བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་སྐབས་ཀྱི་དྲིས་ལན།(11)

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-20 21:21:38     རྩོམ་པ་པོ།   བསམ་བློ་དམ་ཆོས་ཆོས་འཛིན།     ཀློག་ཐེངས།  

76549972386228242.jpg
 

           དྲི་གཞི་དང་པོ། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་ རྣམ་ཐར་དང་། སྡུག་བདེན་གྱི་ལྷག་མ་གཉིས་དང་། ཀུན་འབྱུང་གི་ཁྱད་ ཆོས་བཞི། ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ ཁྱད་ཆོས་ཡུལ་མཚན་མེད་རྣམ་ཐར་ལ་སྦྱར་འདུག་ནའང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པ་ནས། མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། ། ཞེས་གསུངས་འདུག་ན། སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་ལ། མ་བྲལ་ན། འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་། དེ་ལྟ་ན་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་མེད་པས། མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་སོགས་མཛོད་དང་སྦྱར་ནས་ཇི་ལྟར་དཔྱད།


༄༅། ། གང་གི་རྣམ་དཔྱོད་འོད་དཀར་དྲ་བ་ཅན། །
བློ་བཟང་ལེགས་པར་བཤད་པའི་མཁའ་ལ་རྒྱུ། །
ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་མཛད་པ་ཡི། །
དགེ་འདུན་རྒྱ་མཚོའི་མགོན་དེ་ཕྱག་གི་ཡུལ། །
                     ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ། སྐབས་ཀྱི་དོགས་ལན་ཅུང་ཙམ་ཞིག་ཕུལ་ཁུལ་ཙམ་བྱས་ན། རང་སྡེ་གྲུབ་མཐའ་སྨྲ་བ་བཞིས་རྣམ་ཐར་སྒོ་གསུམ་འཇོག་ཚུལ་ཐུན་མོང་མ་ཡིན་པ་རེ་ཡོད་པས། དེའི་ནང་ནས་བྱེ་སྨྲའི་རྣམ་ཐར་སྒོ་གསུམ་འཇོག་ཚུལ་ལ་ཅུང་ཙམ་དཔྱད་ན། དེ་ཡང་ཡུལ་བདེན་བཞི་ལ་སྦྱར་ནས་གསུངས་ཏེ། མཛོད་ལས། སྟོང་ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་མཚན་མེད་ཀྱི་རྣམ་ཐར་ལ་འགོག་བདེན་གྱི་ཁྱད་ཆོས་བཞི་ དང་། །སྨོན་མེད་ལ་ལམ་བདེན་གྱི་བཞི་དང་ཀུན་འབྱུང་གི་བཞི། སྡུག་བདེན་གྱི་མི་རྟག་སྡུག་བསྔལ་གཉིས། སྟོང་ཉིད་ལ་སྡུག་བདེན་གྱི་སྟོང་བདག་མེད་གཉིས་བཞག་གོ ། དེ་ལ། དོགས་པ་དང་། ལན་གཉིས། དང་བོ་ནི། སྟོང་བདག་མེད་གཉིས་ཀྱང་མཚན་མ་བཅུ་དང་བྲལ་བས་མཚན་མེད་རྣམ་ཐར་ དང་། མ་བྲལ་ན་འདུས་བྱས་སུ་འགྱུར་བས་སྨོན་མེད་ལ་ཅིའི་ཕྱིར་མ་བཞག་ཅེ་ན། གཉིས་པ་ལན་ལ། བདག་གི་རྨོངས་བློར་ཤར་ཚོད་ལ། བྱེ་སྨྲའི་ ལུགས་ལ་སྟོང་བདག་མེད་གཉིས་ལ་དམིགས་པའི་ཏིང་ངེ་འཛིན་ནི་འཇིག་ ལྟའི་གཉེན་པོ་བྱེད་པའི་ཆ་ནས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་དང་། འགོག་ བདེན་གྱི་བཞི་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཡུལ་འགོག་བདེན་མཚན་ མ་བཅུ་དང་བྲལ་བ་དེ་ལ་དམིགས་པས་མཚན་མེད་ཀྱི་ཏིང་ངེ་འཛིན་དང་། དེ་ལས་གཞན་དག་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཡུལ་སྡུག་ཀུན་དང་ ལམ་བདེན་ཡིད་འབྱུང་བའི་གནས་ལ་དམིགས་པའི་ཆ་ནས་སྨོན་མེད་དུ་བཞག་པ་ནི་རང་ཉིད་ཀྱི་འདོད་པའོ།།

            དེ་ལ་འགོག་བདེན་ནི་མཚན་མ་བཅུ་དང་བྲལ་བས་ཡུལ་མཚན་མེད་རྣམ་ཐར་ལ་བཞག་པ་ནི། རང་འགྲེལ་ལས། མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་གསུངས་ལ། མཚན་མ་བཅུ་དང་བྲལ་ཚུལ་ནི་དེ་དག་མི་ལྡན་ཙམ་ལ་བྱས་ན་སྟོང་བདག་ མེད་དེར་འགྱུར་བ་མ་ཟད་རི་བོང་རྭ་ཡང་དེ་ཡིན་དགོས་པའི་སྐྱོན་ཡོད་ལ། འོ་ན་འགོག་བདེན་མཚན་མེད་ཀྱི་རྣམ་ཐར་ཡིན་པའི་སྒྲུབ་བྱེད་མེད་པར་ ཐལ་ཞེ་ན། མཛོད་འགྲེལ་ལས། མྱང་འདས་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པས་མྱང་འདས་དམིགས་ཀྱིས་བསལ་ནས་ཁྱད་གཞིར་བཟུང་བ་ལ་གོ་རྒྱུ་རེ་ཡོད་པར་སྣང་སྟེ། བྱེ་སྨྲའི་ལུགས་ལ་ཟག་བཅས་འདུས་བྱས་ཐམས་ཅད་མྱང་འདས་ཀྱིས་སྤངས་ལ་ཟག་མེད་ལམ་བདེན་ཡང་ལྷག་མེད་མྱང་འདས་ལ་ལྟོས་ཏེ་སྤང་བྱ་ཡིན་ཏེ། རང་འགྲེལ་ལས། གདོན་མི་ཟ་བར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། འདུས་བྱས་ཐམས་ཅད་ཀྱི་མྱ་ངན་ལས་འདས་པའོ། ། ཞེས་དང་། མཐའ་དཔྱོད་ལས། དེ་ལ་ཁོ་ན་རེ། ལྷག་མེད་ལ་ལྟོས་ཏེ་ལམ་བདེན་ཡང་སྤང་བྱར་ཐལ། འདུས་བྱས་ཐམས་ཅད་དེ་ལ་ལྟོས་ཏེ་མྱ་ངན་ཡིན་པའི་ཕྱིར། ལམ་བདེན་ཡང་སྤང་བྱར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། ལྷག་མེད་ལ་ལྟོས་ཏེ་འདུས་བྱས་ཀྱི་རྒྱུ་ལྡོག་དགོས་པས་ལམ་བདེན་ཡང་དོར་དགོས་པར་བཤད་པའི་ཕྱིར། ཞེས་གསུངས་པའི་ཕྱིར།

            ལུང་འདི་དག་ལ་བལྟས་ན་མཚན་མ་བཅུ་དང་བྲལ་བ་དེ་དེ་དང་མི་ལྡན་ཙམ་ལ་མི་བྱེད་པར་སྤང་བའི་སྒོ་ནས་བྲལ་ཚུལ་ཞིག་ཡོད་པར་སྙམ། རྒྱུ་མཚན་དེས་ན་སྟོང་བདག་མེད་གཉིས་བྲལ་བའམ་མྱང་འདས་ཀྱི་ངོ་བོར་འགྲོ་བ་མེད་ལ་ལུགས་འདིར་ལམ་བདེན་བདག་མེད་འགོག་བདེན་དུ་མི་འདོད་ པས་མཚན་མེད་རྣམ་ཐར་ལ་འགྱུར་བའི་སྐྱོན་མེད་དོ། ། དེ་གཉིས་སྨོན་མེད་ཀྱི་རྣམ་ཐར་དུ་མི་འགྱུར་ཏེ། སྟོང་བདག་མེད་གཉིས་ནི་འདུས་བྱས་དང་ འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་བདག་ཉིད་དམ་སྤྱིའི་མཚན་ཉིད་ཡིན་པས་ན་འགོག་བདེན་གྱི་མཚན་ཉིད་ཀྱང་ཡིན་ལ། འགོག་བདེན་ལ་ཡིད་མི་འབྱུང་བ་ལྟར་དེ་གཉིས་ལ་ཡང་ཡིད་འབྱུང་མི་ནུས་པའི་ཕྱིར་ཏེ། མཆིམས་མཛོད་ལས། སྟོང་བ་དང་བདག་མེད་པས་ཀྱང་སྡུག་བསྔལ་གྱི་བདེན་པ་ལ་སྟོང་བ་དང་བདག་མེད་ཀྱི་རྣམ་པ་དམིགས་མོད་ཀྱི་དེ་གཉིས་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་པས་མྱང་འདས་ཀྱི་མཚན་ཉིད་ཀྱང་ཡིན་ན་དེ་དག་གིས་མྱང་འདས་ལ་ཡིད་མི་འབྱུང་བ་ལྟར་སྡུག་བསྔལ་ལས་ཀྱང་ཡིད་མི་འབྱུང་ལ་འགོག་བདེན་གྱིས་ཀྱང་ཡིད་མི་འབྱུང་གི ཞེས་གསུངས་པའི་ཕྱིར། ཞེས་པས་སྟོང་བདག་མེད་གཉིས་འདུས་མ་བྱས་དང་སྟོང་ཉིད་ཀྱི་རྣམ་ཐར་ཡིན་པར་གྲུབ་བོ། །
 

      ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།  

གསལ་འདེབས།
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།