བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་སྐབས་ཀྱི་དྲིས་ལན།(8)

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-20 21:12:30     རྩོམ་པ་པོ།   ཀླུ་སྐལ་རྒྱམ། འབྲས་སྤུངས་སྒོ་མ    ཀློག་ཐེངས།  

76549972386228242.jpg

          དྲི་གཞི་དང་པོ། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་ རྣམ་ཐར་དང་། སྡུག་བདེན་གྱི་ལྷག་མ་གཉིས་དང་། ཀུན་འབྱུང་གི་ཁྱད་ ཆོས་བཞི། ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ ཁྱད་ཆོས་ཡུལ་མཚན་མེད་རྣམ་ཐར་ལ་སྦྱར་འདུག་ནའང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པ་ནས། མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། ། ཞེས་གསུངས་འདུག་ན། སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་ལ། མ་བྲལ་ན། འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་། དེ་ལྟ་ན་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་མེད་པས། མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་སོགས་མཛོད་དང་སྦྱར་ནས་ཇི་ལྟར་དཔྱད།

༄༅། ། བློ་ཆེན་ཀུན་བཟང་དབྱིག་གི་བློ་གྲོས་མར། །
དགེ་ལེགས་རླབས་ཀྱི་ཕྲེང་བ་འགྱུ་བའི་མཚོར། །
དྲེགས་ལྡན་སྐྱེ་བོའི་ཚོགས་ཀྱང་ཉེར་འདུན་ན། །
ཁྱོད་གཞན་ཐར་བའི་ས་མཁན་སུ་ལ་རེ། །
ཀུན་ཕན་ཞབས་ཟུང་གསེར་གྱི་འདབ་བརྒྱའི་འཛུམ། །
ཆོས་དབྱིངས་རྒྱ་མཚོའི་ཀློང་དུ་སིམ་གྱུར་ཀྱང་། །
ལེགས་བཤད་ག་བུར་འཐིབ་པའི་ཁོར་ཡུག་ཏུ། །
གཙུག་སྐྱེས་སྙེ་མ་དུད་པས་ས་ཁྱབ་ཤོག །
              སྡུག་བསྔལ་བདེན་པའི་མཚན་ཉིད་སྟོང་བདག་མེད་གཉིས་ནི་ལུགས་ འདིར་ཡང་འདུས་མ་བྱས་ཡིན་ཡང་། མཚན་མེད་རྣམ་ཐར་གྱི་ཡུལ་དུ་མི་ འགྱུར་ཏེ། མཛོད་རང་འགྲེལ་དུ་འགོག་བདེན་མཚན་མ་བཅུ་དང་བྲལ་བར་གསུངས་པ་ནི་ལམ་སྒོམ་སྟོབས་ཀྱིས་བྲལ་བ་ལ་བཤད་པ་ལས་རང་ཉིད་དེ་མ་ཡིན་པ་ཙམ་ལ་མི་བྱ་བས་བདག་མེད་གཉིས་ལ་དེ་མི་རུང་བའི་ཕྱིར་རོ། ། མཛོད་རྩ་བར། འདུས་མ་བྱས་རྣམ་གསུམ་ཡང་སྟེ། ། ཞེས་གསུངས་པའང་དེའི་ཐད་ཀྱི་མཛོད་སྡོམ་ལས། རླུང་རྟེན་སྐྱེས་དང་མ་སྐྱེས་འགོག་པའི་ཕྱིར། ། ཁྱད་པར་བྱ་བའི་དབང་བྱས་རྫས་གྲུབ་གསུམ། །ཞེས་པའི་དགོངས་དོན་ལྟར། བྱ་བ་ཁྱད་པར་ཅན་བྱེད་པའི་འདུས་མ་བྱས་རྫས་གྲུབ་གསུམ་ངོས་བཟུང་བ་ལས་འདུས་མ་བྱས་སྤྱིའི་གྲངས་ངེས་བསྟན་པ་མིན་ལ། མཆིམས་མཛོད་ལས། བདེན་པ་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པའི་ཕྱིར། ཞེས་གསུངས་པ་ལས་འདུས་བྱས་ཡིན་པར་མ་གསུངས་པས་འདུས་ བྱས་ཡིན་པའི་ཤེས་བྱེད་དུ་འགྲོ་དཀའ་བར་སྣང་ངོ་། ། གནས་བདུན་པར། ཆོས་བཅུ་དག་ནི་སྦྱར་བར་བྱ། ། ཞེས་པ་འདིས་ཀྱང་མི་འགྲུབ་སྟེ་དེ་ནི་ཤེས་པ་བཅུའི་དམིགས་ཡུལ་ལ་ཆོས་བཅུའི་དུ་ཡོང་དཔྱོད་པའི་སྐབས་ཡིན་པ་མཐའ་དཔྱོད་ཀྱི་ཚིག་ལ་གསལ་བའི་ཕྱིར་རོ།
 

   ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

    གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།