བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་སྐབས་ཀྱི་དྲིས་ལན།(12)

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-20 21:25:19     རྩོམ་པ་པོ།   ཧྲོང་བོ་བསྟན་འཛིན་ཐོགས་མེད།     ཀློག་ཐེངས།  

76549972386228242.jpg

           དྲི་གཞི་དང་པོ། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་ རྣམ་ཐར་དང་། སྡུག་བདེན་གྱི་ལྷག་མ་གཉིས་དང་། ཀུན་འབྱུང་གི་ཁྱད་ ཆོས་བཞི། ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ ཁྱད་ཆོས་ཡུལ་མཚན་མེད་རྣམ་ཐར་ལ་སྦྱར་འདུག་ནའང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པ་ནས། མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། ། ཞེས་གསུངས་འདུག་ན། སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་ལ། མ་བྲལ་ན། འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་། དེ་ལྟ་ན་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་མེད་པས། མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་སོགས་མཛོད་དང་སྦྱར་ནས་ཇི་ལྟར་དཔྱད།

 

༄༅། ། སྲས་བཅས་རྒྱལ་བའི་སྙིང་རྗེ་ཆེན་པོའི་ཁམས། །
གསུམ་ལྡན་ངུར་སྨྲིག་གར་གྱིས་རྣམ་རོལ་ཅིང་། །
སྲིད་ཞིའི་བདེ་དགེ་ཀུན་སྩོལ་ཡིད་བཞིན་ནོར། །
བདག་གི་གཏན་གྱི་མགོན་པོར་ཕྱག་བྱས་ཏེ། །
བསྟན་ལ་མཁས་བཙུན་བཟང་བོའི་རྣམ་ཐར་གྱིས། །
ལུང་རྟོགས་རི་མོར་བགྱིད་པས་དུས་ཀྱི་མཐར། །
འཕྲིན་ལས་འོད་དཀར་འགྲེམས་མཛད་ཡབ་རྗེ་དེའི། །
རྨད་བྱུང་ཐུགས་བསྐྱེད་བཞེད་བཟང་སྒྲུབ་ལ་འཇུག །
           འདིའི་མཚན་མ་བཅུ་དང་བྲལ་ཚུལ་དེ་མཚན་མ་བཅུ་གང་རུང་ཡིན་ པའི་ཚུལ་གྱིས་བྲལ་བ་ལ་བྱ་ན། སྟོང་བདག་མེད་གཉིས་ཀྱང་ཡུལ་མཚན་ མེད་དུ་འགྲོ་ལ། སྟོང་བདག་མེད་གཉིས་མཚན་མ་དེ་དག་གི་ཁྱད་གཞི་དང་ཁ་མ་བྲལ་བས་འགོག་བདེན་གྱི་བཞི་དང་མི་འདྲ་བའི་ཁྱད་པར་ཕྱེད་པའང་། འདིར་བསྟན་མཚན་མ་ཅི་རིགས་ཀྱི་ཁྱད་གཞི་དང་མ་བྲལ་བའི་རྒྱུ་མཚན་གྱིས་མི་འདྲ་བས་ཞེས་ཁྱད་པར་ཕྱེ་བ་ཡིན་པས། དོན་ལ་སྟོང་བདག་མེད་གཉིས་མཚན་མ་བཅུ་དང་མ་བྲལ་ཞེས་པར་འགྱུར་ན། ཚུལ་དེ་ལ་ནི་སྟོང་བདག་མེད་གཉིས་ཡུལ་སྨོན་མེད་དུ་ཐལ་བའི་སྐྱོན་སོ་ན་གནས་པར་སྣང་ངོ་། །དེས་ན་འགོག་བདེན་གྱི་བཞི་གོང་གི་མཚན་མ་དེ་དག་ལ་དམིགས་པའི་ཕྲ་རྒྱས་ ཡོངས་སུ་ཞི་བའམ་བྲལ་བའི་བྱ་བ་ལས་ཀྱི་ཆ་ནས་མཚན་མེད་དུ་འཇོག་སྟེ། མངོན་པའི་རྒྱན་ལས། འདིར་དབང་བོ་རྣམས་མཚན་མར་མ་སྨོས་པ་ནི་ དབང་བོ་ནི་ཡུལ་ལྟར་ཡིད་འཕྲོག་པར་བྱེད་པ་མིན་པས་སོ། ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལ་དམིགས་པའི་སྲེད་པ་དང་བྲལ་བར་མི་འཇོག་ན་མིག་སོགས་དབང་བོ་འདིར་བསྟན་མཚན་མར་མི་འཇོག་པའི་རྒྱུ་མཚན་ལ། དེ་དག་ཡིད་འཕྲོག་པར་བྱེད་པ་མིན་པ་བཀོད་པར་འབྲེལ་མེད་པས་སོ། ། གང་སྤེལ་ལས་ཀྱང་། ཡུལ་ལྔ་ཞེས་བྱ་བ་ནི་ཡུལ་རྣམས་ཤིན་ཏུ་འཕྲོག་པར་ བྱེད་པ་ཉིད་ཡིན་པ་དེ་ལྟར་དབང་བོ་རྣམས་མ་ཡིན་པས་ཡུལ་སྨོས་སོ། ། ཞེས་གསུངས་སོ། ། གཞན་ཡང་། གསེར་ཕྲེང་རྣམ་རྫོགས་སྦྱོར་བའི་སྐབས་སུ་ འགྲེལ་ཆུང་དང་མཛོད་ཀྱི་རྣམ་ཐར་སྒོ་གསུམ་ལ་འགལ་སྤོང་མཛད་སྐབས། འདིར་ཡུལ་ཅན་མཚན་མའི་རྣམ་རྟོག་བྲལ་བྱེད་དང་བྲལ་བའི་དབང་དུ་བྱས་པས་མི་འགལ་ལོ། ། ཞེས་གསུངས་ཤིང་།

          དེ་ནི་འགྲེལ་བ་འདིར་ལམ་གྱི་རྣམ་པ་བཞི་མཚན་མེད་ལ་སྦྱར་བ་དེ་ཡུལ་ཅན་མཚན་མའི་རྣམ་རྟོག་བྲལ་བྱེད་ལ་སྦྱར་ལ། མཛོད་ཀྱི་དེ་ནི་ཡུལ་ལ་མཚན་མའི་རྣམ་རྟོག་བྲལ་བའི་དབང་དུ་ བྱས་ཞེས་པ་ཡིན་ལ། ལྷག་པར་དུ་མཚན་མ་ཙམ་མ་སྨྲས་པར་མཚན་མའི་ རྣམ་རྟོག་ཅེས་གསུངས་པར་གནད་དང་ཚིག་ནུས་ཆེ་བར་སྣང་ངོ་། ། དེ་ བཞིན་དུ་བདེན་རྣམ་ལྷག་མ་བཅུ་ལ་སྨོན་མེད་དུ་གསུངས་པའང་སྡུག་ཀུན་ གྱི་བདེན་རྣམ་དྲུག་ནི་སླ་ལ། ལམ་གྱི་དེ་བཞི་ནི་ལྷག་མེད་དུ་འཕོ་བའི་ཚེ་ལམ་སུན་འབྱིན་པའི་ལམ་གསུམ་གྱིས་ལམ་གྱི་རྒྱུན་གཅོད་པའི་དབང་དུ་བྱས་པ་སྟེ། མདོར་ན་ལྷག་མེད་ཀྱི་ཚེ་རིག་པ་རྒྱུན་འཆད་པར་སྨྲ་བའི་གྲུབ་མཐའ་ལ་བསྟུན་ནས་དེ་ལྟར་མཛད་པ་ཡིན་ལ། སློབ་དཔོན་རང་གི་བཞེད་པ་དེ་ཁོ་ནར་མ་ངེས་པ་ནི་སྐབས་འདིར་དྲངས་པའི་རྒྱན་གྱི་དབྱིག་འགྲེལ་སོགས་ཀྱིས་གསལ་ཞིང་། གསེར་ཕྲེང་ལས། ཉན་ཐོས་ཀྱི་ལམ་གྱི་དབང་དུ་བྱས་པས། ཞེས་པ་ཉན་ཐོས་པའི་གྲུབ་མཐའི་དབང་དུ་བྱས་པར་གསུངས་པའང་དོན་ལ་འབྱོར་བའི་ཕྱིར། བྲལ་ཚུལ་དེ་ལྟར་བྱས་ན། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པའི་བྱེད་ ཚིག་དེ་ཁྱབ་པ་བརྗོད་པའི་བྱེད་ཚིག་ལ་སྦྱར་ན་མི་རུང་བ་མེད་དེ། འགོག་ བདེན་གྱི་རྣམ་པ་བཞི་ཆོས་ཅན། ཡུལ་མཚན་མེད་རྣམ་ཐར་ཡིན་ཏེ། བདེན་རྣམ་བཅུ་དྲུག་གི་གང་རུང་གང་ཞིག གཟུགས་སོགས་མཚན་མ་བཅུ་ལ་ དམིགས་པའི་ཕྲ་རྒྱས་སམ་མཚན་མའི་རྣམ་རྟོག་ཐོབ་པ་ཆད་པའི་ཚུལ་གྱིས་ བྲལ་བ་གང་ཡིན་པ་བོ་དེ་ཡིན་པའི་ཕྱིར་ཞེས་བཀོད་ཆོག་གམ་སྙམ་ལ། དེ་ལྟར་ན་སྟོང་བདག་མེད་གཉིས་སྤང་བྱ་མཚན་མའི་རྣམ་རྟོག་འབྲལ་བྱེད་དང་བྲལ་བ་གཉིས་ཀྱི་ནང་གི་ཡ་གྱལ་བྲལ་བ་དེ་ཡེ་མ་ཡིན་པས་ན། ཡུལ་མཚན་མེད་རྣམ་ཐར་དུ་ཐལ་དོན་མེད་ལ། དེ་བས་འདུས་བྱས་ཀྱི་མཚན་མ་གང་ ཞིག་དང་ལྡན་ཡང་སེམས་དགོས་དོན་མེད་སྙམ་སྟེ། བློ་གྲོས་དང་ལྡན་པ་ དག་གིས་ཐུགས་གཟུ་བོས་དཔྱད་འཚལ། སྣ་ཚོགས་གདུལ་བྱའི་ཁམས་དང་རྗེས་མཐུན་པར། །མཐར་ཐུག་ཐར་བར་གཞོལ་བའི་ཐབས་མཁས་འཕྲུལ། ། རྣམ་གསུམ་རྣམ་ཐར་སྒོ་ཡི་རྣམ་བཞག་ཀུན། །ཀུན་ཀྱང་ཐུབ་མཆོག་ཕྱག་རྒྱས་བཅིངས་པ་ཉིད། །
 

      ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།  

གསལ་འདེབས།
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།