མདོ་ལས། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་གྱི་དྲིས་ལན།5

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-29 00:14:04     རྩོམ་པ་པོ།   གུང་བྱམས་པ་ཆོས་ལྡན། འབྲས་སྤུངས    ཀློག་ཐེངས།  

76549972386228242.jpg

           དྲི་གཞི་གཉིས་པ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སོགས་ཀྱིས་རྟོན་བཞི་བསྟན་ཚུལ་དང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་མི་འགལ། དེ་བཞིན་དུ་ དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་སོགས་ལུང་རིགས་ཀྱིས་ཇི་ལྟར་དཔྱད།
 

         གུང་བྱམས་པ་ཆོས་ལྡན། འབྲས་སྤུངས་སྒོ་མང་།

          ༄༅། ། མདོ་ལས་དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེགས་ བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སོགས་ཀྱི་སྐབས་སུ་རྟོན་བཞི་བསྟན་ ཚུལ་ནི། ང་ཞེས་པ་དང་གུས་ཕྱིར་མིན་ཞེས་པ་བསྡོམས་པས་བཅོམ་ལྡན་ འདས་ལ་གུས་པ་ཙམ་རྒྱུ་མཚན་དུ་མི་བྱེད་པར་གསུངས་པས་གང་ཟག་ལ་མི་རྟོན་པ་དང་ང་ཡི་བཀའ་བླང་བར་བྱ་ཞེས་བཀའ་ཚད་མར་བྱས་ཏེ་ཉམས་སུ་བླང་བར་གསུངས་པས་ཆོས་ལ་རྟོན་པ་དང་ང་ཡི་བཀའ། ཞེས་དང་གུས་ ཕྱིར་མིན། ཞེས་པ་བསྡོམས་པས་བཀའ་ལས་གསུངས་པ་རྒྱུ་མཚན་དུ་བྱས་ཏེ་དེ་ལས་བཤད་ཚད་སྒྲས་ཟིན་ལྟར་མི་བཟུང་བར་གསུངས་པས་ཚིག་ལ་མི་རྟོན་པ་དང་། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་ བརྟགས་ཞེས་གསེར་ལ་བརྟགས་པ་བཞིན་གསུང་རབ་ཀྱི་དགོངས་དོན་ལ་ ལེགས་པར་བརྟགས་གསུངས་པས་དོན་ལ་རྟོན་པ་དང་

           ། དེ་དག་གི་ཤུགས་ལ་དྲང་དོན་ལ་མི་རྟོན་པ་དང་ངེས་དོན་ལ་རྟོན་པ་དང་རྣམ་ཤེས་ལ་མི་རྟོན་པ་དང་ཡེ་ཤེས་ལ་རྟོན་པ་བཞི་བསྟན་པས་རྟོན་པ་བཞི་དང་མི་རྟོན་པ་བཞི་ བསྟན་ཏོ། ། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་བར་མི་སྣང་སྟེ། སྟོན་པས་ གསུངས་པའི་ཆོས་ལ་ཡང་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་གཉིས་ དང་ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་ལ་བསྟན་བཅོས་དང་བཀའ་གཉིས་སྒྲ་ཇི་བཞིན་པ་ཡིན་མིན་གཉིས་སོགས་ཡོད་པ་དྲང་ངེས་ཆེན་མོ་ལས་གསུངས་པའི་ཕྱིར། དེ་བཞིན་དུ་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་བར་མི་སྣང་སྟེ། ལེགས་བཤད་སྙིང་བོ་ལས། འདིའི་དོན་གཞན་དུ་དྲང་དགོས་མི་དགོས་ཀྱི་དབང་དུ་བྱས་ནས་དྲང་ངེས་འཇོག་པ་ན་གསུང་རབ་ཉིད་དྲང་ངེས་ཀྱི་ མཚན་གཞིར་བཟུང་ལ་གཞན་དུ་དྲང་དགོས་མི་དགོས་ཀྱི་དོན་ལ་དྲང་ངེས་སུ་འཇོག་པ་ན་ཀུན་རྫོབ་དང་དོན་དམ་ལ་དྲང་ངེས་སུ་བྱ་སྟེ་ཞེས་གསུངས་ པའི་ཕྱིར།
 

ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།