མདོ་ལས། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་གྱི་དྲིས་ལན།2

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-20 21:34:37     རྩོམ་པ་པོ།   སྒོ་མང་སྤྲུལ་སྐུ་ལ་མོ་འོད་ཟེར།    ཀློག་ཐེངས།  

76549972386228242.jpg
           

             དྲི་གཞི་གཉིས་པ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སོགས་ཀྱིས་རྟོན་བཞི་བསྟན་ཚུལ་དང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་མི་འགལ། དེ་བཞིན་དུ་ དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་སོགས་ལུང་རིགས་ཀྱིས་ཇི་ལྟར་དཔྱད།

            ༄༅། ། ལུང་ཙམ་གྱིས་དྲང་ངེས་འབྱེད་མི་ནུས་ཤིང་དྲི་མ་མེད་པའི་ རིགས་པས་འབྱེད་དགོས་པའི་དོན་གྱི་དབང་འདི་གཟིགས་ནས། མདོ་ལས། དགེ་སློང་དག་གམ་ནས། ཞེས་གསུངས་སོ། ། ཞེས་པའི་བར་བྱུང་ལ། མདོ་འདིས་རྟོན་བཞི་བསྟན་ཚུལ་ནི། ལེགས་བཤད་སྙིང་བོའི་ཡང་སྙིང་ལས་ གསུངས་ཚུལ་བསྡུས་ཏེ་བཀོད་ན། ང་ཞེས་དང་། གུས་ཕྱིར་མིན་ཞེས་པ་བསྡོམས་པས་གང་ཟག་ལ་མི་རྟོན་པ་དང་། ང་ཡི་བཀའ་བླང་བར་བྱ་ཞེས་བས་ཆོས་ལ་རྟོན་པ་བཤད། ཡང་ང་ཡི་བཀའ་ཞེས་དང་། གུས་ཕྱིར་མིན་ཞེས་པ་བསྡོམས་པས་ཚིག་ལ་མི་རྟོན་པ་དང་། བརྟགས་ལ་བླང་བར་བྱ་ཞེས་པས་དོན་ལ་རྟོན་པ་བཤད། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟགས་ཞེས་པས་གསེར་ལ་རྟོག་པ་བཞིན་བསྟན་དོན་རགས་ ཙམ་མམ་ཀུན་རྫོབ་ཀྱི་ངོ་བོ་ཤེས་སླའང་དེས་མི་ངོམས་པས་དྲང་དོན་ལ་མི་ རྟོན་པ་དང་། དགོངས་པའི་གཏིང་གནས་ལུགས་ཀྱི་དོན་འཚོལ་དགོས་པས་ངེས་དོན་ལ་རྟོན་པ་བཤད། གསེར་ལ་བརྟག་ཐབས་བསྲེགས་བཅད་བརྡར་གསུམ་རིམ་པར་ཡོད་པ་བཞིན། གནས་ལུགས་ཟབ་མོ་འབྱེད་བྱེད་ཐོས་ བསམ་སྒོམ་གསུམ་དང་། ཕྱི་མ་སྒོམ་བྱུང་ལ་འཇིག་རྟེན་ལས་འདས་མ་ འདས་གཉིས་ཡོད་པས་སྔ་མ་སྔ་མས་མི་ཆོག་པར་མཐར་རྣམ་པར་མི་རྟོག་ པའི་ཡེ་ཤེས་ཀྱི་བར་ལ་སློབ་དགོས་པས་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་ པ་བཤད་དོ། ། དྲང་ངེས་རྣམ་འབྱེད་ཀྱི་འགྲེལ་བ་འགའ་ཞིག་ཏུ་རྟོན་པ་ཕྱི་མ་གཉིས་དང་དེའི་བཟློག་དོན་གཉིས་ཏེ་བཞི་བོ་སྔ་མ་རྣམས་འཆད་པའི་ གཞུང་དེ་དག་གི་ཤུགས་བསྟན་དུ་འཆད་དོ། །

              དཀའ་འགྲེལ་ལས། དེ་ལྟར་རྟོན་བཞིའི་རྣམ་བཞག་ཅུང་ཟད་བཤད་པའང་། ཀུན་མཁྱེན་བླ་མའི་མཐའ་དཔྱོད་དུ་གསུངས་ཟིན་པའི་དགག་བཞག་ལུང་རིགས་རྣམས་ཚུར་དྲངས་ན་མང་གིས་དོགས་ཏེ་མ་བཀོད་པར། དེར་ཁ་སྐོང་གི་ཚུལ་དུ་བྱས་པ་ཡིན་པས་དོན་གཉེར་ཅན་རྣམས་ཀྱིས་གཉི་ག་སྦྲགས་ནས་དཔྱོད་དགོས། གསུངས་ པ་ལྟར། སྐབས་ཐམས་ཅད་དུ་དཔེ་ཆར་ལྟ་ན་བལྟ་ཤེས་རྒྱུ་ནི་ཧ་ཅང་གལ་ཆེན་པོར་གསུངས་སོ། །གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་མི་འགལ་སོགས་ནི། དེ་དག་གི་ངོས་འཛིན་གཞུང་དང་སྦྱར་ནས་བཤད་ན་རྟོགས་པར་སླ་བས། དང་བོ་གང་ཟག་ནི། དྲང་ངེས་ཡིག་ཆར། འདིའི་གང་ཟག་ལ་ཕལ་བ་དང་མཆོག་སངས་རྒྱས་ཀྱི་བར་ཡོད། ཅེས་དང་། དྲང་ངེས་ཟིན་བྲིས་ལས་ཀྱང་དེ་བཞིན་གསུངས་ལ། དཀའ་འགྲེལ་ལས། གང་ཟག་ཡིན་ན་གང་ཟག་ལ་མི་རྟོན་ཞེས་པའི་གང་ཟག་ཡིན་པས་ཁྱབ་པ་དང་། གྲུབ་མཐའ་ཆེན་མོར། གང་ལ་མི་རྟོན་ན་ཆོས་སྤོང་བའི་གང་ཟག་གིས་མཚོན་པའི་གང་ཟག་ལ་མི་ རྟོན་ཞེས་གསུངས།

           གཉིས་པ་འདིའི་ཆོས་ནི། ཡིག་ཆར། ཆོས་ལ་ཚིག་དང་དོན་གཉིས་ཡོད་པ་ལས། ཞེས་དང་། ཀུན་མཁྱེན་མཆོག་གི་དྲང་ངེས་ཟིན་བྲིས་ལས། ཆོས་དེ་ལ་མདོ་བསྟན་བཅོས་གཉིས་དང་དེའི་བརྗོད་བྱར་གྱུར་བའི་རིགས་པ་བཞི་དང་རྣམ་མཁྱེན་སོགས་ཀྱང་ཡོད་པའི་ཕྱིར། ཞེས་དང་། དཀའ་འགྲེལ་ལས། དགོས་པ་ཅན་གྱི་ཚིག་ཡིན་ན་དེའི་སྐབས་ཀྱི་ཆོས་ཡིན་པས་ཁྱབ་ཅེས་དང་། ཆེན་མོར། ཆོས་ལ་ཚིག་དོན་གཉིས་དང་ཞེས་གསུངས་པ་ལྟར། འདིའི་ཚིག་ལ་དགོས་པ་ཅན་གྱི་ཚིག་དང་དོན་ལ་གཏན་ལ་དབབ་བྱའི་ཆོས་རྣམས་འཇོག་པས། ཚིག་ཡིན་ཚད་དང་དོན་གང་ཡིན་མི་འཇོག་གོ། གསུམ་པ་འདིའི་ཚིག་ནི། ཡིག་ཆར། རྗོད་བྱེད་ཀྱི་གསུང་རབ་རྣམས་ཚིག་དང་། ཆེན་མོར། ཚིག་ལ་དྲང་ངེས་ཀྱི་མདོ་བསྟན་བཅོས་གཉིས་དང་། དཀའ་འགྲེལ་དུ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ཚིག་ལ་མི་རྟོན་ཞེས་པའི་ཚིག་ཡིན་པར་གསུངས། བཞི་བ་དོན་ནི། ཡིག་ཆར། དོན་ལ་དྲང་ངེས་གཉིས་ཡོད་པ་ལས། ཞེས་དང་། ཆེན་མོར། དོན་ལ་ཆོས་ཉིད་དང་རིགས་པ་ གཉིས་ཏེ། ཞེས་དང་། དཀའ་འགྲེལ་དུ། གཏན་ལ་དབབ་བྱའི་ཆོས་ཐམས་ཅད་དེའི་སྐབས་ཀྱི་དོན་ཡིན། ཞེས་པ་ལྟར་དགོས་པས་ཆོས་ཐམས་ཅད་མི་འཇོག་གོ །

              ལྔ་བ་འདིའི་དྲང་དོན་ནི། ཡིག་ཆར། འདིའི་དྲང་དོན་ངེས་དོན་ལ་རྗོད་བྱེད་ཀྱི་དབང་དུ་བྱས་པའི་དྲང་ངེས་གཉིས་དང་། བརྗོད་བྱའི་དབང་དུ་བྱས་པའི་དྲང་ངེས་གཉིས་ཡོད་པ་ལས། ཞེས་བརྗོད་བྱ་རྗོད་བྱེད་གཉིས་ཀ་དང་། ཆེན་མོར། མདོ་དང་བྱང་ས་དྲངས་ནས་དབུ་སེམས་ཀྱི་འཇོག་ཚུལ་རིམ་བཞིན་གསུངས་ཏེ། མཇུག་ཏུ། ཚིག་དང་འདིའི་དྲང་དོན་ལ་མི་རྟོན་པ་གཉིས་མི་ཟློས་ཚུལ་དང་སྐབས་སོགས་མི་འདྲ་ལ། སྤྱིར་མི་འགལ་ཚུལ་ཡང་ཤེས་དགོས་གསུངས། དཀའ་འགྲེལ་དུ། སྟོང་ཉིད་ལས་གཞན་པའི་ཆོས་ཐམས་ཅད་དེའི་སྐབས་ཀྱི་དྲང་དོན་དང་། ཞེས་གསུངས། དྲུག་པ་འདིའི་ངེས་དོན་ནི། ཡིག་ཆའི་གསུངས་ཚུལ་དྲངས་ཟིན་ལྟར་བརྗོད་བྱ་རྗོད་བྱེད་གཉིས་ཀ་བཞག་པ་དང་། ཆེན་མོར། ངེས་དོན་ལ་བཀའ་བསྟན་བཅོས་གཉིས་དང་། འདི་བའི་སྐབས་ཉིད་དུ་སྒྲ་ཇི་བཞིན་རྣམས་ངེས་དོན་དང་། དབུ་མ་བའི་སྐབས་དོན་དམ་བདེན་པ་གཙོ་བོར་བསྟན་པ་ཞིག་ དགོས་པ་ཁྱད་པར་རོ། ། གསུངས། དཀའ་འགྲེལ་དུ། ལམ་གྱི་བསྒོམ་བྱའི་རྣམ་པ་ཐམས་ཅད་དེའི་སྐབས་ཀྱི་ངེས་དོན་ཡིན། ཞེས་གསུངས་ལ། འདི་མདོ་རྒྱན་དང་ས་སྡེ་ལྟར་ཡིན་པར་བྱས་ན། སྤྱིར་འདིའི་ངེས་དོན་ལ་ངེས་ དོན་གྱི་གསུང་རབ་དང་སྟོང་ཉིད་གང་རུང་གིས་ཁྱབ་ཀྱང་། དབུ་མ་བའི་ ལུགས་ལའང་མི་རྟག་པ་སྟོན་པའི་མདོ་ལ་དང་། དེའི་གདུལ་བྱ་ལ་ལྟོས་བའི་ངེས་དོན་ཡིན་ན། ངེས་དོན་ཡིན་མི་དགོས་པའི་ཕྱིར་ཏེ། སེམས་ཙམ་པ་ལ་ལྟོས་ཏེ་ཆོས་ཐམས་ཅད་ངེས་དོན་ཡིན་པའི་ཕྱིར། ཞེས་རྗེ་སཾགྷའི་མཚན་ ཅན་གསུངས་སོ། །

              བདུན་པ་འདིའི་རྣམ་ཤེས་ནི། ཡིག་ཆར། འདིའི་རྣམ་ཤེས་ལ་སྟོང་ཉིད་རྟོགས་མ་རྟོགས་ཀྱི་བློ་གཉིས་ཡོད་ཅིང་། ཞེས་དང་། ཆེན་མོར། འདིའི་རྣམ་ཤེས་ལ་མིག་སོགས་དབང་ཤེས་དང་། ཀུན་རྫོབ་རྣམ་ ཅན་གྱི་ཡིད་ཤེས་དང་དྲུག་ཀྱང་ཡོད་དེ། ཞེས་དང་། ཁམས་གསུམ་དུ་སྐྱེ་བ་ལེན་པའི་རྣམ་ཤེས་གཟུགས་གཟུགས་མེད་མན་ཆད་ཀྱི་རྣམ་ཤེས་ཀྱི་རྟེན་ འབྲེལ་ཅི་ཙམ་ཐོབ་ཀྱང་ཡིད་མི་རྟོན་ལ། བདེན་བཞི་སོགས་ཤེས་པའི་ཟག་མེད་ཀྱི་ཡེ་ཤེས་རྟོན་པར་བཤད་པའི་ཕྱིར། ཞེས་སོགས་སའི་དངོས་གཞི་ དང་བྱང་སའི་ལུང་གིས་བསྒྲུབས་སོ། ། དཀའ་འགྲེལ་དུ། འཕགས་པའི་མི་རྟོག་ཡེ་ཤེས་ལས་གཞན་པའི་བློ་ཐམས་ཅད་དེའི་སྐབས་ཀྱི་རྣམ་ཤེས་དང་ ཞེས་གསུངས་སོ། ། བརྒྱད་པ་འདིའི་ཡེ་ཤེས་ནི། ཡིག་ཆར། སྟོང་ཉིད་ལ་སྒོམ་བྱུང་གི་བློ་ཤེས་རབ་རྣམས་དང་གཙོ་བོར་སྟོང་ཉིད་མངོན་སུམ་དུ་ རྟོགས་པའི་ཡེ་ཤེས་དང་། ཆེན་མོར། ཡེ་ཤེས་ནི་འཕགས་པ་གསུམ་གྱི་ མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། ། ཞེས་དང་། དཀའ་འགྲེལ་དུ། ལམ་ཐམས་ཅད་དེའི་སྐབས་ཀྱི་ཡེ་ཤེས་ལ་འཇོག་དགོས་པའི་ཕྱིར། གསུངས་སོ། །

           མདོར་དྲིལ་ན། ཤེར་མདོ་ལྟ་བུ་ཆོས་ལ་རྟོན་ཞེས་པའི་ཆོས་དང་ཚིག་ལ་མི་རྟོན་ཞེས་པའི་ཚིག་གཉིས་ཀར་བཞག་ཆོག་པ་དཔེར་ན། སྐས་ཀྱི་ཐེམ་པ་བར་མ་དེ་འོག་མ་ནས་ཡར་བགྲོད་སའི་ཐེམ་པ་གོང་མ་དང་། དེའི་སྟེང་མར་བགྲོད་པའི་ཚེ་འདོར་རྒྱུའི་ཐེམ་པ་འོག་མར་འཇོག་པ་མི་ འགལ་བ་བཞིན་ཞེས་དཀའ་འགྲེལ་གསུངས་ལ། གྲུབ་མཐའ་ཆེན་མོར་ཡང་མི་ཟློས་ཚུལ་དང་སྤྱིར་མི་འགལ་ཚུལ་ཤེས་དགོས་པར་གསུངས་པ་དྲངས་ ཟིན་ལྟར་རོ། ། དེ་བཞིན་དུ་སྲོག་གཅོད་ཀྱི་ལས་དང་དམྱལ་བའི་སྡུག་བསྔལ་སོགས་དོན་ལ་རྟོན་ཞེས་པའི་དོན་དང་། ངེས་དོན་ལ་རྟོན་ཞེས་པའི་ངེས་དོན་གཉི་གར་འགྲོ་ཚུལ་དཀའ་འགྲེལ་ལས་གསུངས་ཤིང་། དེ་ལ་འཇུག་ ངོགས་སུ་དོགས་པ་བཀོད་ཚུལ་སོགས་ཀྱི་སྟེང་ཕྲ་ཞིབ་ཀྱི་རིགས་པས་དཔྱད་ན་ཅི་ཟེར་ཡང་མི་བདེ་བ་ཞིག་ནི་ངེས་བར་འོང་བས་བདག་ལྟ་བུས་དེ་འཐད་འདི་མི་འཐད་ཀྱི་ཁ་ཚོན་གཅོད་མི་ནུས་སོ། ། སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ལྟ་བུ་ཡང་སྐབས་སོ་སོ་ལ་ལྟོས་ནས་མི་རྟོན་སའི་རྣམ་ཤེས་དང་རྟོན་སའི་ཡེ་ཤེས་གཉིས་ཀར་བཞག་ཆོག་གམ་སྙམ་མོ། །
 

 ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།   

 གསལ་འདེབས།
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།