བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་སྐབས་ཀྱི་དྲིས་ལན།(9)

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-20 21:15:12     རྩོམ་པ་པོ།   ཟུང་ངག་དབང་བཀྲ་ཤིས། འབྲས་སྤུངས    ཀློག་ཐེངས།  

 

76549972386228242.jpg

          དྲི་གཞི་དང་པོ། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་ རྣམ་ཐར་དང་། སྡུག་བདེན་གྱི་ལྷག་མ་གཉིས་དང་། ཀུན་འབྱུང་གི་ཁྱད་ ཆོས་བཞི། ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ ཁྱད་ཆོས་ཡུལ་མཚན་མེད་རྣམ་ཐར་ལ་སྦྱར་འདུག་ནའང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པ་ནས། མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། ། ཞེས་གསུངས་འདུག་ན། སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་ལ། མ་བྲལ་ན། འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་། དེ་ལྟ་ན་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་མེད་པས། མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་སོགས་མཛོད་དང་སྦྱར་ནས་ཇི་ལྟར་དཔྱད།

༄༅། ། འཕགས་ཡུལ་མཁས་པའི་མདུན་ས་ཡངས་པོ་རུ། །
གྲགས་པའི་བ་དན་དཀར་བོས་ཁྱབ་མཛད་པའི། །
སྔོན་ཆད་མ་བྱུང་རིགས་པའི་ཤིང་རྟ་ཆེ། །
སྤྱི་གཙུག་འཁོར་ལོའི་རྒྱན་དུ་མཛེས་གྱུར་ཅིག །
ཟབ་རླིངས་དོན་གྱི་གཞུང་བཟང་རེ་རེ་ལ། །
རིགས་ལམ་མེ་ཏོག་སྟོང་གི་འདབ་མ་བཞད། །
བགྲང་ཡས་སྐལ་ལྡན་སློབ་མའི་ཚོགས་རྣམས་ལ། །
གཞུང་དོན་འབྱེད་ལ་མི་འཇིགས་སྤོབས་པ་བསྩལ། །
ཁྱེད་ཀྱི་བཀའ་དྲིན་ཆ་ཤས་རེ་རེ་ཡང་། །
བསམ་ཚེ་སྐྱོ་བའི་མཆི་མ་བརྩེགས་གྱུར་ན། །
དྲན་གདུང་དུཿཁས་གཟིར་བའི་སློབ་བུ་ལ། །
མི་མངོན་དབྱིངས་ནས་གཟིགས་པ་མ་ལྷོད་ཅིག །
           ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། དྲི་ལན་གྱི་གཞི་ལ་ འཇུག་པ་ལ། དྲི་བའི་གཞི་འགོད་པ་དང་། དེའི་ལན་ཅུང་ཟད་བཤད་པའོ།། དང་བོ་ནི། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་རྣམ་ཐར་དང་། སྡུག་བདེན་གྱི་ཁྱད་ཆོས་ལྷག་མ་གཉིས་དང་། ཀུན་འབྱུང་གི་ཁྱད་ཆོས་བཞི། ལམ་གྱི་བཞི་སྟེ་བཅུ་བོ་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་དུ་གསུངས་འདུག་ན་དེའི་རྒྱུ་མཚན་ཡང་། མཚན་མ་བཅུ་དང་བྲལ་བའི་རྣམ་ཐར་ཡིན་ཚུལ་ལས་ གཞན་མེད་པས། དེ་ལྟར་ན་སྟོང་བདག་མེད་གཉིས་ཀྱང་མཚན་མེད་རྣམ་ཐར་དུ་ཐལ་ལ། སྟོང་བདག་མེད་གཉིས་འདུས་བྱས་ཀྱི་མཚན་མ་དང་མ་ བྲལ་ན་འདུས་བྱས་ཡིན་དགོས་ལ། དེ་ལྟར་ན་སྡུག་བདེན་ལས་འོས་མེད་ པས་སྨོན་མེད་རྣམ་ཐར་དུ་འགྱུར་བས་མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་མཛོད་དང་སྦྱར་ནས་དཔྱོད་ཅེས་བྱུང་།
          གཉིས་པ་ནི། མཚན་མེད་ཞི་བའི་རྣམ་པ་དང་ཞེས་པའི་སྐབས་སུ་ འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་དུ་བསྟན་ལ། རྒྱུ་མཚན་ཡང་མཚན་མ་བཅུ་དང་བྲལ་བའི་རྣམ་ཐར་ཙམ་ལས་འཕགས་བོད་ཀྱི་མཁས་པ་སུས་ཀྱང་མ་གསུངས་པས། རྒྱུ་མཚན་མཐར་ཐུག་དེ་ཡིན་ལ། སྤྱིར་གྲུབ་མཐའ་གོང་མའི་སྐབས་སུ་འགོག་ལམ་གྱི་ཁྱད་ཆོས་བརྒྱད་མཚན་ མེད་རྣམ་ཐར་དུ་འཇོག་ཚུལ། གུང་ཐང་རིན་པོ་ཆེའི་སྐབས་བཞི་བའི་སྡོམ་ལས། མཚན་འཛིན་ཞི་དང་ཞི་བྱེད་འགོག་ལམ་བསྟན། ། ཞེས་འགོག་པའི་བཞི་མཚན་འཛིན་ཞི་བའི་ཆ་ནས་དང་། ལམ་གྱི་བཞི་མཚན་འཛིན་ཞི་བྱེད་ཡིན་པའི་ཆ་ནས་གསུངས་འདུག་ཅིང་། ལུགས་འདིར་དེ་འདྲའིབཤད་པ་སྐབས་སུ་མ་བབ་པས་མི་འཐད་ལ། དེས་ན་སྔ་མ་ལྟར་ཡིན་ནོ། ། འོ་ན་སྟོང་བདག་མེད་གཉིས་ཆོས་ཅན། མཚན་མེད་རྣམ་ཐར་ཡིན་པར་ཐལ། མཚན་མ་བཅུ་དང་བྲལ་བའི་རྣམ་ཐར་ཡིན་པའི་ཕྱིར་ཟེར་ན། ཁོ་བོ་ནི། རྟགས་མ་གྲུབ་སྟེ། དེ་གཉིས་འདུས་བྱས་ཀྱི་མཚན་མ་དང་མ་བྲལ་བས་མཚན་མེད་རྣམ་ཐར་དུ་འཇོག་ཚུལ་མེད་ལ། འོ་ན་དེ་གཉིས་འདུས་བྱས་ཡིན་ནམ་ཞེ་ན། འདོད་པ་ཁོ་ན་ཡིན་ཏེ། མཛོད་ལས། འདུས་མ་བྱས་རྣམ་གསུམ་ཡང་སྟེ། ། ཞེས་འདུས་མ་བྱས་གསུམ་དུ་ངོས་བཟུང་བ་ལ་དེ་བཞིན་ཉིད་ཀྱང་འདུས་མ་བྱས་ཡིན་པས་གསུམ་དུ་མི་རིགས་ཞེས་རྩོད་སྐབས་དེ་བཞིན་ཉིད་ཅེས་པ་དེ་ཆོས་ཀྱི་བདག་མེད་ལ་འདོད་ན། ལུགས་འདིར་གཞི་གྲུབ་ན་ཆོས་བདག་གིས་ཁྱབ་པས་མི་འཐད་ལ། གང་ཟག་གི་བདག་མེད་ལ་འདོད་ན་སྡུག་བདེན་གྱི་བདག་ཉིད་ཡིན་པས། འདུས་མ་བྱས་མིན་ཞེས་ལན་བཏབ་པའི་ཕྱིར་ཏེ།

           མཆིམས་མཛོད་ལས། གལ་ཏེ་དེ་བཞིན་ཉིད་ཀྱང་འདུས་མ་བྱས་མ་ཡིན་ནམ་ཅིའི་ཕྱིར་རྣམ་པ་གསུམ་དུ་བརྗོད་ཅེ་ན། དེ་བཞིན་ཉིད་ནི་བདག་མེད་པ་ལ་འདོད་ན་ཆོས་ཀྱི་བདག་མེད་ནི་སྡེ་བ་དག་གིས་མི་འདོད་ལ། གང་ཟག་གི་བདག་མེད་ནི་བདེན་བཞིའི་མི་རྟག་སོགས་རྣམ་པ་བཅུ་དྲུག་ལ་འདོད་པས་ན། འགོག་བདེན་གྱི་རྣམ་པ་རྣམས་ནི་སོ་སོར་བརྟགས་འགོག་གི་ངོ་བོ་ཉིད་ཡིན་ལ། བདེན་པ་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ ཡིན་པའི་ཕྱིར། དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ་ཞེས་གསུངས་པའི་ཕྱིར། ཁ་ཅིག་མཆིམས་མཛོད་ཀྱི་ལུང་དེས་འདུས་བྱས་ཀྱི་བདག་ཉིད་ཡིན་པར་བསྟན་ཀྱང་། དེ་ཙམ་གྱིས་འདུས་བྱས་ཡིན་པར་མི་འགྲུབ་ཟེར་ན། དེ་ནི་མི་འཐད་དེ། ཁ་ཅིག་གིས་དེ་བཞིན་ཉིད་འདུས་མ་བྱས་ཡིན་པས་འདུས་མ་བྱས་གསུམ་དུ་གྲངས་ངེས་པར་བཤད་པ་མི་འཐད་ཅེས་རྩོད་པའི་ལན་དུ་འགྲོ་ཚུལ་མེད་ཀྱང་། གལ་ཏེ་འདུས་བྱས་དང་བདག་ཉིད་གཅིག་པའི་འདུས་མ་བྱས་སུ་བགྲང་མི་རུང་ན། འགོག་བདེན་ཀྱང་འདུས་མ་བྱས་སུ་བགྲང་མི་རུང་སྟེ། དེ་དྲི་མ་ཟད་སའི་གཞིའི་ལམ་བདེན་དང་ བདག་ཉིད་གཅིག་ཡིན་པས་སོ། ། མཛོད་རྩ་བ་ལས། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་ཞེས་ལམ་བདེན་དུ་མ་གཏོགས་པའི་འདུས་བྱས་ཐམས་ཅད་ཟག་བཅས་སུ་བཤད་པས། སྟོང་བདག་མེད་གཉིས་ཀྱང་ལམ་བདེན་དུ་མ་གཏོགས་པས་འདུས་བྱས་ཡིན་པས་ཟག་བཅས་ཡིན་དགོས་ལ། འདོད་ན། སྡུག་བདེན་ཡིན་པར་ཐལ། ཟག་བཅས་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་རྩ་བ་ལས། གང་དག་ཟག་བཅས་ཉེར་ལེན་པའི། ། ཕུང་བོ་དེ་དག་འཐབ་བཅས་ཀྱང་། ། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྟ་གནས་སྲིད་པའང་དེ་དག་ཡིན། ། ཞེས་དོན་གཅིག་པར་གསུངས་པའི་ཕྱིར། འདོད་ན། སྟོང་བདག་མེད་གཉིས་ཆོས་ཅན། སྨོན་མེད་རྣམ་ཐར་ཡིན་པར་ཐལ། སྡུག་བདེན་གྱི་ཁྱད་ཆོས་མི་རྟག་སྡུག་བསྔལ་གཉིས་སྨོན་མེད་རྣམ་ཐར་ཡིན་པ་ གང་ཞིག མཚུངས་པའི་ཕྱིར་ཟེར་ན། རྟགས་མ་གྲུབ་སྟེ། མི་རྟག་སྡུག་བསྔལ་གཉིས་ནི་རིམ་པ་བཞིན་གཉེན་པོས་འཇིག་པའི་ལྡོག་ཆ་དང་ལས་ དང་ཉོན་མོངས་པའི་གཞན་དབང་ཅན་ཡིན་པའི་ལྡོག་ཆ་ནས་བསྟན་པས་ སྨོན་བྱར་ཞེན་པ་མི་རུང་ལ། སྟོང་བདག་མེད་གཉིས་དེའི་ལྡོག་ཆ་ནས་མ་ བསྟན་པའི་སྐྱོན་མེད་དམ་སྙམ། རང་འགྲེལ་ལས། མྱང་འདས་དང་འདྲ་བའི་ཕྱིར་སྟོང་བ་དང་བདག་མེད་པ་དག་གིས་ནི་ཡིད་མི་འབྱུང་ངོ་ཞེས་ཟག་བཅས་མ་ཡིན་པར་བཤད་པ་མིན་ནམ་ཞེ་ན།

           དེ་ནི་སྟོང་བདག་མེད་གཉིས་བསྒོམ་བྱའི་གཙོ་བོར་བྱས་ནས་ཉོན་མོངས་སྤོང་དགོས་པས་ཡིད་འབྱུང་སྐྱེ་ བའི་གནས་མིན་ཞེས་བཤད་པ་ཙམ་མོ། །འོ་ན་འདུས་མ་བྱས་གསུམ་དུ་གྲངས་ངེས་པར་ཐལ། སྟོང་བདག་མེད་གཉིས་འདུས་མ་བྱས་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྤྱི་མཚན་ལྟ་བུ་རྟག་པ་ཡིན་པས་འདུས་མ་བྱས་ཡིན་ལ། འོན་ཀྱང་རྩ་བའི་སྐབས་སུ་གསུམ་དུ་བཤད་པ་ནི་རྫས་གྲུབ་ཁྱད་པར་ཅན་གྱི་དབང་དུ་བྱས་པ་ཡིན་ཏེ། གུང་ཐང་རིན་པོ་ཆེའི་མཛོད་སྡོམ་ལས། ཁྱད་པར་བྱ་བའི་དབང་བྱས་རྫས་གྲུབ་གསུམ། ། ཞེས་གསུངས་པའི་ཕྱིར། གཞན་ཡང་སྟོང་བདག་མེད་གཉིས་འདུས་མ་བྱས་ཡིན་ན་འདུས་མ་བྱས་ལུང་མ་བསྟན་ཡིན་དགོས་ལ། དེ་ལྟར་ན། གནས་བདུན་པར། ཁམས་གསུམ་པ་དང་དྲི་མེད་ཆོས། ། འདུས་མ་བྱས་རྣམས་གཉིས་གཉིས་སོ། ། ཞེས་པའི་སྐབས་ནས་བསྟན་པའི་འདུས་མ་བྱས་ལུང་མ་བསྟན་ཡིན་དགོས་པས། ཤེས་པ་བཅུ་དང་ཆོས་བཅུ་ཡུལ་ཡུལ་ཅན་དུ་སྦྱར་ཚེ་ཆོས་ཤེས་ཀྱི་ཡུལ་དུ་དྲུག་དང་། རྗེས་ཤེས་ཀྱི་ཡུལ་དུ་བརྒྱད་དང་། སྡུག་ཀུན་ཤེས་པའི་ཡུལ་དུ་བདུན་དུ་འགྱུར་དགོས་ཀྱང་། འཕགས་ཡུལ་གྱི་མཛོད་འགྲེལ་ཐམས་ཅད་དང་། གངས་ཅན་གྱི་ མཛོད་ཀྱི་ཤིང་རྟ་བ་ཆེན་པོ་མཆིམས་འཇམ་པའི་དབྱངས་དང་། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་སོགས་སུས་ཀྱང་དེ་ལྟར་མ་སྦྱར་བས་མི་འཐད་པར་རྟོགས་སླ། རྗེ་དགེ་འདུན་གྲུབ་ཀྱི་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ལས། སྟོང་བདག་མེད་གཉིས་འདུས་མ་བྱས་ཡིན་པར་གསུངས་ཀྱང་། རྒྱ་བོད་ཀྱི་མཛོད་འགྲེལ་ཐམས་ཅད་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་འདུས་མ་བྱས་ལུང་མ་བསྟན་ལ་ནམ་མཁའ་དང་སོ་སོར་བརྟགས་མིན་གྱི་འགོག་པ་གཉིས་ལས་གཞན་མ་བཞག་པས་དེ་གཉིས་འདུས་བྱས་ཡིན་པའི་སྒྲུབ་བྱེད་ དེ་ལས་ལྷག་མི་དགོས་སམ་སྙམ་མོ། །འོན་ཀྱང་ལུགས་འདིར་འདུས་བྱས་ཡིན་ན་འདུས་བྱས་ཀྱི་མཚན་ཉིད་བཞི་ཚང་བའི་ཁྱབ་མིན་སོགས་ཅུང་དཀའ་ལ། ཀུན་མཁྱེན་བླ་མའི་མཛོད་མཐའ་དཔྱོད་དུ། རང་གི་རྒྱུ་རྐྱེན་ལས་སྐྱེ་བའི་ རབ་ཏུ་ཕྱེ་བ་དེ་འདུས་བྱས་ཀྱི་མཚན་ཉིད་ཅེས་མཚན་ཉིད་ལ་རབ་ཕྱེ་སྦྱར་ བས་གཅོད་སྡུད་གང་ཡིན། མ་འོངས་མི་སྐྱེ་བའི་ཆོས་ཅན་ལྟ་བུ་འདུས་བྱས་ཡིན་ཡང་སྐྱེས་པའི་མཚན་ཉིད་མི་ཚང་ཟེར་དགོས་མོད། དེ་ལྟ་ན་འཇིག་ པའི་མཚན་ཉིད་ཡང་ཚང་དགོས་དོན་མེད་པས་དཔྱད་དགོས་སོ། །
 

    ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།   

  གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།