བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་སྐབས་ཀྱི་དྲིས་ལན།(4)

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-20 21:28:37     རྩོམ་པ་པོ།   རུ་མང་ཚུལ་ཁྲིམས། ཀླུ་ཚང་དགོན།     ཀློག་ཐེངས།  

76549972386228242.jpg

  དྲི་གཞི་དང་པོ།  མཛོད་ལས།   མཚན་མེད་ཞི་བའི་རྣམ་པ་དང་།  ། སྟོང་ ཉིད་བདག་མེད་སྟོང་ཉིད་དུ།  ། འཇུག་པའོ་སྨོན་པ་མེད་པ་ནི།  ། དེ་ལས་གཞན་བདེན་རྣམ་པ་ཅན།  ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་ རྣམ་ཐར་དང་།  སྡུག་བདེན་གྱི་ལྷག་མ་གཉིས་དང་།  ཀུན་འབྱུང་གི་ཁྱད་ ཆོས་བཞི།  ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་།  འགོག་བདེན་གྱི་ ཁྱད་ཆོས་ཡུལ་མཚན་མེད་རྣམ་ཐར་ལ་སྦྱར་འདུག་ནའང་།  འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ།  རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན།  ཞེས་པ་ནས།  མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་།  འདུས་བྱས་ཀྱི་མཚན་ཉིད་རྣམས་སོ།  ། ཞེས་གསུངས་འདུག་ན།   སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་ལ།  མ་བྲལ་ན།  འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་།  དེ་ལྟ་ན་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་མེད་པས།  མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་སོགས་མཛོད་དང་སྦྱར་ནས་ཇི་ལྟར་དཔྱད། 

                              

 

                                        དྲིས་ལན།   རུ་མང་ཚུལ་ཁྲིམས། ཀླུ་ཚང་དགོན།

༄༅། །སྟོང་བ་ནམ་མཁའི་དཀྱིལ་འཁོར་ལ། །
རྟེན་འབྱུང་རི་མོ་ལེགས་བཀོད་དེ། །
གོ་འཕང་མཆོག་ལ་འཁྲིད་མཁས་པའི། །
ཉི་མའི་གཉེན་མཆོག་གཏན་གྱི་སྐྱབས། །
དྲང་ངེས་གཞུང་ལུགས་འོ་མཚོ་རུ། །
ཅི་དགར་རོལ་བའི་རྩལ་དབེན་ཡང་། །
གཉེན་ལྕུག་གཤོག་པའི་ཟློས་གར་དེ། །
ལན་རེར་བསྒྱུར་བའི་ངང་ཆུང་སྐྱིད། །


            སྤྱིར་ནམ་མཁའ་ལྟ་བུ་མཚན་མ་བཅུ་དང་བྲལ་ཀྱང་མཚན་མེད་རྣམ་ ཐར་ཡིན་པར་མི་འགྱུར་མོད། ཁྱད་ཆོས་བཅུ་དྲུག་ལྟ་བུ་གཞིར་བཞག་ན། སྟོང་བདག་མེད་གཉིས་ཀྱང་མཚན་མེད་རྣམ་ཐར་དུ་བཞག་ཆོག་སྟེ། རྣམ་ཐར་གང་ཞིག་མཚན་མ་བཅུ་དང་བྲལ་བའི་ཕྱིར། དེས་ན་འགོག་བདེན་ གྱི་བཞི་སྟོང་ཉིད་རྣམ་ཐར་མ་ཡིན་པས་འོག་ཏུ་སྟོང་ཉིད་རྣམ་ཐར་དུ་འཇོག་རྒྱུའི་སྟོང་བདག་མེད་གཉིས་བླངས་ཤུལ་དུ་འགོག་བདེན་གྱི་བཞི་ལྷག་མར་ ལུས་པས་དེ་བཞི་མཚན་གཞིར་བཞག་པ་མ་གཏོགས་དེ་བཞི་ལས་གཞན་མེད་པ་མིན་སྙམ། མཛོད་དང་སྦྱར་ནས་དཔྱད་ཚུལ་གང་ཡིན་གསལ་ཐག་ཆོད་ཅིག་བཤད་པའི་རྔོ་མི་ཐོགས་ན་ཡང་། མཆིམས་མཛོད་དུ་སྡུག་བདེན་གྱི་ བཞི་བོ་འདུས་བྱས་ཀྱི་བདག་ཉིད་དུ་གསུངས་པ་དང་། འདུས་མ་བྱས་ཡིན་ན་འདུས་མ་བྱས་གསུམ་གྱི་གང་རུང་ཡིན་མིན་སོགས་སྤྲོས་ཆོག་སྙམ།
 ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》  ལས་བཤུས།   

          གསལ་འདེབས།
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།