གཟུངས་སྔགས་ཟབ་མོ་དུ་མ་ཁ་ཏོན་དུ་བྱ་བའི་ཚུལ་དགེ་བའི་འཕྲུལ་འདེགས་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-21 06:55:28     རྩོམ་པ་པོ།   གུང་ཐང་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

ཨོཾ་ཧཱུཾ་འགྲོ་འོང་རྒྱུ་བས་ལམ་གསུམ་དུ།། འཕྱན་པས་དུབ་པ་ཡིད་ཀྱི་ཁྱེ་འུ་ཆུང།། སྤྲོས་བྲལ་ཨཱཿཡི་གདངས་སུ་ངལ་སོས་པའ།། བདེ་ཆེན་ལ་སྦྱོར་གསང་སྔགས་ཐབས་ཀྱི་ལམ།། གང་ལ་བརྟེན་ན་འབད་པ་ཆུང་ངུས་ཀྱང་།། སྡུག་བསྔལ་རྒྱུ་བཅས་མུན་པའི་དཔུང་བཅོམ་སྟེ།། ལེགས་བྱས་སྣང་བའི་མཆོག་སྦྱིན་སྐལ་བཟང་ལ།། འགོད་མཛད་བཤེས་གཉེན་རྣམས་ཀྱིས་རྟག་ཏུ་སྐྱོངས།།

དེ་ཡང་སྙིགས་མའི་སྐྱེ་བོ་བློ་དང་རྩོལ་བ་ཞན་ཅིང་གཡེང་བས་ཁྱེར་བ་རྣམས་ཀྱིས་ཀྱང་བསྒྲུབ་པར་སླ་ལ་དོན་ཆེ་བ་ཤིན་ཏུ་ཉེ་བར་མཁོ་བའི་གཟུངས་སྔགས་ཟབ་མོ་འགའ་ཞིག་ཁ་ཏོན་དུ་བྱ་བའི་ཚུལ་འགོད་པ་ལ། ནངས་སྔ་བར་ཁྲུས་བྱས་ཏེ་རང་གི་ལྕེའི་སྟེང་དུ་ཟླ་བ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་དབྱངས་གསལ་གྱི་རྣམ་པར་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་པར་བསམ་ཞིང་། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵཿཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མཧཱ་ཤྲ་མ་ཎཿསྭཱཧཱ། ལན་གསུམ། སྔགས་ཕྲེང་འོད་དུ་ཞུ་ནས་ལྕེ་ལ་ཐིམ་པས། ལྕེ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ། ཨོཾ་སམྦྷ་ར་སམྦྷ་ར། བི་མ་ན་ས་ར་མཧཱ་ཛ་བ་ཧཱུཾ། ཞེས་དང་། ཨོཾ་སྨ་ར་སྨ་ར་བི་མ་ན་སྐ་ར་མཧཱ་ཛ་བ་ཧཱུཾ། ཞེས་འགྱུར་སྔགས་ལན་བདུན་བརྗོད། བཀའ་གདམས་གླེགས་བམ་དུ་སྔགས་སྔ་མ་ལས་མི་འབྱུང་བས། དེ་གཅིག་པུས་ཀྱང་ཆོག་པར་མངོན། ཨོཾ་རུ་ཙི་ར་མ་ཎི་པྲ་ཝ་རྟ་ཡ་ཧཱུཾ། ཞེས་ལན་བདུན་བཟླས་ཏེ་ཕྲེང་བ་ལ་བཏབ། དེ་ཡང་སྤྱིར་བཟླས་བརྗོད་ཙམ་དུ་མ་ཟད། གཞུང་ཀློག་པ་སོགས་ལའང་ལུང་མནོས་པ་གལ་ཆེ་བས། སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་བཞུགས་པར་མོས་ལ། དེ་དག་གིས་གསུང་ལྷང་ལྷང་ཆོས་དེ་ཉིད་ཀྱི་ལུང་སྩལ་པ་ན་རྗེས་སུ་ཟློས་པའི་ཚུལ་གྱིས་རང་གིས་བརྗོད་པར་མོས་ཏེ་བཏོན་ན་ཆོས་ལ་དབང་ཟ་བའི་ཉེས་པ་མི་འབྱུང་ཞིང་བྱིན་རླབས་འཇུག་སླ་བ་དང་། རིང་བོར་མི་ཐོགས་པར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ནས་སངས་རྒྱས་རྣམས་ལས་གདམས་པ་དངོས་སུ་ནོད་པའི་སྐལ་བ་ཅན་དུ་བྱེད་པ་སོགས་དགོས་པ་དུ་མ་ཡོད་པས། དེ་ལྟར་བྱེད་པ་ལ་ཆོས་སྤྱིའི་ལུང་ནོད་པའི་ཆོ་ག་ཞེས་གྲགས་ཤིང་། ཚུལ་དེ་ཉིད་ཇོ་བོ་ཡབ་སྲས་ཀྱི་གསུང་རྒྱུན་དང་ཕྱག་བཞེས་ཡིན་པར་གཙང་ནག་པ་བརྩོན་འགྲུས་སེང་གེས་བཤད་དོ།། ཡང་མདུན་གྱི་ནམ་མཁར་སངས་རྒྱས་བྱང་སེམས་ཐམས་ཅད་བཞུགས་པར་བསམས་ལ་མོས་གུས་དྲག་པོའི་ངང་ནས་འདོན་པའམ། ཐུབ་པའི་དབང་པོ་ལྟ་བུ་གཅིག་གསལ་བཏབ་སྟེ། གཞན་ཐམས་ཅད་དེའི་རང་བཞིན་དུ་བཞུགས་པར་མོས་ནས་འདོན་པ་ཆེ་བའི་བདག་ཉིད་དུ་འདོན་པ་དང་། རང་བཞིན་མེད་ཀྱང་སྣང་བ་བྲག་ཆའི་སྒྲ་ལྟར་མདོ་དང་སྔགས་དེ་དང་དེའི་སྒྲ་ལྷང་ལྷང་གྲགས་པར་མོས་ནས་འདོན་པ་སྟོང་ཉིད་ཀྱི་ངང་དུ་འདོན་པ་སྟེ། དེ་གཉིས་ནི་མདོ་སྔགས་ཐུན་མོང་གི་འདོན་ཚུལ་ཡིན་པར་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ཆོས་སྤྱོད་རིན་ཆེན་འཕྲེང་བར་གསུངས་ལ། རིམ་པ་བཞིན། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད།། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད།། ཅེས་དང། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ།། ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ།། ཞེས་པའི་མན་ངག་གི་འདོན་ཚུལ་ཡིན་པར་ཡང་དེ་ཉིད་ཀྱིས་གསུངས་སོ།། སྔགས་ལུགས་ཐུན་མོང་མ་ཡིན་པ་ནི། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བདག་ཉིད་ཨ་ཡིག་གིས་མཚན་པ་དེ་ལས་གཟུངས་སྔགས་ཐམས་ཅད་མར་མེའི་འཕྲེང་བ་བཞིན་སྤྲོས་ནས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་མཐའ་དག་བསྡུས་ཏེ་ཨ་ཡིག་ལ་བསྟིམ་ཞིང་། སླར་ཡང་སྔགས་ཕྲེང་སྤྲོ་བ་སོགས་མགལ་མེའི་འཁོར་ལོ་བཞིན་དུ་འཁོར་བར་བསམ་ནས་བཟླ་བ་ནི། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག ། དོན་ཆེན་ཡི་གེ་དམ་པ་ཡིན།། ཁོང་ནས་འབྱུང་བ་སྐྱེ་བ་མེད།། ཅེས་པའི་མན་ངག་གི་འདོན་ཚུལ་དང་། ཡང་ན་རང་ལྷའི་ང་རྒྱལ་ལ་གནས་ཏེ། ཞི་བ་ཡིན་ན་སྙིང་གར་ཟླ་གདན་ལ་རང་རང་གི་ས་བོན་ནམ་སྔགས་ཐམས་ཅད་ཀྱི་རྩ་བ་ཨ་ཡིག་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཇམ་ཞིང་བསིལ་བ་འཕྲོས། རང་གཞན་གྱི་ལས་ཉོན་སྡིག་སྒྲིབ་འགལ་རྐྱེན་ཐམས་ཅད་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་བསྡུས་ཏེ་ཐིམ་པས་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་བསམས་ལ་བཟླ། ཁྲོ་བོ་ཡིན་ན་ཉི་གདན་ལ་འཁོད་པའི་སྔགས་ཕྲེང་ལས་འོད་ཟེར་ཚ་ཞིང་རྩུབ་པ་མེ་འོད་ལྟ་བུ་སྤྲོས། གནོད་བྱེད་གདོན་བགེགས་ཐམས་ཅད་བསྲེག་ཅིང་ཚར་བཅད་པར་བསམས་ལ་བཟླ་སྟེ། འདི་གཉིས་ནི། རྡོ་རྗེ་ཉི་མ་སྣང་བ་ཆེ།། རྡོ་རྗེ་ཟླ་བ་དྲི་མེད་འོད།། ཅེས་པའི་གདམས་ངག་ཡིན་པར་གསུངས་སོ།།

གཞན་ཡང་གཟུགས་སུ་སྣང་བ་ཐམས་ཅད་ལྷ་དེ་དང་དེའི་རྣམ་པ། སྒྲ་ཐམས་ཅད་དེའི་སྔགས་ཀྱི་རང་གདངས། དྲན་རྟོག་ཐམས་ཅད་དེ་དག་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་དབྱེར་མེད་དུ་ལྟ་བ་འཁྱེར་སོ་གསུམ་གྱི་རྣལ་འབྱོར་ཡང་བཟླས་པ་གང་བྱེད་ཐམས་ཅད་ཀྱི་སྐབས་སུ་སྦྱར་ན་ཕུན་སུམ་ཚོགས་པར་འགྱུར་རོ།། འདོན་ཚུལ་དེ་དག་གི་སྒོ་ནས་གདོན་པར་བྱ་རྒྱུའི་སྔགས་ནི། སྤྱིར་ཚད་མར་གྱུར་པའི་རྒྱུད་སྡེ་ལས་གསུངས་པའི་སྔགས་ཐམས་ཅད་རྒྱལ་བའི་ཐུགས་བདེ་སྟོང་གི་ཡེ་ཤེས་ཉིད་སྔགས་ཀྱི་རྣམ་པར་ཤར་བ་ཆོས་སྐུའི་རིང་བསྲེལ་ཡིན་པས་མཆོག་དམན་གྱི་དབྱེ་བ་མེད་ཀྱང་། གནས་སྐབས་གདུལ་བྱའི་ལས་འབྲེལ་གྱི་དབང་གིས་དམ་པ་གོང་མ་རྣམས་གཙོར་འདོན་མཛད་པ་ནི། དཔེར་ན། འཁོར་ལོ་སྡོམ་པ་དང་རྡོ་རྗེ་རྣལ་འབྱོར་མ་སོགས་ཀྱི་སྔགས་རྣམས་ཆེས་སྙིགས་མ་བདོ་བའི་ཚེ་འགྲུབ་སླ་ཞིང་སྡིག་སྒྲིབ་འཇོམས་པ་ལ་བསྐལ་པའི་མེ་ལྟ་བུར་གསུངས་པ་དང་། དཔལ་ལྡན་འདུས་པའི་སྔགས་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིན་པས་རྒྱལ་བ་ཀུན་གྱི་བྱིན་རླབས་ཅིག་ཅར་དུ་འདྲེན་པར་གསུངས། རྡོ་རྗེ་འཇིགས་བྱེད་ནི་རང་རེ་རྗེ་བླ་མའི་རྗེས་འཇུག་རྣམས་ཀྱི་ལྷ་སྐལ་ལྟ་བུ་ཡིན་པས་སྒྲུབ་སླ་ཞིང། ཞི་ཁྲོ་སྦྲགས་སྒྲུབ་ཀྱི་གནད་ཚང་བས་འདིའི་བཟླས་བརྗོད་ཅུང་ཟད་རེ་བྱས་པས་ཀྱང་བགེགས་ཐམས་ཅད་ཞི་ཞིང་རྣམ་འབྱེད་ཀྱི་ཤེས་རབ་ཤིན་ཏུ་འཕེལ་བར་གསུངས། དེ་བཞིན་དུ་ལས་སྒྲིབ་སྦྱོང་བ་ལ་མི་འཁྲུགས་པ་དང་སྨན་བླའི་གཟུངས་ལ་སོགས་པ་མཆོག་ཏུ་བསྔགས་ཤིང། ཕྱི་མར་དགའ་ལྡན་དུ་སྐྱེ་བ་དང་། མ་འོངས་པ་ན་རྗེ་བཙུན་བྱམས་མགོན་གྱིས་རྗེས་སུ་འཛིན་པའི་རྒྱུར་བྱམས་པས་དམ་བཅའི་གཟུངས་ལ་ཆེད་དུ་བསྔགས་པ་མཛད། ཡང་ཡིག་དྲུག་ལན་རེ་བཟླས་པས་ཀྱང་བསྐལ་པ་དཔག་མེད་ཀྱི་སྡིག་པ་འདག་ཅིང་བསོད་ནམས་ཚད་མེད་པ་འཐོབ་པས་གཟུངས་གཅིག་ལ་འདི་ལས་ཕན་ཡོན་ཆེ་བ་མེད་པར་ཡང་གསུངས་པ་སོགས་བརྗོད་ཀྱིས་མི་ལང་བས། རང་རང་གི་མོས་པ་དང་བསྟུན་ཏེ་སྔགས་རེ་རེ་ལ་རྩལ་འདོན་པའམ། ཐམས་ཅད་ལ་བག་ཆགས་ཅི་ཐེབས་རེ་བགྱིད་པ་སོགས་གང་བྱས་ཀྱང་ལེགས་སོ།། འདིར་རྒྱུན་གྱི་སྤྱོད་ལམ་དང་བསྟུན་ཏེ་འདོན་རྒྱུའི་སྔགས་ཐོར་བུ་འགའ་ཟུང་ཞིག་འགོད་པ་ལ། ཐོ་རངས་སྐྱ་རེངས་འཆར་བའི་ཚེ་ཤར་ཕྱོགས་སུ་བལྟས་ཏེ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཡིད་ལ་བྱས་ནས། ཏདྱ་ཐཱ། སུ་མྲྀ་ཤ་སུ་མྲྀ་ཤ་སུ་མྲྀ་ཤ་ཀཱ་རུ་ཎི་ཀ།།ཙ་ར་ཙ་ར་བི་ཙ་ར་ས་ཙ་ར། ཀཱ་རུ་ཎི་ཀ་མུ་ར་མུ་ར། བེ་ག་དྷ་རི་མ་ཙ་མེ། བྷཱུ་ཛ་བཱ་ད་ཀཱ་རུ་ཎི་ཀ།།ཙིནྡྷ་མ་ཎི་པཱུ་ར་ཡ་ཀཱ་རུ་ཎི་ཀ།། སརྦ་ཤ་མེསྠཱ་པཱ་ཡ་ཨཛྙཱ་དྷ་རི། སྥུ་གུང་སྥུ་གུང། རུ་ཏི་བི་བེ་ཀ་གུང་དྲྀཥྚི་བི་བེ་ཀ་གུང། པཱུ་ར་ཡ་ཀཱ་རུ་ཎི་ཀ་བཱུ་ར་ཡནྟུ་མ་མ་ཨ་ཤ།།སརྦ་པནྠ་ཙ་ཨ་ཤོ་ཀ་ག་ཏི་སྭཱཧཱ། ཞེས་བརྗོད་ཅིང་གསོལ་བ་བཏབ་ན་སྔ་མའི་ཉེས་ལྟུང་འདག་ཅིང་ཉེར་འཚེ་ཐམས་ཅད་སེལ་བར་བསླབ་བཏུས་ལས་གསུངས་སོ།། མཚན་མོ་རྨི་ལམ་ངན་པ་བྱུང་ན་ཡང་ཐོ་རངས་ཡར་ལངས་མ་ཐག ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦ་བུདྡྷ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཾ། ཏངྱ་ཐཱ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གཅིག་བཟླས་པས་མཚན་ལྟས་ངན་པ་ཐམས་ཅད་བཟློག་པར་འཇམ་དཔལ་རྩ་རྒྱུད་ལས་གསུངས། རྟེན་གྱི་དྲུང་དུ་ཕྱག་འཚལ་བའི་ཚེ་ཐོག་མར། ན་མོ་མཉྫུ་ཤྲི་ཡེ། ན་མ་སྶུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱཧཱ། ཞེས་ལན་གསུམ་བརྗོད་པས་ཕྱག་སྟོང་འགྱུར་དུ་འགྲོ་བར་གསུངས། མཆོད་པ་འབུལ་བའི་ཚེ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྨྱཀྶཾ་བུདྡྷཱ་ཡ། ཏངྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིདྱཱ་བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་བཞིན་དུ་ཕུལ་བས་མཆོད་པ་ནམ་མཁའ་དང་མཉམ་པར་འགྱུར་ལ། མེ་ཏོག་འབུལ་བའམ་མཎྜལ་གྱི་འབྲུ་སོགས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ། པུཥྤ་ཀེཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྨྱཀྶཾ་བུདྡྷ་ཡ། ཏངྱ་ཐཱ། ཨོཾ་པུཥྤ་པུཥྤ་སྭཱཧཱ། པུཥྤ་སུ་པུཥྤ། པུཥྤོ་དྡྷ་ཝེ། པཤྤཱ་སཾ་བྷ་ལྦེ། པུཥྤ་ཨ་པ་ཀ་རི་ཎེ་སྭཱཧཱ། ཞེས་ལན་བདུན་བཟླས་ཏེ་བཏབ་པས་བྱེ་བར་འགྱུར་རོ།། ཉིན་དེར་བྱེས་སུ་འགྲོ་དགོས་པ་ལྟ་བུ་ཡོད་ན་ཉི་མ་ཤར་བའི་ཚེ་དེའི་ཟེར་ལ་ལྷ་མོ་འོད་ཟེར་ཅན་མ་བྱོན་པར་བསམས་ཏེ། ཨོཾ་མ་རཱི་ཙྱེ་མཱཾ་སྭཱཧཱ། ཞེས་ལན་བདུན་བཟླས་ན་དགྲ་ཇག་སོགས་ཀྱི་ཉེར་འཚེ་ཐམས་ཅད་ཟློག་པའི་སྲུང་བ་ཆེན་པོར་འགྱུར་རོ།། སྐོར་བ་བྱེད་ན། ཨོཾ་ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྨྱཀྶཾ་བུདྡྷ་ཡ། ཏངྱ་ཐཱ། ཨོཾ་རཏྣེ་རཏྣེ་མཧཱ་རཏྣེ་རཏྣེ་བི་ཛཱ་ཡ་སྭཱཧཱ། ཞེས་ལན་བདུན་སོགས་བརྗོད་པས་བྱེ་བ་ཕྲག་གཅིག་ཏུ་འགྱུར་ལ། འདིའི་སྒོ་ནས་ཕྱག་བྱས་ན་ཡང་བྱེ་བའི་འགྱུར་དུ་གསུངས་སོ།། ཟས་ལ་ལོངས་སྤྱོད་པའི་ཚེ་ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ཤིང་འབུལ་ཚུལ་སོགས་རྒྱས་པར་ཆོས་སྤྱོད་གསལ་སྒྲོན་དུ་བཤད་པ་ལྟར་རམ། བསྡུ་ན། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་སརྦ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ནཻ་ཝི་ངྱ་ཨཱཿཧཱུཾ་གིས་མགྲོན་ཐམས་ཅད་ལ་དབུལ། ཟས་ཀྱི་མཇུག་ཏུ། ན་མཿས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྨྱཀྶཾ་བུདྡྷ་ཡ། ཏངྱ་ཐཱ། ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏངྱ་ཐཱ། ཨོཾ་ནི་རཱ་ལམྦྷེ། ནི་རཱ་བྷཱ་སེ། ཛ་ཡེ་ཛཱ་ཡེ་ལ་བྡྷེ། མ་ཏེ་མཧཱ་མ་ཏེ། དཀྵེ་དཀྵི་ཎཱཾ་མེ་པ་རི་ཤོ་དྷ་ཡ་སྭཱཧཱ། ཞེས་བརྗོད་ན་དཀོར་སྒྲིབ་སྦྱོང་བ་ལ་ཆེས་མཆོག་ཏུ་བསྔགས་སོ།། ཐ་ན་ཟག་པ་འདོར་བའི་ཚེ་ཡང་། མཆིལ་མ་ལ། ཨོཾ་ཨཱཿཤླེཥྨ་ཨཱ་ཧ་རེ་བྷྱཿསྭཱཧཱ། ལུད་པ་ལ། ཨོཾ་ཨཱཿཁྲེ་ཏ་ཨཱ་ཧ་རེ་བྷྱཿསྭཱཧཱ། སྣབས་ལ། ཨོཾ་ཨཱཿབི་གྷ་ན་ཨཱ་ཧ་རེ་བྷྱཿསྭཱཧཱ། ལུས་ཀྱི་དྲི་མ་ལ། ཨོཾ་ཨཱཿམ་ལ་ཨཱ་ཧ་རེ་བྷྱཿསྭཱཧཱ། དྲི་ཆེན་ལ། ཨོཾ་ཨཱཿབི་ཊ་ཨཱ་ཧ་རེ་བྷྱཿསྭཱཧཱ། དྲི་ཆུ་ལ། ཨོཾ་ཨཱཿམཱུ་ཏྲ་ཨཱ་ཧ་རེ་བྷྱཿསྭཱཧཱ། ཞེས་བསྔོས་པས་ཚོགས་ཆེན་པོ་ཞར་བྱུང་དུ་རྫོགས་པས་དགོས་པ་ཤིན་ཏུ་ཆེའོ།།

གཞན་དུ་འགྲོ་བའི་ལམ་དུ་སྲོག་ཆགས་འཆི་ཁ་མ་ལྟ་བུའམ། ཕྱུགས་ལ་སོག་པའི་རྣ་ལམ་དུ་ཡང། ན་མོ་རཏྣ་ཤི་ཁེ་ནེ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾམྱཀྶཾ་བུདྡྷཱ་ཡ། ཏངྱ་ཐཱ། ཨོཾ་རཏྣེ་རཏྣེ་རཏྣ་ཤི་ཁེ་ནེ་སྭཱཧཱ། ཞེས་རིན་ཆེན་གཙུག་ཏོར་ཅན་གྱི་གཟུངས་འདི་བསྒྲགས་པས་དེ་དག་གི་འཁོར་བ་མཐའ་ཅན་བྱེད་ཅིང་རང་ལའང་ཕན་ཡོན་ཚད་མེད་པ་འབྱུང་ངོ་།། ཡང་རང་གི་རྐང་མཐིལ་དུ། ཨོཾ་ཁྲི་ཙ་ར་གན་ཧཱུཾ་ཧྲི་སྭཱཧཱ། ཞེས་བཟླས་ནས་བསྔགས་ཏེ་སོང་ན་རྐང་འོག་ཏུ་ཤི་བའི་སྲོག་ཆགས་རྣམས་ཀྱང་ངན་འགྲོ་ལས་ཐར་ཞིང་། རྒྱུད་ལ་ཐར་པའི་ས་བོན་འཇོག་པས་ཕན་ཡོན་ཤིན་ཏུ་ཆེ། ལམ་དུ་བླ་མའམ་སྐུ་གསུང་ཐུགས་རྟེན་སོགས་ཀྱི་གྲིབ་མ་འགོམ་དགོས་པ་བྱུང་བའི་ཚེ་སྟེང་དུ་བཏེག་པར་བསམས་ལ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་བརྗོད་ནས་འགོམ་ཡང་ཉེས་པས་གོས་པར་མི་འགྱུར་རོ།། ཤ་ལ་ལོངས་སྤྱོད་པའི་ཚེ། ཨོཾ་ཨཱཿབཻ་ར་ཧཱུཾ་ཁེ་ཙ་ར། ཞེས་ལན་བདུན་བཟླས་ནས་བཏབ་ན་སྲོག་ཆགས་དེ་ཉིད་མཐོ་རིས་སུ་སྐྱེ་ཞིང་རང་ལའང་ཉེས་པ་མི་འབྱུང་བར་གསུངས་སོ།། སཙྪ་འདེབས་པའི་སྔགས་སོགས་ནི་དེའི་ཆོ་ག་རྣམས་སུ་ཤེས་པར་བྱ་ལ། མདོ་སྡེ་ཀློག་པ་མ་ནུས་ན། དེའི་དོད་དུ་ཡང་གཟུངས་འདི་རྣམས་བཀླག་པར་གསུངས་ཏེ། སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་བའི་སྔགས་ནི། ཏངྱ་ཐཱ། ཨོཾ་མུ་ནི་དྷརྨེ་སཾ་གྲ་ཧ་དྷརྨེ་ཨ་ནུ་གྲ་ཧ་དྷརྨེ་བི་མུཀྟི་དྷརྨེ་ས་དཱ་ཨ་ནུ་གྲ་ཧ་དྷརྨེ་བཻ་ཤྲ་བ་ཎ་པ་རི་བརྟི་ཏ་དྷརྨེ་སརྦ་ཀཱརྻ་པ་རེ་བྲ་མ་ཎ་དྷརྨེ་ས་མནྟ་བ་རི་བརྟ་ན་དྷརྨེ་སྭཱཧཱ། ཨོཾ་པྲཛྙཱ་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་དྷཱི་དྷ་ར་ཎཱི་ཡེ་སྭཱཧཱ། ཞེས་དང་། ཕལ་པོ་ཆེ་གཟུང་བར་འགྱུར་བའི་སྔགས་ནི། ཨོཾ་ནྠཱི། ན་མསྶརྦྦ་བུདྡྷཱ་ནཱཾ། ཨོཾ་མཱཾ་བྷཱུཾ་མཱུཾ། ཏངྱ་ཐཱ། ཨོཾ་བྷྲཱུཾ། ན་མསྶ་མནྟ་བུདྡྷ་ནཾ། ཨ་པྲ་ཏི་ཧ་ཏ་ཤཱ་སནཱ་ནཱཾ། ཨོཾ་ཀི་ཎི་ཀི་ཎི། ཏ་ཐཱ་ག་ཏ་ཨུདྦྷ་བ་ཤཱནྟེ་བ་ར་ཏེ་ཨུཏྟ་མཏ་ཐཱ་ག་ཏ་ཨུདྦྷ་བ་ཧཱུཾ་ཕཊ། སྡོང་པོ་བཀོད་པའི་མདོ་གཟུང་བར་འགྱུར་བའི་སྔགས་ནི། ན་མཿས་མནྟ་བུདྡྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་སནཱ་ནཱཾ། ཨོཾ་ཀི་ཎི་ཀི་ཎི། ཏ་ཐཱ་ག་ཏ་ཨུདྦྷ་བ་ཤཱནྟེ་པ་ར་ཏེ་ཨུཏྟ་མ་ཨུཏྟ་མ། ཏ་ཐཱ་ག་ཏ་ཨུདྦྷ་བ་ཧཱུཾ་ཕཊ་སྭཱཧཱ། ཏིང་ངེ་འཛིན་རྒྱལ་པོ་གཟུང་བར་འགྱུར་བའི་སྔགས་ནི། ན་མཿས་མནྟཱ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་སནཱ་ནཱཾ། ཨོཾ་དྷུ་ན་དྷུ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། འདི་དག་ནི་མཚོན་པ་ཙམ་སྟེ། གཞན་ཡང་དེ་འདྲ་བ་ཤིན་ཏུ་མང་ངོ་།། ཉལ་བའི་ཚེ་ཉིན་དེར་ལྟུང་བ་བྱུང་མ་བྱུང་བསྔོ་བགྲང་བྱས་ལ་ཕྱིར་བཅོས་དང། མ་མཐའ་ཡང་སྔགས་བྱང་སེམས་ཀྱི་ཉེས་པ་སྦྱོང་བའི་ཕྱིར། ཨོཾ་ཨ་མོ་གྷ་ཤཱི་ལ་སཾ་བྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ་པདྨ་བི་བྷཱུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་དང། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲཱ་པྲ་ཏི་ཧ་ཏཱ་པཱ་བྟ་དྷརྨཱ་ཏཱ་པ་ལི་ནཱཾ། ཨོཾ་ཨ་ས་མ་ས་མ་ས་མནྟོ྅་ནནྟཱ་པཱ་བྟི་ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ཎ་བི་ག་ཏ་རཱ་ག་བུདྡྷ་དྷརྨཱ་ཏེ། ས་ར་ས་ར་ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན། མཧཱ་བ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱཧཱ། ཞེས་དེ་བཞིན་གཤེགས་པའི་ཡིག་བརྒྱ་དང་། སྔགས་སྡོམ་གྱི་ཉེས་པ་འདག་ཕྱིར་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་རྣམས་ཅི་འགྲུབ་བཟླ། དགེ་རྩ་གང་བྱས་མཐའ་དག་གོང་དུ་སྤེལ་བའི་སླད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་བསྐུལ་བའི་ཕྱིར། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱཧཱ། ཞེས་དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་ཅི་འགྲུབ་བཟླ། ཉལ་བའི་ཚེ། ཨོཾ་སིདྡྷི་སིདྡྷི་བུདྡྷ་བུདྡྷ་བོ་དྷ་ཡ་བོ་དྷ་ཡ་བ་ལ་བ་ལ་ཏིཥྛ་ཏིཥྛ་ཧྲཱིཿ ཀཾ་བ་ཀཾ་བ་པ་ར་གཙྪ་གཙྪ་བྷ་ཝ་ཏི་མ་བི་ལཾ་བ་ཨ་ལེ་སྭཱཧཱ། ཞེས་པའི་སྔགས་འདི་ལག་མཐིལ་གཡས་པར་བཏབ་སྟེ་འགྲམ་པར་སྦྱར་ནས་སེངྒེའི་ཉལ་སྟབས་སུ་གཉིད་ལོག་པས་གཉིད་ཀྱི་འོད་གསལ་ཟིན་ཅིང། ཤེར་ཕྱིན་གྱི་དོན་མྱུར་དུ་རྟོགས་པར་གསུངས། ཡང་དེའི་ཚེ་མགོན་པོ་འོད་དཔག་མེད་ཀྱི་སྐུའི་རྣམ་པ་གསལ་བཏབ་ནས་དེའི་པང་དུ་མགོ་གཞག་པར་མོས་ཏེ་ཚེ་གཟུངས་རིང་ཐུང་ཅི་རིགས་བཟླ་བཞིན་པར་གཉིད་ལོག་ན་དུས་མཐའི་སྐབས་སུ་ཡང་ཕན་ཆེ་བས། ཕྱི་མར་བདེ་བ་ཅན་དུ་སྐྱེ་བ་སོགས་ཀྱི་དགོས་པ་ཆེན་པོ་ཡོད་པར་བསམ་གཏན་ཉལ་སྒོམ་གྱི་མན་ངག་ལས་གསུངས་སོ།། འདིར་ཉེར་མཁོ་མདོར་བསྡུས་ཙམ་བཀོད་པ་ཡིན་གྱི། དེ་འདྲ་བའི་རིགས་ཉམས་སུ་ལེན་པར་འདོད་ན་རྒྱུད་འབུམ་སོགས་སུ་བཙལ་བར་བྱའོ།། གསང་སྔགས་ཟབ་མོའི་འཕྲུལ་འདེགས་ཀྱིས།། དཀའ་བ་མེད་པར་ཚོགས་ཆེན་པོ།། རྫོགས་པའི་ཐབས་མཁས་རྨད་བྱུང་འདི།། སྐལ་བཟང་སྐྱེ་བོའི་འཇུག་ངོགས་ཡིན།། སྔགས་དང་ཏིང་འཛིན་ཟུང་འཇུག་འདབ་ཡངས་ཀྱིས།། ཚོགས་གཉིས་ལྷ་ལམ་གཞལ་བའི་མཐུ་རྫོགས་ནས།། མི་བཟད་སྲིད་པའི་གཅོང་རོང་ལས་བརྒལ་ཏེ།། ངེས་ལེགས་རི་དབང་སྤོ་མཐོར་ཕྱིན་གྱུར་ཅིག །ཅེས་གཟུངས་སྔགས་ཟབ་མོ་དུ་མ་ཁ་ཏོན་དུ་བྱ་བའི་ཚུལ་དགེ་བའི་འཕྲུལ་འདེགས་ཞེས་བྱ་བ་འདི་ནི་ཨ་བ་ག་བཻ་ལིའི་ཤོག་ནས་ཆོས་དོན་རྣམ་པར་འབྱེད་པའི་བློ་མིག་ཅན་རབ་འབྱམས་པ་འཇམ་དབྱངས་མཐུ་སྟོབས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པ་སྐྱེ་བོ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག །། ། བཀྲ་ཤིས།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།