མདོ་ལས། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་གྱི་དྲིས་ལན།4

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-20 21:45:04     རྩོམ་པ་པོ།   ཀླུ་བློ་བཟང་མཁས་གྲུབ།     ཀློག་ཐེངས།  

76549972386228242.jpg
 

          དྲི་གཞི་གཉིས་པ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སོགས་ཀྱིས་རྟོན་བཞི་བསྟན་ཚུལ་དང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་མི་འགལ། དེ་བཞིན་དུ་ དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་སོགས་ལུང་རིགས་ཀྱིས་ཇི་ལྟར་དཔྱད།

༄༅། །ཐབས་ཤེས་ཟུང་འཇུག་ནོར་བུའི་མཛོད་འཛིན་པའི། །
འཇམ་དབྱངས་བླ་མའི་ཞབས་ལ་གུས་བྱས་ཏེ། །
རང་བློ་ཁབ་ཀྱི་བུ་ག་ལས་འོངས་པའི། །
དཔྱད་གླེང་ཉུང་ངུའི་སྐྱེས་ཤིག་འགོད་པར་རངས། །
            ཞེས་བསྟོད་ཕྱག་སྔོན་དུ་བཏང་སྟེ་གང་གླེང་བར་བྱ་བ་ལ་གཉིས། དྲི་གཞི་དངོས་འགོད་པ་དང་། དེའི་ལན་ལ་འཇུག་པའོ། ། དང་བོ་ནི། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུར་ཕྱིར་མིན། །ཞེས་པས་རྟོན་བཞི་བསྟན་ཚུལ་དང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་མིན། དེ་བཞིན་དུ་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་སོགས་ ལུང་རིགས་ཀྱིས་ཇི་ལྟར་དཔྱད། ཅེས་བྱུང་། གཉིས་པ་དེའི་ལན་ལ་འཇུག་པ་ལ། མདོ་ལས་ང་ཞེས་པ་དང་གུས་ཕྱིར་མིན་ཞེས་པས། བཅོམ་ལྡན་ འདས་གང་ཟག་ཁྱད་པར་ཅན་དུ་བསམ་སྟེ་གུས་པ་ཙམ་རྒྱུ་མཚན་དུ་མི་བྱེད་པར་གསུངས་པས་གང་ཟག་ལ་མི་རྟོན་པ་དང་། ང་ཡི་བཀའ། བླང་བར་བྱ་ཞེས་སྟོན་པའི་བཀའ་ཚད་མར་བྱས་ཏེ་ཆོས་ལ་རྟོན་པ་དང་། ང་ཡི་བཀའ་གུས་ཕྱིར་མིན་ཞེས་པས་བཀའ་ལས་གསུངས་པ་རྒྱུ་མཚན་དུ་བྱས་ཏེ་བཤད་ཚད་སྒྲས་ཟིན་ལྟར་མི་བཟུང་བར་གསུངས་པས་ཚིག་ལ་མི་རྟོན་པ་དང་། བརྟགས་ལ་བླང་བར་བྱ་ཞེས་པས་དགོངས་དོན་ཡང་དག་པར་བརྟགས་ཏེ་ འཛིན་པས་དོན་ལ་རྟོན་པ་དང་། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟགས་ཞེས་པའི་གསེར་གྱི་སྐྱོན་ཡོན་རགས་པ་ཙམ་ཤེས་པས་མི་ཆོག་པར་ཕྲ་མོ་རྣམས་ཞིབ་པར་འཚོལ་དགོས་པ་བཞིན། མདོ་ཡི་ བསྟན་དོན་རགས་པ་ཀུན་རྫོབ་ཀྱི་ངོ་བོ་ཙམ་ཤེས་སླའང་། དེ་ཡིས་ཡིད་མི་ངོམས་པས་དྲང་དོན་ལ་མི་རྟོན་པ་དང་། དགོངས་དོན་ཟབ་ཅིང་བརླིངས་པའི་གནས་ལུགས་ཀྱི་དོན་འཚོལ་དགོས་པས་ངེས་དོན་ལ་རྟོན་པ་དང་། གསེར་གྱི་སྐྱོན་ཡོན་རྣམས་བསྲེགས་བཅད་བརྡར་གསུམ་གྱི་སྒོས་ཇི་ལྟར་ བརྟགས་པའི་ཐབས་ཚུལ་རིམ་པར་ཡོད་པ་བཞིན། གནས་ལུགས་ཟབ་མོ་འཇལ་བྱེད་ཐོས་བསམ་སྒོམ་གསུམ་དང་། ཕྱི་མ་ལ་འཇིག་རྟེན་ལས་འདས་མ་འདས་གཉིས་ལས་སྔ་མ་སྔ་མས་མི་ཆོག་པར་མཐར་ཐུག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བར་སློབ་དགོས་ཞེས་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་ བསྟན་པ་ཡིན་པས་རྟོན་བཞི་བསྟན་པའི་ཚུལ་དེ་ལྟར་རོ། །

            དེའི་སྐབས་ཀྱི་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་ལམ་ཞེ་ན་མི་འགལ་བར་མངོན་ཏེ། ཤེར་ཕྱིན་གྱི་མདོ་ལྟ་བུ་ དགོས་པ་ཅན་གྱི་ཚིག་གམ་ཡི་གེ་ཡིན་པས་དེའི་སྐབས་ཀྱི་ཆོས་དང་། རྗོད་བྱེད་རྣམ་དག་ཡིན་པས་ཚིག་ལ་མི་རྟོན་ཞེས་པའི་ཚིག་ཏུ་འཇོག་རིགས་པའི་ཕྱིར་ཏེ། འཕགས་པ་ཐོགས་མེད་ཀྱིས་ཆོས་དེ་ཡང་རྣམ་པ་གཉིས་ཏེ། ཚིག་འབྲུ་དང་དོན་ཏེ། ཞེས་དང་། དཀའ་འགྲེལ་ལས། དགོས་པ་ཅན་གྱི་ཚིག་ཡིན་ན་དེའི་སྐབས་ཀྱི་ཆོས་ཡིན་པས་ཁྱབ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ཚིག་ལ་མི་རྟོན་ཞེས་པའི་ཚིག་དང་། གཏན་ལ་དབབ་བྱའི་ཆོས་ཐམས་ཅད་དེའི་སྐབས་ཀྱི་དོན་ཡིན། ཞེས་དང་། ཡང་དེ་ཉིད་ལས། ཁ་ཅིག་ན་རེ། ཤེར་མདོ་ཆོས་ཅན། ཞེས་པ་ནས། མ་ཁྱབ་སྟེ། དཔེར་ན་སྐས་ཀྱི་ཐེམ་པ་བར་མ་དེ་འོག་མ་ནས་ཡར་བགྲོད་སའི་ཐེམ་པ་གོང་མ་དང་། དེའི་སྟེང་མར་བགྲོད་ཚེ་འདོར་རྒྱུའི་ཐེམ་པ་འོག་མར་འཇོག་པ་མི་འགལ་བ་བཞིན་ཡིན་པའི་ཕྱིར། ཞེས་པས་ཀྱང་མི་འགལ་བར་ཤེས་སླའང་། གཞན་དུ། འབུ་སྲིན་ལྟ་བུའི་ཚིག་དང་དམྱལ་བའི་ཨ་ཆུ་ཞེས་པའི་ཚིག་རྣམས་དེའི་སྐབས་ཀྱི་ཚིག་ཏུ་མི་ རུང་སྟེ། དོན་ལ་རྟོན་གྱི་ཚིག་ལ་མི་རྟོན་ཞེས་གསུངས་པས། དོན་ལ་རྟོན་པ་བསྒྲུབས་པ་དང་། ཚིག་ལ་ཡིད་རྟོན་པ་དགག་པ་ཡིན་ལ། འབུ་སྲིན་ལྟ་བུའི་ཚིག་ལ་ཡིད་རྟོན་ནམ་སྙམ་པ་སུ་ལ་ཡང་མེད་པའི་ཕྱིར་ཟེར། ཁོ་བོའི་འཆར་ཚུལ་ལ། དེའི་སྐབས་ཀྱི་ཚིག་ལ་ཡིད་རྟོན་བྱེད་པ་ཡོད་མེད་ཀྱི་དབང་གིས་མི་བཞག་གི་ཚིག་ལ་མི་རྟོན་ཞེས་པས་རྗོད་བྱེད་ཀྱི་སྒྲ་གང་ཡིན་མཐའ་དག་ལ་ ཡིན་རྟོན་བྱར་མེད་པར་བསྟན་དོན་བཙལ་དགོས་པར་བསྟན་པ་དང་།

            ཡང་སྐབས་དེའི་ཚིག་ལ་སྐྱེ་བོ་གཞན་གྱི་ཚིག་དང་། དོན་མེད་པའི་ཚིག་དང་། དོན་ཟབ་མོའི་ཚིག་སྒྲ་ཇི་བཞིན་པ་ཡིན་ཡང་དགོངས་པ་ཞིབ་པར་བཙལ་ ནས་ཁས་ལེན་དགོས་པའི་ཚིག་སོགས་ཡོད་པ་ལུང་རིགས་ཀྱི་སྒྲུབ་བྱེད་མང་དུ་བཀོད་ཡོད་པས། དཀའ་འགྲེལ་ཚིག་ཟིན་ལྟར་ཁས་བླངས་ན་གནོད་མེད་དུ་མཐོང་ངོ་། ། འདིར་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་ལམ་ཞེ་ན། དཀའ་འགྲེལ་རྩོམ་འཕྲོ་ལས། སྟོང་ཉིད་ལས་གཞན་པའི་ཆོས་ཐམས་ཅད་དེའི་སྐབས་ཀྱི་དྲང་དོན་དང་། ལམ་གྱི་བསྒོམ་བྱའི་རྣམ་པ་ཐམས་ཅད་དེའི་སྐབས་ཀྱི་ངེས་དོན་ཡིན། ཞེས་གསུངས་པས། ཐེག་དམན་ལམ་གྱི་བསྒོམ་བྱའི་གཙོ་བོ་བདེན་རྣམ་བཅུ་དྲུག་དེ་སྟོང་ཉིད་ལས་གཞན་པའི་ཆོས་ཡིན་པས་དེའི་སྐབས་ཀྱི་དྲང་དོན་དང་། ལམ་གྱི་བསྒོམ་བྱའི་རྣམ་པ་ཡིན་པས་སྐབས་དེའི་ངེས་ དོན་དུ་མཛད་པ་དང་། ཡང་དེ་ཉིད་ལས། དེ་བཞིན་དུ་དེའི་སྐབས་ཀྱི་ངེས་དོན་ལའང་བཞག་ཆོག་སྟེ། ཞེས་སྲོག་གཅོད་ཀྱི་ལས་དང་དམྱལ་བའི་སྡུག་བསྔལ་སོགས་དེའི་སྐབས་ཀྱི་ངེས་དོན་ཡིན་པར་རིགས་པས་རྐང་བཙུགས་ ནས་བསྒྲུབས་ཡོད་ཀྱང་།

           གྲུབ་མཐའ་ཆེན་མོར། འཁོར་བས་བསྡུས་པའི་སྒོམ་བྱུང་ཡང་རྣམ་ཤེས་དང་། བདེན་བཞི་ཤེས་པ་ཡེ་ཤེས་སུ་སའི་དངོས་ གཞི་ལས་དེ་ལ་བཅོམ་ལྡན་འདས་ཀྱི་བསོད་ནམས་དང་མི་གཡོ་བར་འགྲོ་ བའི་རྣམ་པར་ཤེས་པ་ཡང་བདེ་འགྲོར་འགྲོ་བའི་ཕྱིར། ཞེས་པའི་ལུང་གིས་བསྒྲུབས་པ་དང་། དྲང་ངེས་མཆན་ལས། འདིས་མཚོན་ཏེ་མདོ་དང་བརྗོད་བྱ་སོ་སོ་ལ་ལྟོས་པའི་རྟོན་བཞིའི་རྣམ་བཞག་བྱ་དགོས་པས། མི་རྟག་པ་གཙོ་བོར་སྟོན་པའི་མདོ་ལ་དྲང་ངེས་ཕྱེ་ནས་འཇུག་པའི་ཚེ་མི་རྟག་པ་ངེས་དོན་ དང་། དེ་རྟོགས་ཀྱི་མངོན་སུམ་ཡེ་ཤེས་ཡིན་པ་སོགས་ཤེས་དགོས་ཏེ། ཞེས་གཞུང་ལུགས་དེ་དག་གི་གསུངས་ཉམས་ལ་དཔག་ན། དཀའ་འགྲེལ་གྱི་དགོངས་པ་མདོ་དང་བརྗོད་བྱ་སོ་སོའི་དབང་དུ་བྱས་འདུག་པར་སྣང་བས། དེས་ ན་དེའི་དབང་དུ་བྱས་ན་མི་འགལ་ལམ་སྙམ། སྤྱིར་དབུ་མ་བའི་ལུགས་ལ། སྐབས་དེའི་དྲང་དོན་དང་ངེས་དོན་ནི། དྲང་ངེས་ཆེན་མོ་ལས། འདིའི་ དྲང་དོན་ངེས་དོན་ལ་རྗོད་བྱེད་ཀྱི་དབང་དུ་བྱས་པའི་དྲང་ངེས་གཉིས་དང་བརྗོད་བྱའི་དབང་དུ་བྱས་པའི་དྲང་ངེས་གཉིས་ཡོད་པ་ལས་དྲང་དོན་ཀུན་རྫོབ་སྟོན་པའི། ཞེས་པ་ནས། སྣང་བ་དེ་ལྟར་དུ་བདེན་པའི་སྟོང་བ་དེ་ གནས་ལུགས་སུ་ཁས་ལེན་པ་ནི་བརྗོད་བྱའི་དབང་དུ་བྱས་པའི་དེའི་དོན་ ཡིན་པའི་ཕྱིར་ཏེ། ཞེས་བརྗོད་བྱའི་དབང་དུ་བྱས་ན་དྲང་དོན་ལ་ཀུན་རྫོབ་དང་། ངེས་དོན་ལ་སྟོང་ཉིད་ངེས་པར་དགོས་པ་ཡིན་པས་འགལ་བ་ཡིན་ལ། རྗོད་བྱེད་ཀྱི་དབང་དུ་བྱས་ན་འདིའི་ངེས་དོན་ལ་ངེས་དོན་གྱི་མདོ་འཇོག་པ་དབུ་སེམས་ཀུན་མཐུན་པ་དྲང་ངེས་ཆེན་མོར་བློ་གྲོས་རྒྱ་མཚོའི་མདོ་དང་ བྱང་ས་དྲངས་ནས་བསྒྲུབས་ཡོད་པས་ཚུལ་འདི་ལ་མཁས་པ་རྣམས་ཀྱིས་དཔྱད་པར་བྱའོ། ། སྨྲས་པ། རྒྱ་བོད་གཞུང་ཆེན་ཆུ་ཀླུང་བརྒལ་བ་ཡི། ། རྣམ་དཔྱོད་གསེར་གྱི་གྲུ་གཟིངས་མ་མཆིས་ཀྱང་། ། དད་པའི་གཤོག་ཟུང་འཕྲུལ་འཁོར་ཅུང་མངའ་བས། ། མེ་ཏོག་ཆུང་ཡང་ལྷ་མཆོག་མཉེས་པའི་རྟེན། །
 

         ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།     

 གསལ་འདེབས། 
        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།