བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་སྐབས་ཀྱི་དྲིས་ལན།(7)

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-20 21:10:14     རྩོམ་པ་པོ།   སྒོ་མང་སྤྲུལ་སྐུ་ལ་མོ་འོད་ཟེར།    ཀློག་ཐེངས།  

76549972386228242.jpg
 

        དྲི་གཞི་དང་པོ། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་ རྣམ་ཐར་དང་། སྡུག་བདེན་གྱི་ལྷག་མ་གཉིས་དང་། ཀུན་འབྱུང་གི་ཁྱད་ ཆོས་བཞི། ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ ཁྱད་ཆོས་ཡུལ་མཚན་མེད་རྣམ་ཐར་ལ་སྦྱར་འདུག་ནའང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པ་ནས། མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། ། ཞེས་གསུངས་འདུག་ན། སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་ལ། མ་བྲལ་ན། འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་། དེ་ལྟ་ན་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་མེད་པས། མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་སོགས་མཛོད་དང་སྦྱར་ནས་ཇི་ལྟར་དཔྱད།

            ༄༅། ། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ ཡིན་པའི་རྒྱུ་མཚན་ལ་མཛོད་རང་འགྲེལ་ལྟར། མཚན་མ་བཅུ་དང་བྲལ་ བའི་ཕྱིར། ཞེས་བཀོད་པས་ཚིག་འཁྲི་ཆོད་དཀའ་ཡང་གཞུང་གི་ཐོབ་ཚོད་ལྟར་བཤད་ན། མཆིམས་མཛོད་ལྟར་སྡུག་བདེན་གྱི་སྟོང་བདག་མེད་གཉིས་འདུས་བྱས་སུ་ཁས་བླངས་ཏེ། དེ་གཉིས་ཡུལ་སྨོན་མེད་མ་ཡིན་པའི་རྒྱུ་ མཚན་ལ་རྒྱལ་སྲས་མར། སྡུག་བསྔལ་གྱི་བདེན་པ་ལ་སྟོང་བ་དང་བདག་ མེད་པའི་རྣམ་པ་དག་ཏུ་དམིགས་མོད་ཀྱི། དེ་དག་གིས་སྡུག་བསྔལ་དེ་ལས་ཡིད་འབྱུང་བ་ནི་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ དང་འདྲ་བའི་ཕྱིར་ཏེ། སོགས་གསུངས་པའི་ཕྱིར། བྱས་ཚེ། མཛོད་རྩ་བར། ཆོས་བཅུ་དག་དང་སྦྱར་བར་བྱ། ། ཞེས་པའི་སྐབས་དང་ཡང་འགྲིག་གོ ། ཡང་ན། དེ་གཉིས་འདུས་མ་བྱས་སུ་ཁས་བླངས་ཏེ། མཚན་མ་བཅུ་དང་བྲལ་ཙམ་གྱིས་ཡུལ་མཚན་མེད་རྣམ་ཐར་དུ་ཁས་ལེན་མི་དགོས་ཏེ། མཚན་མ་བཅུ་དང་བྲལ་བ་ཞེས་པ་དེ་བཅུ་གང་རུང་མིན་ཙམ་ལ་གོ་རྒྱུ་མ་ཡིན་པའི་ཕྱིར་སྙམ་ལ། དེ་ལྟ་ན་སྡུག་བསྔལ་ཤེས་པའི་ཡུལ་ལ་ཟག་མེད་ཅིག་འཇོག་ མིན་དང་། དེའི་ཡུལ་ལ་ཆོས་བདུན་ཡོད་པར་ཐལ་མིན་སོགས་མཛོད་པ་བ་རྣམས་ཀྱི་ཞལ་ན་གསལ་བ་ལྟར་རོ། །
 

   ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

      གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།