བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་སྐབས་ཀྱི་དྲིས་ལན།(6)

ཡོང་ཁུངས།   དྲང་ངེས་བགྲོ་གླེང་།     སྤེལ་དུས།  2016-05-20 21:06:30     རྩོམ་པ་པོ།   ཧར་གདོང་དཔལ་ལྡན་ཆོས་གྲགས།     ཀློག་ཐེངས།  

76549972386228242.jpg

          དྲི་གཞི་དང་པོ། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་ རྣམ་ཐར་དང་། སྡུག་བདེན་གྱི་ལྷག་མ་གཉིས་དང་། ཀུན་འབྱུང་གི་ཁྱད་ ཆོས་བཞི། ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ ཁྱད་ཆོས་ཡུལ་མཚན་མེད་རྣམ་ཐར་ལ་སྦྱར་འདུག་ནའང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པ་ནས། མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། ། ཞེས་གསུངས་འདུག་ན། སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་ལ། མ་བྲལ་ན། འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་། དེ་ལྟ་ན་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་མེད་པས། མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་སོགས་མཛོད་དང་སྦྱར་ནས་ཇི་ལྟར་དཔྱད།

༄༅། ། དྲི་མེད་མཁྱེན་བརྩེའི་ཟླ་བ་ནོར་བུའི་སྤྲིན། །
ཤེས་བྱའི་མཁའ་ན་བསྐྱོད་ཅིང་བསྐྱོད་པ་ལས། །
ཀུན་ཕན་ལེགས་བཤད་བདུད་རྩིའི་བསང་གཏོར་འབུམ།།
འབྱེད་མཁས་དཔལ་ལྡན་བླ་མས་བདག་ལ་སྲུངས། །
ཁྱོད་གསུང་གསེར་ལྡན་འཛིན་མའི་ཁོར་ཡུག་ཏུ། །
རྙེད་པའི་ལེགས་བཤད་མུ་ཏིག་སྙེ་མའི་འབྲུ། །
དད་གསུམ་སྙིམ་པའི་རྩེ་ལ་མངོན་བཀོད་དེ། །
དྲིན་ལྡན་བླ་མ་མཆོད་པའི་སྤྲིན་དུ་སྤྲོ། །
                     མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། ཞེས་སོགས་ཀྱི་སྐབས་སུ་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ལས་སྟོང་བདག་མེད་ གཉིས་ཡུལ་སྟོང་ཉིད་རྣམ་ཐར་དང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་དང་། སྡུག་བདེན་གྱི་རྣམ་པ་ལྷག་མ་གཉིས་དང་ཀུན་འབྱུང་གི་ཁྱད་ཆོས་བཞི། ལམ་བདེན་གྱི་ཁྱད་ཆོས་བཞི་སྟེ་བཅུ་བོ་ཡུལ་སྨོན་མེད་རྣམ་ཐར་དུ་གསུངས་ལ། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ནི། མཚན་མ་བཅུ་སྟེ་ཡུལ་ལྔ་དང་ཕོ་ མོ་གཉིས་འདུས་བྱས་ཀྱི་མཚན་ཉིད་རྣམས་དང་བྲལ་བའི་ཆ་ནས་འཇོག་པ་ ཡིན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་གསུངས་པ་ལྟར། དེ་ཡང་འགོག་ བདེན་གྱི་ཁྱད་ཆོས་བཞི་མཚན་མ་བཅུ་བོ་རེ་རེ་ནས་མ་ཡིན་པའམ་རང་གི་ངོ་བོ་ལ་དེ་དག་མེད་པ་ཙམ་ལ་མི་བྱེད་པར་གཉེན་པོའི་སྟོབས་ཀྱིས་དེ་དག་དང་བྲལ་བ་ལ་འཇོག་པས་འདུས་མ་བྱས་གཞན་སྟོང་བདག་མེད་གཉིས་དང་ ཤེས་བྱ་ཡོད་པ་སོགས་དང་འདྲ་དོན་མེད་ལ། མཚན་མ་དེ་དག་མ་ཡིན་པ་སོགས་ཀྱིས་འཇོག་ན་འདུས་མ་བྱས་ཐམས་ཅད་ཀྱང་ཡུལ་མཚན་མེད་དུ་ ཐལ་བའི་སྐྱོན་སྤང་དཀའ་ལ། རང་འགྲེལ་གྱི་ལུང་དེའི་ཡང་མཚན་མ་བཅུ་དང་བྲལ་བ་ཞེས་གསུངས་པས་ཤེས་ནུས་སོ། ། འོན་ཀྱང་འགའ་ཞིག་གིས་སྟོང་བདག་མེད་གཉིས་འདུས་བྱས་ཡིན་པས་ཡུལ་མཚན་མེད་རྣམ་ཐར་དུ་ ཐལ་བའི་ཉེས་པ་མེད་ཟེར། དེ་དག་འདུས་བྱས་ཡིན་པ་ནི་རྩ་བ་ལས། འདུས་མ་བྱས་རྣམ་གསུམ་ཡང་སྟེ། ། ཞེས་དང་། འགྲེལ་བ་མངོན་པའི་རྒྱན་ལས་ཀྱང་། གལ་ཏེ་དེ་བཞིན་ཉིད་ཀྱང་འདུས་མ་བྱས་མ་ཡིན་ནམ་ཅིའི་ཕྱིར་རྣམ་པ་གསུམ་དུ་བརྗོད་ཅེ་ན། དེ་བཞིན་ཉིད་ནི་བདག་མེད་པ་ལ་འདོད་ན་ཆོས་ཀྱི་བདག་མེད་ནི་སྡེ་བ་དག་གིས་མི་འདོད་ལ་གང་ཟག་གི་བདག་མེད་ནི་བདེན་བཞིའི་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ལ་འདོད་པས་ན། འགོག་བདེན་གྱི་རྣམ་པ་རྣམས་ནི་སོ་སོར་བརྟགས་འགོག་གི་ངོ་བོ་ཡིན་ལ། བདེན་པ་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པའི་ ཕྱིར་དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ། ། ཞེས་གསུངས་པའི་ཕྱིར་ཟེར་ལ།

          དེ་ཡང་འཐད་པར་དཀའ་སྙམ་སྟེ། རྩ་བའི་ལུང་དོན་འདུས་མ་བྱས་ཡིན་ན་འགོག་པ་གཉིས་དང་ནམ་མཁའ་གསུམ་པོ་གང་རུང་གིས་ཁྱབ་པར་སྒྲུབ་པ་མིན་ལ། དེ་ཡིན་ན་ཤེས་བྱ་དང་ཡོད་པ་ སོགས་ཀྱང་འདུས་བྱས་ཡིན་པར་འདོད་དམ། འདོད་ན། དུས་ཐམས་ཅད་དུ་ཡོད་པའི་འདུས་བྱས་ཡོད་པར་ཐལ། འདོད་ན། རྩ་བ་ལས། དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། ། ཞེས་དང་། མཛོད་ཊཱིཀ་ལས། དངོས་པོ་རྣམས་རིམ་གྱིས་སྐྱེས་པ་དང་། སོགས་པ་རེས་འགའ་སྐྱེས་པ་ཡིན་པའི་ ཕྱིར། ཞེས་སོགས་གསུངས་པ་དང་ཅི་ལྟར་མི་འགལ། དེས་ན་རྩ་བའི་ལུང་དོན་ནི། འདུས་མ་བྱས་རྫས་གྲུབ་ལ་དེ་གསུམ་དུ་ངེས་པའི་དོན་ཡིན་ཏེ། ཕར་ཕྱིན་མཐའ་དཔྱོད་ལས། འདུས་མ་བྱས་རྫས་གྲུབ་བམ་དོན་བྱེད་ནུས་པ་གསུམ་དུ་འདོད་པའི་ཕྱིར། ཞེས་དང་། མཛོད་སྡོམ་ལས། ཁྱད་པར་བྱ་བའི་དབང་བྱས་རྫས་གྲུབ་གསུམ། ། ཞེས་གསུངས་པའི་ཕྱིར། མཆིམས་ མཛོད་ཀྱི་ལུང་དེས་ཡང་འདུས་བྱས་ཀྱི་བདག་ཉིད་ཅེས་གསུངས་ཀྱི་འདུས་ བྱས་ཡིན་ཞེས་མ་གསུངས་ལ། དེ་འདུས་བྱས་ཡིན་པས་དེ་བཞིན་ཉིད་མིན་ ཞེས་པའང་མིན་ལ་དེ་བཞིན་འདུས་མ་བྱས་ལས་ལོགས་སུ་མེད་པར་གསུངས་པས་དེ་འདུས་མ་བྱས་ཡིན་པར་དོན་གྱིས་འགྲུབ་བོ། ། དེ་ལྟར་མིན་ན་དེ་ བཞིན་ཉིད་ཀྱང་འདུས་བྱས་ཡིན་ཞེས་གསུང་དགོས་པ་ལ་མ་གསུངས་པའི་ ཕྱིར། འོ་ན་སྟོང་བདག་མེད་གཉིས་འདུས་མ་བྱས་ཡིན་པའི་རྒྱུ་མཚན་ཅི་ ཡོད་ཅེ་ན། དེ་གཉིས་འདུས་མ་བྱས་ལས་གཞན་འདུས་བྱས་ཡིན་ན་སྡུག་ བདེན་དུ་ཐལ། འདོད་པའི་ཕྱིར། འདོད་ན། ཡུལ་སྨོན་མེད་རྣམ་ཐར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བ་ལས། སྟོང་ཉིད་བདག་མེད་སྟོང་ཉིད་དུ། ཞེས་སྟོང་ཉིད་རྣམ་ཐར་དུ་གསུངས་པ་དང་། རང་འགྲེལ་ལས། མྱ་ངན་འདས་པ་དང་འདྲ་བའི་ཕྱིར་སྟོང་བ་དང་བདག་མེད་དག་གིས་ནི་ཡིད་མི་འབྱུང་ངོ་། ། ཞེས་དང་། རྒྱལ་སྲས་མ་ལས། སྡུག་བསྔལ་གྱི་བདེན་པ་ལ་སྟོང་བ་དང་བདག་མེད་པའི་རྣམ་པ་དག་ཏུ་དམིགས་མོད་ཀྱི་དེ་དག་གིས་སྡུག་བསྔལ་དེ་ལས་ཡིད་འབྱུང་བ་ནི་མ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར།

            སྡུག་བདེན་ཡིན་ན་ཡིད་འབྱུང་བ་ཡིན་དགོས་པས་ཡིད་འབྱུང་བ་མིན་པར་ཅི་ལྟར་གསུངས། མཛོད་ཊཱིཀ་ལས། དེ་བཞིན་བདག་མེད་པ་ལ་འདོད་ན་ཆོས་ཀྱི་བདག་མེད་ནི་འདིར་མི་འདོད་ལ། གང་ཟག་གི་བདག་མེད་ནི་འདུས་མ་བྱས་དང་བདེན་བཞིའི་མི་རྟག་སོགས་བཅུ་དྲུག་གི་སྟོང་བདག་མེད་གཉིས་མ་གཏོགས་པ་འགའ་ཞིག་ནི་འདུས་བྱས་ཡིན་ཞིང་ དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ། ། ཞེས་གསུངས་པ་སོགས་ཀྱིས་འདུས་མ་བྱས་སུ་འདོད་དགོས་སྙམ་མོད། འོན་ཀྱང་དཔྱད་གཞི་ཆེ་བར་སྣང་སྟེ། སྟོང་བདག་མེད་གཉིས་འདུས་མ་བྱས་ཡིན་ན་འདུས་མ་བྱས་ལུང་མ་བསྟན་ཡིན་དགོས་པ་ལས་དགེ་བ་ཡིན་དོན་མེད་ལ། དེ་ལྟར་ན་གནས་བདུན་པར། ཆོས་བཅུ་དག་ནི་སྦྱར་བར་བྱ། ། ཞེས་གསུངས་པའི་ཆོས་བཅུ་ལ་ཁམས་གསུམ་དང་དྲི་མ་མེད་པའི་ལམ་གྱི་ཆོས་ལ་མཚུངས་ལྡན་ཡིན་མིན་གཉིས་སུ་ཕྱེ་བའི་བརྒྱད་དང་འདུས་མ་བྱས་དགེ་བ་དང་ལུང་མ་ བསྟན་གཉིས་སུ་ཕྱེ་བའི་བཅུར་དབྱེ་བའི་སྟོང་བདག་མེད་གཉིས་ཀྱང་དེའི་ ནང་གི་འདུས་མ་བྱས་ལུང་མ་བསྟན་ཡིན་པར་འདོད་དམ། འདོད་ན། མཆིམས་མཛོད་ལས། འདུས་མ་བྱས་ལ་སོ་སོར་བརྟགས་འགོག་དགེ་བ་དང་ནམ་མཁའ་དང་བརྟགས་མིན་ལུང་མ་བསྟན་ཡིན་པ་གཉིས་སུ་འགྱུར་བའི་ ཕྱིར། ཞེས་གསུངས་པ་དང་འགལ་ལམ་སྙམ་མོ། ། ཆོས་ཐམས་ཅད་ཆོས་བཅུའི་ནང་དུ་འདུ་མི་དགོས་སྙམ་ན། དེ་ཉིད་ལས། ཤེས་བྱའི་ཆོས་ཐམས་ཅད་རྣམ་པ་བཅུར་ཕྱེ་ལ། ཞེས་གསུངས་པའི་ཕྱིར། འོན་ཀྱང་སྟོང་བདག་མེད་གཉིས་འདུས་མ་བྱས་ཡིན་ཡང་ཆོས་བཅུ་དག་ནི་སྦྱར་བར་བྱ་ཞེས་པ་ནི་ཤེས་པའི་དམིགས་པ་ཙམ་ལ་བཤད་པས་སྟོང་བདག་མེད་གཉིས་ཤེས་པའི་ རྣམ་པའི་ཡུལ་ཙམ་ལས་དམིགས་པའི་ཡུལ་མིན་པས་སྐྱོན་མེད་དམ་སྙམ། དམིགས་ཡུལ་དགོས་པར་མཆིམས་མཛོད་ལས། ཤེས་པ་དེ་དག་གི་དམིགས་ཡུལ་ཤེས་བྱ་དེ་དག་ཡིན་པའི་ཕྱིར། ཞེས་དང་། མཛོད་མཐའ་དཔྱོད་དུ་ཡང་། ཤེས་པ་བཅུ་དང་ཆོས་བཅུ་ཡུལ་ཡུལ་ཅན་དུ་སྦྱོར་ཚུལ་ཀུན་རྫོབ་ཤེས་པའི་དམིགས་པར་ཆོས་བཅུ་བོ་ཐམས་ཅད་ཡོད། ཆོས་ཤེས་ཀྱི་དམིགས་པར་ལྔ། ཞེས་སོགས་གསུངས། གོང་གི་མཆིམས་མཛོད་ཀྱི་ལུང་དོན་ལ་དཔག་ན་སྟོང་བདག་མེད་གཉིས་དེར་འདུ་དགོས་པས་དེ་ལྟ་ན་སྡུག་བསྔལ་ཤེས་པའི་ཡུལ་ལ་འདུས་མ་བྱས་ལུང་མ་བསྟན་ཡོད་དགོས་སམ། འདོད་ན། སྡུག་ བསྔལ་ཤེས་པའི་ཡུལ་ལ་ཟག་བཅས་དགོས་པས་སྟོང་བདག་མེད་གཉིས་ཟག་བཅས་སུ་ཐལ་བ་དང་། ཡང་སྡུག་བསྔལ་ཤེས་པའི་ཡུལ་ལ་ཆོས་བཅུའི་ནང་ནས་བདུན་ཡོད་པར་ཐལ་ན། དེ་མི་འཐད་དེ། རང་འགྲེལ་ལས། སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་གི་དྲུག་སྟེ། ཞེས་དང་།

           མཐའ་དཔྱོད་ལས། དེ་གཉིས་ཀྱི་དམིགས་པར་ཁམས་གསུམ་གའི་སྡུག་བསྔལ་ཀུན་འབྱུང་རེ་རེའི་མཚུངས་ལྡན་ཡིན་མིན་དྲུག་དྲུག་ཡོད་པའི་ཕྱིར། ཞེས་གསུངས་པ་སོགས་དང་འགལ་མིན་དཔྱད། མཆིམས་མཛོད་ཀྱིས་ཤེས་བྱའི་ཆོས་ཐམས་ཅད་ཅེས་པ་ཤེས་པའི་དམིགས་ཡུལ་དུ་གྱུར་བའི་ཤེས་བྱའི་ཆོས་ཐམས་ཅད་ཅེས་འགྲེལ་ན་འགྲིག་གམ་དཔྱད་པར་བྱའོ། ། ཡང་སྟོང་བདག་མེད་གཉིས་འདུས་བྱས་སུ་འདོད་པ་ཡང་ཡོད་དེ། རྒྱལ་དབང་མཛོད་དུ་དེ་གཉིས་འདུས་བྱས་སུ་གསུངས་པ་དང་། རྩ་བ་ལས། འདུས་མ་བྱས་རྣམ་གསུམ་ཡང་སྟེ། ། ཞེས་འདུས་མ་བྱས་ལ་གསུམ་དུ་གྲངས་ངེས་པར་སྒྲུབ་པའི་ཕྱིར། དེ་གནས་མ་བུས་འདུས་མ་བྱས་མྱང་འདས་གཅིག་བུར་སྨྲ་བ་དང་བྱེ་བྲག་པས་འདུས་མ་བྱས་རྡུལ་ཕྲ་རབ་ལ་སོགས་པ་མང་བོར་སྨྲ་བ་དགག་ཚུལ་ཅི་ལྟར་ཡིན། མྱང་འདས་སོགས་རྫས་གྲུབ་མིན་པས་དགག་དགོས་མིན་ལ་ཡིན་ན་ནི་འདུས་མ་བྱས་གསུམ་ལས་གཞན་པའི་འདུས་མ་བྱས་མཐའ་དག་དགོས་པར་འགྱུར་རམ་དཔྱད། གོང་གི་རྩ་བས་འདུས་མ་བྱས་ལ་གསུམ་དུ་གྲངས་ངེས་པར་ སྒྲུབ་པ་ཡིན་ཏེ། གསེར་ཕྲེང་ལས། དེ་ལ་ཁ་ཆེ་བྱེ་སྨྲ་ནི་འགོག་པ་གཉིས་དང་ནམ་མཁའ་སྟེ་འདུས་མ་བྱས་གསུམ་དུ་འདོད་ཅིང་དེའི་སྟེང་དུ་དེ་བཞིན་ ཉིད་བསྣན་ནས་བཞིར་ཡུལ་དབུས་ཀྱི་བྱེ་སྨྲ་རྣམས་འདོད་དོ་ཞེས་ཡེ་ཤེས་ སྙིང་བོའི་ཀུན་བཏུས་འགྲེལ་བར་བཤད་དོ།། ཞེས་དང་། མཆིམས་མཛོད་དུ། འདིར་གསུམ་ཞེས་སྨྲས་བས་ནི་གནས་མ་བུའི་སྡེ་དག་འདུས་མ་བྱས་མྱང་ འདས་གཅིག་པུར་སྨྲ་བ་དང་བྱེ་བྲག་པ་འདུས་མ་བྱས་རྡུལ་ཕྲ་རབ་ལ་སོགས་པ་མང་བོ་སྨྲ་བ་དགག་པའི་ཕྱིར་ཞེས་རྒྱལ་བོའི་སྲས་འཆད་དོ། ། ཞེས་གསུངས་པས་སྟོང་བདག་མེད་གཉིས་འདུས་བྱས་སུ་འདོད་ན་འཐད་དཀའ་མིན་ལ་ དཔྱོད། །གང་ལྟར་ཡང་འདུས་མ་བྱས་སུ་ཁས་བླངས་ན་འཐད་ཕྱོགས་མང་ངོ་།། ཡང་འགའ་ཞིག་འགོག་བདེན་གྱི་སྟོང་བདག་མེད་གཉིས་འདུས་མ་བྱས་དང་སྡུག་བདེན་གྱི་དེ་གཉིས་འདུས་བྱས་སུ་བྱས་ན་ཆོས་བཅུ་དག་ནི་སྦྱར་བར་བྱ་ཞེས་པ་དང་མཐུན་ཏེ་དེ་ནི་རྫས་སྤྱི་སོགས་ཆོད་པའི་དབང་དུ་བྱས་ན་ཆོས་ ཐམས་ཅད་དེར་འདུས་དགོས་ཟེར། ཡང་རྣམ་ཐར་སྒོ་གསུམ་གྱི་སྐབས་སུ་ཡུལ་སྟོང་ཉིད་རྣམ་ཐར་ལ་སྟོང་བདག་མེད་གཉིས་འཇོག་པ་དེ་སྡུག་བདེན་གྱི་སྟོང་བདག་མེད་གཉིས་ཙམ་ལ་མི་བྱེད་པར་ཆོས་ཐམས་ཅད་ཀྱི་བདག་ མེད་སོགས་ལ་བྱེད་དགོས་ཟེར་ཡང་། འདིའི་ཡུལ་ སྟོང་ཉིད་རྣམ་ཐར་ནི་སྡུག་བདེན་གྱི་སྟོང་བདག་མེད་གཉིས་ལ་བྱེད་དགོས་པའི་ཕྱིར་ཏེ། ཁྱད་ ཆོས་བཅུ་དྲུག་གི་སྟེང་ནས་ཡུལ་རྣམ་ཐར་སྒོ་གསུམ་ལ་ཕྱེ་བ་ཡིན་པའི་ཕྱིར། མཆིམས་མཛོད་ལས། སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན་ནི་སྟོང་བའམ་བདག་མེད་པ་ལ་དམིགས་ནས་སྡུག་བསྔལ་གྱི་བདེན་པའི་བདག་མེད་པ་དང་སྟོང་བ་ཉིད་དུ་འཇུག་པའི་རྣམ་པ་ཉིད་དང་མཚུངས་པར་ལྡན་པའོ།། ཞེས་དང་། མཐའ་དཔྱོད་ལས། སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན་ནི་སྡུག་བདེན་ལ་བདག་མེད་དང་སྟོང་བ་ཉིད་དུ་འཇུག་པའི་རྣམ་པ་སྟེ་ཤེས་རབ་དང་མཚུངས་བར་ལྡན་པའི་ཏིང་ངེ་འཛིན་ཡིན། ཞེས་གསུངས་པས་སྟོང་བདག་མེད་སྤྱི་ཙམ་ལ་མི་བྱེད་པར་ཤེས་སླའོ། །

        དགོངས་ཟབ་རྒྱལ་བའི་གསུང་གི་མཛོད། ། ནམ་མཁའ་ལས་ཀྱང་རྒྱ་ཆེ་ཡང་། །མགོན་ཁྱོད་མཁྱེན་རྩལ་འཕྲུལ་གཅིག་གིས། ། དོན་གྱི་སྙིང་བོ་འགྲོ་ལ་བྱིན། ། ལེགས་བཤད་འོད་ཀྱི་སྣང་བ་ཕྲ་མོས་ཀྱང་། ། ཐར་ལམ་དཔྱིད་ཀྱི་དཔལ་མོ་ཉེར་མཚོན་པའི། ། དྲིན་ཆེན་བླ་མ་དྲི་མ་མེད་པའི་མགོན། ། བསྐལ་བའི་མཐར་ཡང་འབྲལ་བ་མེད་པར་ཤོག །
ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་བློ་བཟང་དགེ་འདུན་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་འབྲས་སྒོ་མང་ཏྲེ་ཧོར་དཔལ་ལྡན་ཆོས་གྲགས་ནས་བྲིས། །
      ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།  

གསལ་འདེབས།
        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།