ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཡོད་པར་སྟོན་པའི་མདོ་ཡང་ ཡོད་པའི་ཕྱིར་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། གང་གང་ཟག་ཏུ་ལྟ་བ་ལ་གནས་ཏེ་གང་ཆོས་གཅིག་ལ་རྩོལ་བ་འདི་ནི་གང་ཟག་ཞེས་བྱའོ། ། གང་ཟག་ཏུ་ལྟ་བ་དེའི་རྩོལ་བ་ཡོངས་སུ་ཤེས་པ་འདི་ནི་ཆོས་ཉིད་ཅེས་བྱའོ། ། ཞེས་གསུངས་ཞིང་། མདོ་འདིའི་དོན་ནི་ཡིག་ཆར་གསལ་ལོ། །

                དེ་ཉིད་ ཆོས་ཅན། ཚིག་ལ་མི་རྟོན་ཞེས་པའི་ཚིག་ཀྱང་ཡིན་ཏེ། སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་འདི་ལྟ་བུ་ཞིག་དེའི་ཚིག་ལ་མི་འཇོག་ན་དེའི་ཚིག་ལ་སྒྲ་ཇི་བཞིན་པ་མ་ཡིན་པ་ཞིག་མེད་དགོས་ལ། དེའི་ཚིག་ལ་ནི་སྒྲ་ཇི་བཞིན་པ་ཡིན་མིན་གཉིས་ཡོད་པར་ཡིག་ཆ་ལས་གསུངས་ པའི་ཕྱིར་ཏེ། ཡིག་ཆ་ལས། འདིའི་ཚིག་ལ་བསྟན་བཅོས་དང་བཀའ་གཉིས་དང་སྒྲ་ཇི་བཞིན་པ་ཡིན་མིན་གཉིས་ཡོད་དེ། ཞེས་གསུངས་པའི་ཕྱིར་རོ། ། དེའི་ཚིག་ལ་སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་ཡོད་ཀྱང་དགོས་ཏེ། མདོ་ཡི་གདུལ་བྱ་རྣམས་ཀྱིས་ཚིག་ལ་མི་རྟོན་དོན་ལ་རྟོན་པའི་ཚུལ་ཉམས་སུ་བཞེས་ན་སྒྲས་ཟིན་སྒྲ་ཇི་བཞིན་མ་ཡིན་པའི་མདོ་རྣམས་ཀྱི་སྒྲས་ཟིན་ལ་ཚད་མས་ གནོད་བྱེད་བསྟན་པ་བསམ་དོན་གྱི་བརྗོད་བྱ་ལ་ཞུགས་དགོས་པ་སོགས་ཀྱི་དགོས་པ་ཁྱད་པར་བ་ཡོད་པའི་ཕྱིར་ཏེ། མདོ་ལས། དོན་གྱི་རྗེས་སུ་འབྲང་བར་བྱ་ཡི་བརྗོད་པ་ལ་ཆགས་པར་མི་བྱའོ། ། ཞེས་གསུངས་པའི་ཕྱིར་རོ། ། དེ་ལ་ཚིག་ལ་ཞེན་ཆེ་བ་ཁ་ཅིག ཕྱི་རོལ་སྣང་བ་ཡོད་མིན་ཏེ། ། ཞེས་སོགས་ཀྱི་མདོ་ཆོས་ཅན། གདུལ་བྱས་ཡིད་རྟོན་པ་དང་ཡིད་མི་རྟོན་པ་གཉིས་ཀ་ཡིན་པར་ཐལ། ཆོས་ལ་རྟོན་ཞེས་པའི་སྐབས་སུ་ཁྱོད་ལ་ཡིད་རྟོན་པར་ བཤད་པ་གང་ཞིག ཚིག་ལ་མི་རྟོན་ཞེས་པའི་སྐབས་སུ་ཁྱོད་ལ་ཡིད་རྟོན་མི་རུང་བར་བཤད་པའི་ཕྱིར་ན་འགལ་ཁྱབ་ཡིན་ཏེ། གདུལ་བྱ་གཅིག་ཉིད་དུས་གཅིག་ལ་མདོ་དེ་ལྟ་བུ་ལ་རྟོན་པ་དང་བོ་གཉིས་ཀྱི་སྒོ་ནས་ཉམས་སུ་ བཞེས་པ་མེད་ཀྱང་རིམ་ཅན་དང་གང་ཟག་དུ་མ་ལ་ལྟོས་ཏེ་མདོ་དེ་ལྟ་བུ་ནི་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་ཞེས་པའི་ཚིག་གཉིས་ཀ་ཡིན་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་ ཀྱང་མི་འགལ་ཏེ། ཐེག་ཆེན་སེམས་བསྐྱེད་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། འདིའི་དྲང་དོན་ཡིན་ཏེ། སྟོང་ཉིད་ལས་གཞན་པའི་ཆོས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ལམ་གྱི་བསྒོམ་བྱའི་རྣམ་པ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་སླ། ཁྱབ་པ་ཡིག་ཆས་འགྲུབ་བོ། ། ཞེས་སོགས་དམ་པ་གོང་མ་རྣམས་ཀྱི་གསུང་རབ་ཀྱི་ཚིག་ཙམ་ཞིག་རང་གི་ནུས་ ཚོད་ཀྱིས་ཡི་གེར་བཀོད་པ་ནི་འབྲས་སྤུངས་སྒོ་མང་གྲྭ་ཚང་འགྱུར་ཕྱེད་མི་ ཚན་པ་སྨད་སོག་བློ་བཟང་ཚེ་རིང་གིས་བདག་ཅག་གི་དགེ་བའི་བཤེས་ གཉེན་བཀའ་དྲིན་བླ་ན་མེད་པ་ཆེན་པོའི་དྲིན་གཟོ་བའི་ཚུལ་དུ་བྲིས་པའོ། །

དགེ་བ་འདི་ཡིས་ཡང་དག་བླ་མ་དང་། །
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
 

ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
 

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།