གསེར་ཕྲེང་བགྲོ་གླེང་གཉིས་པའི་རྩོམ་གཞི་དགུ་པའི་དྲིས་ལན།།
བཞི་པ་ལ་གཉིས།མཐོང་ལམ་དང༌།སྒོམ་ལམ་ལ་གདམས་པའོ་ཞེས་པ་ནས་དེས་ན་ཐོད་བརྒལ་བ་དང༌།རིམ་གྱིས་པ་གང་ཡང་ཡིན་པའི་དགེ་འདུན་ནི་དུ་མ་ཞིག་འོང་བར་སྣང་ངོ་ཞེས་པའི་བར་གྱི་དྲིས་ལན།
ཡུམ་གྱི་སྦས་དོན་མཁྱེན་གསུམ་སྦྱོར་བཞིའི་ལམ།།ཇི་བཞིན་འགྲེལ་མཛད་འཕགས་བོད་མཁས་པའི་མཆོག།ཕྱག་འོས་ཀུན་ལ་སྒོ་གསུམ་རབ་བཏུད་དེ།།སྐབས་འབབ་བརྗོད་དོན་ཅུང་ཟད་གླེང་ལ་རེམ།།
གང་གླེང་བར་བྱ་བ་ནི་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་མཚོན་བྱེད་དཔེའི་དགེ་འདུན་གྱི་ཐད།དགེ་འདུན་གྱི་གྲངས།བརྡ་སྤྱོར་པའི་ཚུལ།ཞུགས་གནས་གང་ལ་བཞག་པ།འབྲས་བུ་རྣམས་འཐོབ་པའི་ཚུལ་ལོ་ཞེས་ས་བཅད་བཞིའི་དོན་ལ་འབྲུ་སྣོན་དང་ཅུང་ཟད་དོགས་དཔྱོད་འགོད་ཁུལ་བགྱི་ན།དང་པོ་ནི།སྐྱེས་བུ་ཟུང་བཞིའམ་ཞེས་པ་ནས་ཉན་ཐོས་ཚོགས་ལམ་པ་བཞིན་ནོ་ཞེས་པའི་བར་ནི་དགེ་འདུན་གྲངས་འདྲེན་གྱི་བཤད་གཞི་ཡིན།སྐྱེས་བུ་ཟུང་བཞི་ནི།རྒྱུན་ཞུགས་ཞུགས་འབྲས་གཉིས་དང༌།ཕྱིར་འོང་ཞུགས་འབྲས་གཉིས།ཕྱིར་མི་འོང་ཞུགས་འབྲས་གཉིས།དགྲ་བཅོམ་ཞུགས་འབྲས་གཉིས་བཅས་དེ་རྣམས་ཆ་རེ་ལ་ཟུང་དང༌།རེ་རེ་ནས་གྲངས་འདྲེན་ན་ཡ་བརྒྱད་དུ་གྱུར་པ་ཡིན།དེ་བརྒྱད་པོ་དེ་ཐེག་དམན་གྱི་དགེ་འདུན་གཙོ་བོའི་དབང་དུ་བྱས་ནས་གྲངས་འདྲེན་པ་ཡིན་གྱི་སྤྱིར་ཐེག་དམན་གྱི་དགེ་འདུན་ཡིན་ན་དེ་བརྒྱད་པོ་གང་རུང་ཡིན་མི་དགོས་ཏེ།ཉན་ཐོས་ཚོགས་སྦྱོར་བ་གཉིས་ཐེག་དམན་གྱི་དགེ་འདུན་ཡིན་ཀྱང་དེ་བརྒྱད་གང་རུང་མིན་པའི་ཕྱིར།གང་ཟག་དེ་རྣམས་འཕགས་པ་དང་སོ་སྐྱེ་གང་ཡིན་ལ་མངོན་པ་གོང་འོག་ཅུང་ཟད་མི་མཐུན་པ་ནི་མཛོད་ལུགས་ལྟར་ན་བརྒྱད་ཀ་ལ་འཕགས་པ་ཡིན་པས་ཁྱབ་པར་བཞེད།དེ་ཡང་རྒྱུན་ཞུགས་ཞུགས་པ་དང༌།ཆགས་བྲལ་སྡོན་སོང་གི་ཕྱིར་འོང་ཞུགས་པ་དང་དེའི་ཕྱིར་མི་འོང་ཞུགས་པ་གསུམ་མཐོང་ལམ་གྱི་གནས་སྐབས་དང༌།མཐར་གྱིས་པའི་ཞུགས་པ་དང༌།འབྲས་གནས་གང་ཡིན་ལ་སྒོམ་ལམ་ཐོབ་པས་ཁྱབ་པར་བཞེད་དེ།བཅུ་དྲུག་པ་ལམ་རྗེས་ཤེས་སྒོམ་ལམ་དུ་བཞེད་པའི་ཕྱིར།མངོན་པ་གོང་མ་ལྟར་ན་རྒྱུན་ཞུགས་ཞུགས་པ་སྤྱོར་ལམ་སྟན་གཅིག་པ་ནས་བཞག་ཅིང༌།གཞན་ཞུགས་པ་རྣམས་མཛོད་ལུགས་ལྟར་མཚུངས་པར་གསུངས།འབྲས་གནས་ལ་ཐོད་རྒལ་བའི་འབྲས་བུ་བར་པ་གཉིས་ཀྱི་འབྲས་གནས་གཉིས་དང༌།རྒྱུན་ཞུགས་འབྲས་གནས་ལ་མཐོང་ལམ་པའང་ཡོད་པར་གསུངས་ཤིང་འབྲས་གནས་གཞན་ལ་སྒོམ་ལམ་པ་ཡིན་པས་ཁྱབ་པར་གསུངས་པ་ནི་མངོན་པ་ཀུན་བཏུས་ཀྱི་ལུགས་བཀོད་པ་ཡིན་གྱི་རྗེའི་རང་ལུགས་ལ་འབྲས་བུ་རིམ་གྱིས་པའི་འབྲས་གནས་གཉིས་ལ་མཐོང་ལམ་པ་ཡོད་པར་བཞེད་དམ་སྙམ།
གཉིས་པ་བརྡ་སྦྱོར་ཚུལ་ལ།འབྲས་བུ་ཐོད་རྒལ་བ་དང༌།རིམ་གྱིས་པ་དང༌།སྤང་བྱ་ཅིག་ཅར་བའི་དགེ་འདུན་ཞེས་བརྡ་སྦྱོར་ཚུལ་གསུམ་ལས།འབྲས་བུ་ཐོད་རྒལ་བ་ལ་མངོན་པ་གོང་འོག་ལས་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་སྔོན་དུ་སོང་བ་དང༌།འདོད་པ་ལ་ཆགས་པ་དང་བྲལ་བ་སྔོན་དུ་སོང་བ་ཞེས་བརྡ་མཛད་ཅིང༌།འདིར་དེ་གཉིས་ལ་ཐོད་རྒལ་བ་ཞེས་བཏགས་པ་ནི་དོན་གྱི་འཐོབ་པ་ཡིན་ཏེ།ཆགས་བྲལ་སྔོན་སོང་དང༌།འབྲས་བུ་རིམ་གྱིས་པ་གཉིས་འབྲས་བུ་མངོན་དུ་བྱེད་ཚུལ་མི་འདྲ་བ་ཡོད་པ་ལ་བརྟེན་ནས་ཤེས་ནུས་པའི་ཕྱིར་ཏེ།རིམ་གྱིས་པ་ཞེས་པ་འབྲས་བུ་རིམ་གྱིས་པ་ལ་བརྗོད་ན།འདིས་འབྲས་བུ་རིམ་གྱིས་མི་བྱེད་པར་ཐོད་དུ་རྒལ་བའི་ཕྱིར།རིམ་གྱིས་པ་དང༌།སྤང་བྱ་ཅིག་ཅར་བ་གཉིས་ལ་ལམ་རིམ་གྱིས་པ་དང༌།ལམ་ཅིག་ཅར་བ་ཞེས་མཁས་པ་སྔ་མ་འགས་བརྡ་སྦྱོར་ཚུལ་མང་ཡང༌།དེ་ལ་རྗེས་དེ་དག་གིས་ནི་བརྡ་དེ་དག་གི་དོན་གཏན་ནས་མ་རྟོགས་པར་མཐོང་སྟེ་ཞེས་གསུངས།དེ་ཡང་ལམ་རིམ་གྱིས་པ་དང་ཅིག་ཅར་བ་ལ་བྱེད་ཚེ་ཚོགས་ལམ་ནས་ཐེག་པ་རང་ལུགས་ཀྱི་མི་སློབ་ལམ་བར་ལྔ་དང༌།ཡང་ན་སྦྱོར་བའི་ལམ་དང༌།བར་ཆད་མེད་ལམ།རྣམ་གྲོལ་ལམ།ཁྱད་པར་གྱི་ལམ་བཞི་ལ་སྦྱར་ནས་བཤད་ཚུལ་གཉིས་ལས་མ་འདས་ཤིང་གང་ལ་སྦྱར་ཀྱང་ལམ་དེ་རྣམས་རིམ་ཅན་དུ་སྐྱེ་བ་མ་གཏོགས་ཅིག་ཅར་དུ་སྐྱེ་བ་ནམ་ཡང་མི་སྲིད་པའི་ཕྱིར།དེས་ན་རང་ལུགས་ལ་རིམ་གྱིས་པ་ལ་འབྲས་བུ་ཐོད་རྒལ་བའི་ཟླས་དྲངས་པའི་འབྲས་བུ་རིམ་གྱིས་པ་དང༌།སྤང་བྱ་ཅིག་ཅར་བའི་ཟླས་དྲངས་པའི་སྤང་བྱ་རིམ་གྱིས་པ་གཉིས་སུ་ངེས་པ་ཡིན།གསུམ་པ་ཞུགས་གནས་གང་ལ་བཞག་པ་ལ།ཐོད་རྒལ་བ་གང་ལ་བཞག་པ་དང༌།རིམ་གྱིས་པ་གང་ལ་བཞག་པ།ཅིག་ཅར་བ་གང་ལ་བཞག་ཚུལ་གསུམ་ལས།
དང་པོ་ཐོད་རྒལ་བ་ལ་ཕྱིར་འོང་དང་ཕྱིར་མི་འོང་གི་ཞུགས་གནས་བཞི་སྲིད་ཀྱི་གཞན་རྒྱུན་ཞུགས་དང་དགྲ་བཅོམ་ཞུགས་འབྲས་མི་སྲིད་པའི་ཕྱིར།དེ་ལ་རྒྱུན་ཞུགས་མི་སྲིད་པའི་རྒྱུ་མཚན་གཉིས་ལས།འབྲས་བུ་མངོན་དུ་བྱེད་ཚུལ་གྱི་སྒོ་ནས་མི་སྲིད་པའི་རྒྱུ་མཚན་ནི།འབྲས་བུ་ཐོད་རྒལ་བ་ཞེས་འབྲས་བུ་སྔ་མ་དོར་ནས་མངོན་དུ་མི་བྱེད་པར་འབྲས་བུ་གོང་མ་མངོན་དུ་བྱེད་པ་ལ་བརྗོད་ན་རྒྱུན་ཞུགས་ཀྱི་འབྲས་བུ་ལས་འབྲས་བུ་འོག་མ་མི་སྲིད་པའི་ཕྱིར།སྤངས་པའི་སྒོ་ནས་མི་སྲིད་པ་ནི་ཐོད་རྒལ་བ་ཞེས་པ་དེ་རང་རང་གི་སྤང་བྱ་མཐོང་ལམ་གྱི་སྔོན་དུ་སྤངས་པའམ་ཆགས་བྲལ་བྱས་པ་ལ་གོ་དགོས་ན་རྒྱུན་ཞུགས་ཀྱི་སྤང་བྱའི་གཙོ་བོ་མཐོང་སྤང་ཀུན་སྦྱོར་གསུམ་མཐོང་ལམ་གྱི་སྔོན་དུ་སྤངས་པ་མི་སྲིད་པའི་ཕྱིར།དགྲ་བཅོམ་པའི་འབྲས་བུ་ལ་ཐོད་རྒལ་མི་སྲིད་པ་ནི་རང་ལས་འོག་མའི་འབྲས་བུ་གསུམ་གང་རུང་མངོན་དུ་མ་བྱེད་པར་དགྲ་བཅོམ་པའི་འབྲས་བུ་ཐོབ་མི་སྲིད་པས་འབྲས་བུ་ཐོབ་ཚུལ་གྱི་སྒོ་ནས་འཇོག་དཀའ།དགྲ་བཅོམ་པའི་འབྲས་བུ་འཐོབ་པ་ལ་བར་ཆད་ཀྱི་གཙོ་བོ་སྲིད་ཉོན་དགུ་པ་ས་བོན་དང་བཅས་སྤོང་དགོས་ན་མཐོང་ལམ་གྱི་སྔོན་དུ་དེ་ལྟར་མི་ནུས་པས་སྤངས་པའི་སྒོ་ནས་ཀྱང་འཇོག་ཚུལ་མེད་པའི་ཕྱིར།
གཉིས་པ་རིམ་གྱིས་པ་ནི་རྒྱུན་ཞུགས་ནས་དགྲ་བཅོམ་བར་གྱི་ཞུགས་གནས་བརྒྱད་ཀར་བཞག་པར་གོ་ལའོ།ཅིག་ཅར་བ་གང་ལ་བཞག་པ་ནི་རྒྱུན་ཞུགས་དང་དགྲ་བཅོམ་འབྲས་གནས་གཉིས་ལ་གསུངས་ཤིང་དེས་རིགས་པས་རྒྱུན་ཞུགས་ཞུགས་པ་དང་དགྲ་བཅོམ་ཞུགས་པ་གཉིས་ལ་ཡང་ཅིག་ཅར་བ་ཡོད་པར་ཤེས་ནུས།དེ་ཡང་འབྲས་བུ་ཞུགས་ལམ་སྔོན་དུ་སོང་བ་ལས་འོང་དགོས་ན་ཞུགས་པ་ལ་ཅིག་ཅར་བ་མེད་ན་འབྲས་བུའི་སྐབས་དེ་ལྟར་འོང་དོན་མེད་པའི་ཕྱིར།འབྲས་བུ་བར་པ་ཕྱིར་འོང་དང་ཕྱིར་མི་འོང་གཉིས་ལ་སྤང་བྱ་ཅིག་ཅར་བ་མི་འོང་བའི་རྒྱུ་མཚན་ནི།ཕྱིར་འོང་གི་འབྲས་བུ་མི་སྲིད་དེ།སྤང་བྱ་ཅིག་ཅར་བ་ཞེས་པ་ནི་འདོད་པ་ལ་འདུན་པའི་ཉོན་མོངས་ཆེན་པོ་ནས་སྲིད་རྩེའི་བར་གྱི་ཉོན་མོངས་ཆེན་པོ་ཅིག་ཅར་དུ་སྤོང་བ་ནས་ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་གཞན་རྣམས་ཅིག་ཅར་དུ་སྤོང་བའམ་སྤངས་པའི་ཆ་ནས་འཇོག་དགོས་པའི་ཕྱིར།དེ་བཞིན་དུ་ཕྱིར་མི་འོང་ཡང་མི་སྲིད་དེ།དེ་ལྟར་ན་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་མི་བྱེད་པར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པར་འགྱུར་བའི་སྐྱོན་དུ་འགྱུར་བའི་ཕྱིར་ཏེ།ལེགས་བཤད་གསེར་ཕྲེང་ལས།དེ་བཞིན་དུ་ཕྱིར་མི་འོང་ཡང་མི་སྲིད་དེ་འདོད་པའི་དགུ་པ་སྤངས་ན་སྲིད་རྩེའི་དགུ་པ་ཡང་སྤངས་ནས་དགྲ་བཅོམ་དུ་འགྱུར་བས་སོ་ཞེས་གསུངས།ཁ་ཅིག་བསེ་རུ་ལྟ་བུའི་རང་སངས་རྒྱས་ལ་སྤང་བྱ་ཅིག་ཅར་བ་ཡིན་པས་ཁྱབ་ཅེས་སྨྲ་བ་མི་རིགས་ཏེ།དེ་ལྟར་ན་སོ་སྐྱེ་དང་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་གཞི་མཐུན་ཁས་ལེན་དགོས་པའི་སྐྱོན་དུ་འགྱུར་བའི་ཕྱིར།དེ་ཡང་བསེ་རུ་ལྟ་བུ་ནི་སྦྱོར་ལམ་སྐྱེད་ཕྱིན་ཆད་བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས་སྐྱེ་དགོས་ཤིང༌།བསམ་གཏན་བཞི་པའི་དངོས་གཞི་ཐོབ་ན་འདོད་པ་ལ་འདུན་པའི་ཉོན་མོངས་དགུ་པ་སྤོང་དགོས།དེ་ཅིག་ཅར་བ་ཡིན་ན་དེའི་ཚེ་སྲིད་ཉོན་དགུ་པ་ཡང་སྤོང་བར་འགྱུར་བས་དེ་སྦྱོར་ལམ་ཐོབ་པ་དང་དགྲ་བཅོམ་པར་གྱུར་པ་དུས་མཉམ་པར་ཐལ་བའི་སྐྱོན་འཇུག་གོ།
བཞི་པ་འབྲས་བུ་རྣམས་འཐོབ་པའི་ཚུལ་ལ་འབྲས་བུ་དེ་དག་ལམ་གང་གིས་དང༌།དུས་ནམ་གྱི་ཚེ་དང༌།ས་གང་ལ་བརྟེན་ནས་ཐོབ་པའོ།འབྲས་བུ་དེ་དག་ལམ་གང་གིས་ཐོབ་ཚུལ་ལ་གསེར་ཕྲེང་ལས་འདས་ལམ་དང༌།ཞི་རགས་རྣམ་ཅན་གྱི་ལམ་གཉིས་ཀྱིས་ཐོབ་ཚུལ་གསུངས་པ་ལས།མཐོང་ལམ་དང་སྒོམ་ལམ་གང་ལ་བརྟེན་ནས་ཐོབ་ཚུལ་གསལ་བར་མ་གསུངས།དེ་ཡང་འབྲས་བུ་དང་མཐའ་གཉིས་དངོས་སུ་ཐོབ་བྱེད་ཀྱི་ལམ་ལ་འདས་ལམ་ཡིན་དགོས་པ་ནི།འབྲས་བུ་དང་པོ་ལམ་རྗེས་བཟོད་དང༌།དགྲ་བཅོམ་པའི་འབྲས་བུ་སྲིད་ཉོན་དགུ་པའི་དངོས་གཉེན་བར་ཆད་མེད་ལམ་ལ་བརྟེན་ནས་ཐོབ་དགོས་པའི་ཕྱིར།དེ་བཞིན་བར་པ་གཉིས་ལ་ཐོད་རྒལ་བ་གཉིས་དངོས་སུ་ཐོབ་བྱེད་ཀྱི་ལམ་ལ་འདས་ལམ་ཡིན་དགོས་ཏེ།དེ་གཉིས་དངོས་སུ་ཐོབ་བྱེད་ཀྱི་ལམ་ལ་ལམ་རྗེས་བཟོད་ཡིན་དགོས་པའི་ཕྱིར།འབྲས་བུ་རིམ་གྱིས་པ་གཉིས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་ཐོབ་པར་གསུངས་པས་འཇིག་རྟེན་ལས་འདས་པའི་ལམ་ཟག་མེད་བར་ཆད་མེད་ལམ་ལ་བརྗོད་ན་ཕྱིར་མི་འོང་གི་འབྲས་བུ་འདོད་ཉོན་དགུ་པའི་དངོས་གཉེན་བར་ཆད་མེད་ལམ་ལ་བརྟེན་ནས་ཐོབ་ཚུལ་ཅུང་དཔྱད་དགོས་པ་ཞིག་ཡིན་ནམ་སྙམ་མོ།།
འབྲས་བུ་དེ་རྣམས་མཐོང་ལམ་དང༌།སྒོམ་ལམ་གང་ལ་བརྟེན་ནས་ཐོབ་ཚུལ་ལ།འབྲས་བུ་དང་པོ་མཐོང་ལམ་ཁོ་ནས་ཐོབ་པ་དང༌།ཐར་གྱིས་པའི་འབྲས་བུ་བར་པ་གཉིས་སྒོམ་ལམ་དང༌།ཆགས་བྲལ་སྔོན་སོང་གི་འབྲས་བུ་བར་པ་གཉིས་མཐོང་ལམ།དགྲ་བཅོམ་པའི་འབྲས་བུ་སྒོམ་ལམ་ལ་བརྟེན་ནས་ཐོབ་པར་སྙིང་པོ་རྒྱན་ལས་གསུངས།དེ་ཉིད་ལས།མཐོང་སྒོམ་གྱི་ལམ་གང་ལ་བརྟེན་ནས་ཐོབ་པ་ནི།ཞེས་པ་ནས།སྲིད་རྩེའི་སྒོམ་སྤང་ཟད་པར་སྤངས་པའི་ཐོབ་དགོས་པའི་ཕྱིར།ཞེས་པའི་བར་བྱུང༌།མཐར་གྱིས་པའི་འབྲས་བུ་བར་པ་གཉིས་འཇིག་རྟེན་ལས་འདས་པའི་སྒོམ་ལམ་དང་འཇིག་རྟེན་ཞི་རགས་རྣམ་ཅན་གྱི་སྒོམ་ལམ་གཉིས་ཀས་ཐོབ་པར་ཡོད་པར་སྙིང་པོ་རྒྱན་གྱི་དགོངས་པ་ཡིན།ཀུན་མཁྱེན་ཆོས་འབྱུང་གནས་ཀྱི་གསུང་དུ།དེ་གཉིས་སྒོམ་ལམ་ལ་བརྟེན་ནས་ཐོབ་དགོས་པར་མ་ཟད་འཇིག་རྟེན་ལས་འདས་པའི་སྒོམ་ལམ་ལ་བརྟེན་ནས་ཐོབ་དགོས་པར་གསུངས།གང་ཉིད་ཀྱི་དགེ་འདུན་ཉི་ཤུའི་རྣམ་གཞག་ལས།འབྲས་བུ་རིམ་གྱིས་པའི་ཕྱིར་འོང་གི་འབྲས་བུ།དེ་འདྲ་བའི་ཕྱིར་མི་འོང་གི་འབྲས་བུ།དགྲ་བཅོམ་པའི་འབྲས་བུ་གསུམ་པོ་སྒོམ་ལམ་ཁོ་ན་ལ་བརྟེན་ནས་གསར་དུ་ཐོབ་པ་ཡིན་པའི་ཕྱིར་ཞེས་དང༌།ཡང་དེ་ཉིད་ལས།གཉིས་པ་གྲུབ་སྟེ།འབྲས་བུ་རིམ་གྱིས་པའི་ཕྱིར་འོང་གི་འབྲས་བུ་དེ།འདོད་ཉོན་དྲུག་པའི་དངོས་གཉེན་བར་ཆད་མེད་ལམ་ལ་བརྟེན་ནས་གསར་དུ་ཐོབ།འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་དེ་འདོད་ཉོན་དགུ་པའི་དངོས་གཉེན་བར་ཆད་མེད་ལམ་ལ་བརྟེན་ནས་གསར་དུ་ཐོབ།དགྲ་བཅོམ་པའི་འབྲས་བུ་དེ་སྲིད་ཉོན་དགུ་པའི་དངོས་གཉེན་བར་ཆད་མེད་ལམ་ལ་བརྟེན་ནས་གསར་དུ་ཐོབ་པ་གང་ཞིགབར་ཆད་མེད་ལམ་དེ་གསུམ་པོ་གང་རུང་ཡིན་ན་སྒོམ་ལམ་ཡིན་དགོས་པའི་ཕྱིར།ཞེས་གསུངས་པའི་ཕྱིར།གུ་གེའི་མཁས་གྲུབ་འཇམ་དབྱངས་ཤནྟི་པ་བློ་གྲོས་རྒྱལ་མཚན་གྱི་གསུང་དུ།རིམ་གྱིས་པའི་འབྲས་བུ་བར་པ་གཉིས་ཀྱང་མཐོང་ལམ་ཁོ་ན་ལ་བརྟེན་ནས་ཐོབ་ཀྱི་སྒོམ་ལམ་ལ་བརྟེན་ནས་ཐོབ་པ་མེད་པར་གསུངས་ཏེ།གང་ཉིད་ཀྱིས་མཛད་པའི་དགེ་འདུན་ཉི་ཤུའི་མཐའ་དཔྱོད་ལས།རིམ་གྱིས་པའི་འབྲས་བུ་བར་པ་གཉིས་ཀྱང་མཐོང་ལམ་ལ་བརྟེན་ནས་ཐོབ་པར་བྱེད་ཀྱི་སྒོམ་ལམ་ལ་བརྟེན་ནས་གསར་དུ་ཐོབ་པ་མེད་དེ།དེ་གཉིས་ཀྱི་ཞུགས་པ་གཉིས་པོ་དེ་མཐོང་ལམ་པ་ཁོ་ནར་ངེས་པའི་ཕྱིར་ཏེ།ཕྱིར་འོང་ཞུགས་གནས་གང་རུང་ཡིན་ན།མཐོང་ལམ་པ་ཡིན་དགོས་པའི་ཕྱིར།ཁ་ཅིགདེ་གཉིས་སྒོམ་ལམ་ལ་བརྟེན་ནས་ཐོབ་པར་བྱེད་པ་ཡིན་ནོ་ཞེ་ན།དེ་གཉིས་པོ་དེ་རིམ་པ་བཞིན་འདོད་ཉོན་དྲུག་པའི་དངོས་གཉེན་བར་ཆད་མེད་ལམ་དང་འདོད་ཉོན་དགུ་པའི་དངོས་གཉེན་བར་ཆད་མེད་ལམ་ལ་བརྟེན་ནས་ཐོབ་པར་བྱེད་དགོས་པར་ཐལ།ཕྱིར་འོང་ཡིན་ན་འདོད་ཉོན་དྲུག་པའི་དངོས་གཉེན་བར་ཆད་མེད་ལམ་ཐོབ་པས་ཁྱབ་པ་དང༌།ཕྱིར་མི་འོང་ཡིན་ན།དེ་དགུ་པའི་དངོས་གཉེན་བར་ཆད་མེད་ལམ་ཐོབ་པས་ཁྱབ་པའི་ཕྱིར་ཏེ།དམ་བཅའ་དེའི་ཕྱིར།འདོད་ན།ཉན་ཐོས་ཀྱི་མཐོང་ལམ་ལ་གནས་པའི་ཕྱིར་འོང་དང་ཕྱིར་མི་འོང་གཉིས་རིམ་པ་བཞིན་དུ་ཆོས་ཅན་དུ་བཟུང་ནས་དེར་ཐལ།དེའི་ཕྱིར།འདོད་ན།ཉན་ཐོས་ཀྱི་སྒོམ་ལམ་ཐོབ་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཉན་ཐོས་མཐོང་ལམ་པ་ཡིན་པའི་ཕྱིར།ཞེས་གསུངས།གསུང་དེའི་སྙིང་པོ་དྲིལ་ན་དེ་གཉིས་སྒོམ་ལམ་ལ་བརྟེན་ནས་ཐོབ་དགོས་ཕྱིན་ཆད་འཇིག་རྟེན་ལས་འདས་པའི་བར་ཆད་མེད་ལམ་ལ་བརྟེན་ནས་ཐོབ་དགོས།དེ་ལྟར་ན་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་གི་འབྲས་བུ་ཐོབ་པ་དང་འདོད་ཉོན་དྲུག་པ་ས་བོན་དང་བཅས་པ་སྤངས་པ་དང༌།འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་དང༌།འདོད་ཉོན་དགུ་པ་ས་བོན་དང་བཅས་པ་སྤངས་པར་ཐལ་བས་དེ་ལྟར་ན་དེས་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་མ་བྱས་པར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པར་འགྱུར་བའི་སྐྱོན་དུ་འགྱུར་སྙམ་པ་ཡིན་ནམ།རང་བློས་དཔག་ཚོད་བྱས་ན་མཐའ་གཅིག་ཏུ་མཐོང་ལམ་དང་སྒོམ་ལམ་ངེས་ཅན་མ་ཡིན་པར་དེ་གཉིས་ཀ་ལ་བརྟེན་ནས་ཐོབ་པ་ཡོད་ཅེས་བརྗོད་ན་འགྲིག་གམ་སྙམ་སྟེ།འདིའི་ཐད་ལེགས་བཤད་གསེར་ཕྲེང་ལས།དེ་བཅུ་དྲུག་པ་ལམ་རྗེས་ཤེས་ཐོབ་རྗེས་སུ་འཐོབ་དགོས་པར་གསུངས་པ་མ་གཏོགས་མཐོང་ལམ་དང་སྒོམ་ལམ་གསལ་ཁ་གང་ཡང་མི་སྣང་ཞིང༌།མཐའ་གཅིག་ཏུ་འཇིག་རྟེན་ལས་འདས་པའི་སྒོམ་ལམ་བར་ཆད་མེད་ལམ་ལ་བརྟེན་ནས་ཐོབ་དགོས་ཞེས་བརྗོད་ན་ནི་ཅུང་མི་བདེ་བར་གོང་ཞུས་ལྟར་དང༌།ཞི་རགས་རྣམ་ཅན་གྱི་སྒོམ་ལམ་ལ་བརྟེན་ནས་ཐོབ་པ་ཡོད་ན་དེ་འདྲའི་མཐོང་ལམ་ལ་བརྟེན་ནས་ཐོབ་པར་ཡང་ཁས་ལེན་རུང་ངམ་སྙམ་མོ།
གཉིས་པ་དུས་ནམ་གྱི་ཚེ་ཐོབ་ཚུལ་ནི།རྒྱུན་ཞུགས་དང་ཐོད་རྒལ་བའི་འབྲས་བུ་གཉིས་བཅུ་དྲུག་པ་ལམ་རྗེས་ཤེས་ཐོབ་པ་དང་དུས་མཉམ་དུ་ཐོབ།མཐར་གྱིས་པའི་འབྲས་བུ་བར་པ་གཉིས་བཅུ་དྲུག་པ་ཐོབ་རྗེས་སུ་ཐོབ།གསུམ་པ་ས་གང་ལ་བརྟེན་ནས་ཐོབ་ཚུལ་ལ་རྒྱུན་ཞུགས་དང་ཕྱིར་འོང་གི་འབྲས་བུ་ཐོབ་བྱེད་ཀྱི་ལམ་གྱི་སེམས་རྟེན་ལ་བསམ་གཏན་དང་པོའི་ཉེར་བསྡོགས་དགོས་པ་ནི་མི་མཐུན་པ་མེད་ཅིང་གཅིག་མཚུངས་ཡིན་ལ།ཐོད་རྒལ་བའི་ཕྱིར་མི་འོང་ཐོབ་པའི་ལམ་གྱི་སེམས་རྟེན་སྐབས།གསེར་ཕྲེང་ལས།ཐོད་རྒལ་བའི་ཕྱིར་མི་འོང་འཐོབ་པར་བྱེད་པ་ལ་མཐོང་ལམ་གྱི་སྔོན་དུ་སྲིད་རྩེའི་ཉེར་བསྡོགས་ཐོབ་ནས་ཅི་ཡང་མེད་པ་མན་ཆད་ལ་ཆགས་པ་དང་བྲལ་བ་སྲིད་པས་དེ་ས་དྲུག་གང་ལ་བརྟེན་ཡང་དབང་དང་ལྡན་པའི་ཕྱིར་རོ།།ཞེས་གསུངས།འོ་ན།མཛོད་ལས།བསམ་གཏན་དག་གི་ལམ་རྣམས་སླ།།ས་གཞན་དག་གི་དཀའ་བ་ཡིན།ཞེས་འདས་ལམ་ཟག་མེད་ཀྱི་སེམས་རྟེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་དུ་ཡོད་བཞིན་དུ་དཀའ་བ་ཉེར་བསྡོགས་ལ་བརྟེན་པ་ལ་དགོས་པ་མེད་པར་གསུངས་པའི་ཕྱིར།ཞེ་ན།སྤྱིར་དེ་ལྟར་ཡིན་ཀྱང༌།གསེར་ཕྲེང་དུ་དེ་ལྟར་གསུངས་པ་ནི་མཚོན་བྱ་དོན་གྱི་དགེ་འདུན་སྐབས་ལ་དགོངས།དེ་ཡང་ཐེག་ཆེན་མཐོང་ལམ་གྱི་སེམས་རྟེན་བཤད་པའི་སྐབས་བྱང་སེམས་ཐབས་ལ་མཁས་པའི་དབང་གིས་འདོད་སེམས་དང་སྲིད་རྩེའི་སེམས་སེམས་རྟེན་དུ་བྱས་པ་ལས་སྐྱེ་བར་གསུངས་ན།བསམ་གཏན་ས་དྲུག་ལྟ་ཅི་སྨྲོས་ཞེས་རྨོངས་ཚོད་གཅིག་ཏུ་བརྗོད་ན།རྗེའི་གསུང་དེའི་དགོངས་པ་མི་འགལ་བ་ཙམ་ཞིག་ཏུ་འགྲོ་འམ་སྙམ་པ་ཞིག་ཤར་ཡང།གོང་གི་གཞུང་གི་རྗེས་དེ་མ་ཐག་འོན་ཀྱང་གཟུགས་མེད་ལ་བརྟེན་པ་མི་སྲིད་དེ།འདིའི་སྐབས་སུ་ཕྱིར་མི་འོང་ཐོབ་པའི་ལམ་དང་མཐོང་ལམ་གཉིས་ས་གཅིག་པའི་ཕྱིར་རོ།ཞེས་པའི་གཞུང་ཕྱི་མའི་དགོངས་པ་དང་འབྲེལ་ཆགས་དཀའ་བར་མཆིས་ན་ཇི་ལྟར་ཡིན་མིན་དཔྱོད་ལྡན་མཁས་དབང་རྣམས་ཀྱིས་དཔྱད་པར་འཚལ།འདི་བཞིན་གཉའ་ཁྲི་ཆོས་རིག་ཞབས་ཞུ་རིས་མེད་དཔེ་མཛོད་ཁང་ནས་བགྲོ་གླེང་བརྗོད་གཞི་ཞིག་གནང་བྱུང་བར་བརྟེན་ཁོང་རྣམ་པའི་ཐུགས་རེ་དང་རྗེའི་བསྟན་པར་ཞབས་ཞུ་ཕྲན་བུ་འགྲུབ་པར་དམིགས་ཏེ་འཕགས་ཡུལ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་དཔེ་ཁྲིད་དགེ་རྒན་མིང་ཅན་དཀའ་ཆེན་བློ་བཟང་ཤེས་རབ་པས་བྲིས་པར་དགེའོ།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn