མདོ་ལས། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་གྱི་དྲིས་ལན།3

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-20 21:43:10     རྩོམ་པ་པོ།   ཀོའུ་བ་བརྩོན་འགྲུས། བླ་བྲང་།    ཀློག་ཐེངས།  

76549972386228242.jpg

            དྲི་གཞི་གཉིས་པ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སོགས་ཀྱིས་རྟོན་བཞི་བསྟན་ཚུལ་དང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་མི་འགལ། དེ་བཞིན་དུ་ དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་སོགས་ལུང་རིགས་ཀྱིས་ཇི་ལྟར་དཔྱད།

         ༄༅། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །ཞེས་སོགས་ཀྱི་གཞུང་གིས་རྟོན་བཞི་བསྟན་ཚུལ་ནི་དཀའ་འགྲེལ་ཡང་སྙིང་ལས་ཤེས་པར་བྱ་ཞིང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་ལ་བདེན་པའི་དོན་ཅན་གྱི་ ཚིག་ཐམས་ཅད་དང་དེའི་དོན་ཡང་བཞག་ཆོག་ལ། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་ལ་བདེན་ཚིག་ཏུ་མ་ཟད་བརྫུན་ཚིག་ཀྱང་འཇོག་པས་སྔ་ཕྱིའི་ཆོས་དང་ཚིག་གཉིས་ལ་མུ་བཞི་བཞག་ཆོག་གོ ། དྲང་དོན་ལ་མི་རྟོན་ ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་ངེས་དོན་གཉིས་ལ་བརྗོད་བྱ་དང་རྗོད་བྱེད་ཀྱི་དབང་དུ་བྱས་པ་གཉིས་ཡོད་པས་སྟོང་ཉིད་གཙོ་བོར་དངོས་སུ་སྟོན་པའི་མདོ་ནི་རྗོད་བྱེད་ཀྱི་དབང་དུ་བྱས་ན་ངེས་དོན་དང་། བརྗོད་བྱའི་དབང་དུ་བྱས་ན་དྲང་དོན་དུ་བཞག་ན་འགལ་བ་མེད་པར་སེམས་ཤིང་། དེ་ལྟར་ན་འདི་གཉིས་ལ་ཡང་མུ་བཞི་བཞག་ཆོག་གོ །
 

ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།