དཔལ་ལྡན་གསང་བ་འདུས་པའི་རྒྱུད་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་ཟུང་འཇུག་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ །     སྤེལ་དུས།  2018-09-05 13:14:22     རྩོམ་པ་པོ།   བྱང་མེ།     ཀློག་ཐེངས།  

དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་རང་རང་གི་སྐལ་བ་དང་འཚམས་པར་ལམ་ལ་འཇུག་པའི་སྒོ་མི་འདྲ་བ་སྣ་ཚོགས་དང་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་བ་ཐམས་ཅད་ཚུར་བསྡུས་ན་མདོ་སྔགས་གཉིས་ཀྱི་ནང་དུ་འདུ་ཞིང་། དེ་ཡང་དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་དང་། རྒྱ་ཆེན་པོ་ལ་མོས་པ་ལ་ས་དང་ཕ་རོལ་དུ་ཕྱིན་པའི་སྤྱོད་པ། ཟབ་མོ་ལ་ལྷག་པར་མོས་པ་ལ་ཆགས་བཅས་ཀྱི་སྤྱོད་པ་གསུམ་དུ་བསྟན་པ་ལས། རིམ་པ་བཞིན་དུ་དང་པོ་ཉན་རང་གི་ཐེག་པ་དང་། གཉིས་པ་ཕར་ཕྱིན།  གསུམ་པ་སྔགས་ཀྱི་ཐེག་པ་ལ་བྱས་པས་མདོ་སྔགས་གཉིས་སོ། ། དེ་གཉིས་ལས་སངས་རྒྱ་ཚུལ་གྱི་དབང་དུ་བཏང་སྟེ་བཤད་ན། ཚེ་གཅིག་ལ་སངས་རྒྱ་བ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་ཐ་སྙད་ཡིན་མོད་ཀྱང་། དེ་ལའང་འདུལ་བའི་དབང་གིས་རྒྱུད་སྡེའི་རྣམ་གྲངས་བཞིར་འབྱེད་དོ།། དེ་ཡང་ཐེག་པ་ཆེ་ཆུང་གི་གཞུང་སྤྱི་དེ་བསྟན་པ་སྤྱི་བཙན་དང་གསང་སྔགས་ཀྱི་གཞུང་དེ་དག་ནི་གང་ཟག་སྒོས་བཙན་གྱིས་དབང་གིས་གསུངས་སོ།།

དེ་ཡང་དབང་བོ་རྣོ་རྟུལ་གྱི་དབང་གིས་རིམ་པ་བཞིན་དུ། བྱ་རྒྱུད་དང་། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཞི་གསུངས་སོ།། ཡིན་ནའང་རྣལ་འབྱོར་རྒྱུད་ཞེས་བཤད་པ་ཡོད་ཚད་རྒྱུད་སྡེ་བཞི་རུ་ཕྱེ་བའི་ནང་ཚན་གྱི་དེ་ཡིན་མི་དགོས་ཏེ། སྐབས་འགར་ཕ་རྒྱུད་ལ་རྣལ་འབྱོར་རྒྱུད་དང་།  མ་རྒྱུད་ལ་རྣལ་འབྱོར་མའི་རྒྱུད་དུ་བཏགས་པ་ཡང་མང་བོ་ཡོད་པས་ཕྱིར། དེས་ན་གོང་དུ་བཤད་པ་ནང་བཞིན་སྔགས་ལ་རྒྱུད་སྡེ་བཞི་ཡོད་པ་ལས་གང་གི་སྒོ་ནས་ལམ་བགྲོད་ཀྱང་མདོ་ལས་རབ་ཏུ་མྱུར་མོད་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བྱེད་ཀྱི་ཐབས་གཙོ་བོ་སྟོན་པའི་མན་ངག་མཆོག་ནི་བླ་མེད་ཀྱི་རྒྱུད་ཁོ་ནའོ།།

ཡིན་ནའང་སྤྱིར་བཏང་ཐེག་པའམ་བཀའི་མཆོག་དམན་གྱི་ཁྱད་པར་དེ་དག་རང་གི་ངོ་བོའི་སྒོ་ནས་འཇོག་པ་མ་ཡིན་པར།གཙོ་བོ་ཆེད་དུ་བྱ་བའི་གདུལ་བྱ་དང་བརྗོད་བྱ་སྟོན་ཚུལ་གྱིས་འཇོག་པར་གསུངས་ལ། བྱེ་བྲག་བླ་མེད་ཀྱི་རྒྱུད་ལའང་མང་བོ་ཞིག་ཡོད་པ་ལས་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བ། མདོ་སྡེ་ཀུན་གྱི་ཟ་མ་ཏོག་ལྟ་བུ་ནི་དཔལ་གསང་བ་འདུས་པའི་གཞུང་མཆོག་འདི་ཉིད་ཡིན་ཏེ། གསང་བ་འདུས་པ་ལ་ཡིག་དོན་དང་། སྤྱི་དོན། སྦས་དོན། མཐར་ཐུག་གི་གསང་བ་འདུས་པ་བཞི་གསུངས་ལ། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་གནད་འགག་མཐའ་དག་ཀྱང་འདིར་འདུ་ཞིང་མདོ་སྡེ་ཐམས་ཅད་ཀྱི་ཚིག་དོན་གྱི་གནད་དག་ཀྱང་འདིར་འདུས་པས་ན་དེ་ལྟར་གསུངས་སྟེ། དཔལ་ལྡན་ཟླ་བའི་འགྲེལ་བ་སྒྲོན་གསལ་ལས། ཇི་སྲིད་ཡ་ར་ལ་ཧའི་བར།། ཀ་ཁ་གྷ་མཐའ་ཎ་ཛའི་མཐར།། ད་དྷའི་མཐའ་དང་མ་མཐར་བཅས།། དེ་དེའི་རྩ་བ་ཡི་གེ་གསུམ།། ཐུབ་པ་ཆེན་པོའི་ཆོས་ཕུང་བོ།། བརྒྱད་ཁྲི་བཞི་སྟོང་གསུངས་རྣམས་ཀྱི།། དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ།། དེ་བས་འདི་ནི་རྒྱུད་ཀྱི་རྩེ།། ཞེས་གསུངས་པའི་ཕྱིར་དང་།། མཁས་གྲུབ་ཐམས་ཅད་མཁྱེན་པས་ཀྱང་།  རྒྱལ་བའི་ལམ་གྱི་འཇུག་སྒོ་དང་། ཐེག་པ་དང་རྒྱུད་སྡེའི་རིམ་པ་མི་འདྲ་བ་ཇི་སྙེད་ཅིག་གསུངས་པ་དེ་དག་ཐམས་ཅད་ཀྱི་མཐར་ཐུག་པ་ནི་དཔལ་གསང་བ་འདུས་པ་འདི་ཉིད་ཡིན་ཏེ། ཞེས་སོགས་གསུངས་ཤིང་། ཁྱད་པར་དུ། འཇམ་དཔལ་ཞལ་ལུང་ལས།  འདི་དོན་རྣ་བར་འཕོ་བྱེད་པ།། གང་གི་དུས་སུ་གནས་པ་དེར།། སངས་རྒྱས་བསྟན་པ་རིན་ཆེན་ཀྱང་།། གནས་བར་རབ་ཏུ་བཤད་ཡིན།།  ཞེས་གསུངས་བ་ལྟར། སྤྱིར་སངས་རྒྱས་ཀྱི་བསྟན་པའི་སྙིང་བོ་གནས་མི་གནས་ཡང་མཐར་གཏུགས་ན་དཔལ་གསང་བ་འདུས་པའི་བཤད་སྒྲུབ་ཀྱི་རྒྱུན་གནས་མི་གནས་ལ་རག་ལས་བར་གསུངས་པ་དང་། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས། སློབ་དཔོན་ནག་པོ་སྤྱོད་པས་ཀྱང་། དཔལ་ལྡན་འདས་རྗེས་ལམ་གྱིས་ནི།། རིམ་པ་གཉིས་ཀའི་རི་བོ་ལ།། དཔལ་ལྡན་འདུས་པ་ལྷག་ཡིད་འོང་། ། རྒྱུད་རྣམས་ཀུན་སོན་གཙོ་བོ་ཡིན།། ཞེས་སོགས་དྲངས་སྟེ་མཁས་གྲུབ་རྗེ་ཁོང་གིས། འདི་ལྟར་རྒྱུད་སྡེ་དང་མཁས་གྲུབ་ཀྱི་གཞུང་མཐའ་ཡས་པ་གཅིག་ལས། གསང་བ་འདུས་པ་མདོ་རྒྱུད་ཐམས་ཅད་ཀྱི་མཆོག་དང་། འདི་ཡི་ལམ་ལ་མ་བརྟེན་པར་མཆོག་གི་དངོས་གྲུབ་འགྲུབ་པའི་ཐབས་མེད་པ་དང་། ཞེས་སོགས་གསུངས་སོ།།

དེ་བཞིན་དུ་སྔོན་བྱོན་སྐྱེས་བུ་དམ་པ་མང་པོས་མགྲིན་གཅིག་དབྱངས་གཅིག་གིས་གསུངས་པ་བཞིན་དུ། དཔལ་གསང་བ་འདུས་པའི་གཞུང་ལུགས་ལ་གོ་བ་རྣལ་མ་ཞིག་ཆགས་ན། མདོ་སྔགས་ཡོངས་རྫོགས་ཀྱི་ལམ་གྱི་སྒོ་ཕྱེ་བ་དང་འདྲ་ཞིང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོར་ཡང་། གསང་བ་འདུས་བ་ཞེས་པའི་གསང་ལུགས་དང་འདུས་ལུགས་ཤེས་དགོས་ཀྱང་ཁྱོད་ལ་རེ་བ་མི་སྣང་ཞེས་སྟག་ཚང་ལོ་ཙཱ་བར་དགག་པ་ནན་ཆེར་མཛད་པ་སོགས་ལ་དཔག་ན། དཔལ་གསང་བ་འདུས་པ་ནི་ཀློག་འདོན་བྱང་བ་ཙམ་ཞིག་་གིས་གང་ཡང་མི་ནུས་པས་བརྗོད་བྱའི་ནང་དོན་ལ་ཡུན་རིང་བོར་ཐོས་བསམ་སྒོམ་གསུམ་གྱིས་འབད་དགོས་པར་རང་ཅག་ལ་དོན་གྱིས་གདམས་པའོ།།

དེ་ཡང་ཐོག་མར་རྒྱུད་དེ་གང་ལས་བྱུང་བའི་ཁུངས་གསལ་བོར་ཤེས་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་དུ་ངེས་ལ། དེས་ན་ཐོག་མར་དཔལ་ལྡན་གསང་བ་འདུས་པའི་རྒྱུད་ཀྱི་བྱུང་བ་མདོ་ཙམ་བརྗོད་པར་འདོད་དོ།།  དེ་ལ་ཐོག་མར་རྒྱུད་གསུངས་བའི་ལོ་རྒྱུས་དང་འབྲེལ་ཏེ་དགོས་པ་ཅིའི་ཕྱིར་གསུངས་ཚུལ་དང་།  དགོས་པ་དེ་ལྡན་གྱི་རྒྱུད་ཀྱི་བརྒྱུད་རིམ་བཤད་པའོ།།   

དང་པོ་ནི།  དཔལ་གསང་བ་འདུས་པའི་རྒྱུད་གང་དུ་གསུངས་བའི་ཚུལ་ལ་བཤད་ཚུལ་དུ་མ་ཡོད་དེ།  དཔེར་ན།  གྲུབ་ཆེན་ཀུན་དགའ་སྙིང་བོའི་གསང་འདུས་ཡོ་གར་བཀྲལ་བའི་འགྲེལ་བ་ལས། ཁྱབ་འཇུག་ལ་སོགས་པའི་རྒྱུད་ལ་དགའ་ཞིང་ཡུལ་ཡོངས་སུ་མི་སྤོང་བའི་འདོད་ཆགས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་གསང་བ་འདུས་པའི་རྒྱུད་གསུངས་བར་འདོད་པ་དང་། ཡང་སློབ་དཔོན་རྒྱན་གྱི་རོལ་བ་ཞེས་པས་དགའ་ལྡན་གྱི་གནས་སུ་གསུང་བར་བཞེད་པ་སོགས་བཞེད་ཚུལ་མང་ནའང་འདུས་བ་པ་རྣམས་ཞལ་མཐུན་པར་ཨུ་རྒྱན་གྱི་ཡུལ་དུ་གསུངས་བར་ཡོངས་སུ་བཞེད་དོ།།

 དེ་ཡང་རྒྱུད་ཀྱི་ཚིག་རིས་ལྟར་གྱིས་གསུངས་ཚུལ་ཞིག་དང་། བུ་སྟོན་རིན་པོ་ཆེས་གསང་འདུས་ཆོས་འབྱུང་ལྟར་གསུངས་ཚུལ་གཅིག་སྟེ་གཉིས་སོ།།  དང་པོ་ནི།  རྩ་རྒྱུད་ལས།  འདི་སྐད་བདག་གིས་ཞེས་པ་ནས་བྷ་ག་ལ་བཞུགས་སོ་ཞེས་པས་གླེང་གཞི། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་པས་གནས་བསྟན་ཅིང་། བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་ཞེས་སོགས་ཀྱིས་འཁོར་བསྟན་ལ། འདུས་པ་གསང་བ་ལས་བྱུང་བ། སོགས་ཀྱིས་བདེ་བ་ཆེན་པོའི་དཀྱིལ་འཁོར་བཤད་དུ་གསོལ། ཞེས་ཞུས་པའི་ལན་དུ་དཀྱིལ་འཁོར་སྤྲུལ་ཏེ་གསུངས་སོ།། གཉིས་པ་ནི། འཁོར་ལོ་དང་པོ་བསྐོར་ནས་བར་བ་མ་བསྐོར་བའི་འཚམས་ལ་རྒྱ་གར་ནུབ་ཕྱོགས་ཨུ་རྒྱན་གྱི་རྒྱལ་བོ་ཨིནྟྲ་བྷུ་ཏིས་ཉན་ཐོས་ཀྱི་དགྲ་བཅོམ་པ་མང་པོ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་ཕེབས་པ་གཟིགས་ནས་ཅི་ཡིན་དྲིས་པ་ན། ལན་དུ། བཅོམ་ལྡན་འདས་ཀྱི་འཁོར་གྱི་ཉན་ཐོས་རེད་ཅེས་སོགས་ཐོས་པ་ན། དད་པས་ཡིད་བསྐུལ་ཏེ་འཇལ་འདོད་སྐྱེས་བ་ན་དེ་མ་ཐག་ཏུ་སྟོན་པ་འཁོར་དང་བཅས་པ་གནས་དེར་བྱོན། རྒྱལ་བོས་འདོད་ཡོན་གྱི་སྤྱོད་པ་མ་སྤངས་བར་སངས་རྒྱ་བའི་ཐབས་ཤིག་བཀའ་བསྩལ་དུ་གསོལ་ཞེས་གསོལ་བ་བཏབ་པ་ན། བཅོམ་ལྡན་འདས་ཀྱིས་གདུལ་བྱ་དམིགས་བསལ་བ་དེ་དང་དེ་འདྲ་བ་དག་ལ་དམིགས་ཀྱིས་བསལ་ནས་ཆགས་བྲལ་དགེ་སློང་གི་སྐུའི་རྣམ་པ་མི་སྣང་བར་བྱས་ཏེ། འཁོར་ལོའི་རྒྱལ་བོའི་ཆ་ལུགས་སུ་མཛད་ཏེ་རྒྱུད་གསུངས་བས་རྒྱལ་བོ་འཁོར་དང་བཅས་ཏེ་དཔལ་ལྡན་གསང་བ་འདུས་པའི་ལམ་ལ་བརྟེན་ནས་ཚེ་གཅིག་ལ་སངས་རྒྱས་སོ།། དེས་ན་གསང་བ་འདུས་པའི་རྒྱུད་ནི་ཐོག་མར་སངས་རྒྱས་ཀྱིས་གསུངས་ཤིང་། བར་ཏུ་སྐྱེས་བུ་དམ་པ་རྣམས་ཀྱིས་ཐུགས་ཉམས་སུ་བསྟར་ནས་ཉམས་མྱོང་ཚད་མ་ཐོབ་སྟེ། ཐ་མར་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་བྱེད་ཀྱི་གཞུང་ལུགས་ཚད་མ་ཕྱིན་ཅི་མ་ལོག་པ་ཞིག་ཡིན་པ་ལ་དོགས་པ་མི་དགོས་པས་རང་ཅག་གིས་མཐའ་གཅིག་ཏུ་ཤེས་ནས་ཐོབ་པའི་དད་པས་དཔལ་གསང་བ་འདུས་པའི་ཉམས་ལེན་ལ་གཅིག་ཏུ་འབད་དེ་བརྩོན་དགོས་པ་ཡིན་ནོ།།

གཉིས་པ་ནི།  དེ་ལྟ་བུའི་དཔལ་གསང་བ་འདུས་པའི་རྒྱུད་ལ་རྩ་བཤད་ཀྱི་ངེས་འཛིན་དང་དཀྱིལ་འཁོར་ཀྱི་རྣམ་བཞག་འབྱེད་ཚུལ་རྒྱུད་ཀྱི་དགོངས་པ་འགྲེལ་ཚུལ་སོགས་རྒྱ་གར་འཕགས་པའི་ཡུལ་ན་ལུགས་མི་འདྲ་བ་མང་བོ་ཞིག་ཡོད་པ་ཡིན་ཀྱང་། བོད་གངས་ཅན་གྱི་ལྗོངས་འདིར་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་གཉིས་སུ་གྲགས་ཆེའོ།། དེ་ཡང་ཡེ་ཤེས་ཞབས་ལུགས་ནི་སློབ་དཔོན་སེང་གེ་བཟང་བོའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལུང་གི་འདུ་བྱེད་ལ་བརྟེན་ནས་གཞུང་ཆེན་བཅུ་བཞི་བརྩམས་ཤིང་ལེགས་པར་བཀྲལ་བའི་ལུགས་ཉིད་དོ།། དེ་ཡང་ཞལ་ལུང་གི་འཇུག་ཏུ། ཁྱོད་ཀྱང་ཟས་ཀྱི་བྱ་བ་དང་། ། ང་ལ་ཅུང་ཟད་འཁྲུལ་རྟོགས་པས།། ཞེས་པ་ནས་བརྩམ་པར་བྱ་ཞེས་གསུངས་བ་ལྟར་རོ།།  མདོར་ན་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་སྲོལ་ཕྱེ་བའི་འཇམ་རྡོར་ལྷ་བཅུ་དགུ་མ་ལ་ཡེ་ཤེས་ཞབས་ལུགས་ཞེས་སུ་འབོད་དོ།།

དེ་ཡང་འཇམ་རྡོར་ལྷ་བཅུ་དགུའི་དཀྱིལ་འཁོར་ནི། གསང་འདུས་རྩ་རྒྱུད་ཀྱི་གཞུང་དངོས་བསྟན་གྱི་དབང་དུ་བཏང་ན་རིགས་ལྔ་དང་། ཡུམ་བཞི། ཁྲོ་བོ་བཞི་སྟེ་བཅུ་གསུམ་ལས་མེད་པར་གསུངས་ལ། འོན་ཀྱང་གླེང་གཞི་ནས་བྱུང་བའི་རྡོ་རྗེ་མ་དྲུག་བསྣན་པས་བཅུ་དགུ་ལ་བྱེད་དོ། འདིའང་སངས་རྒྱས་ཡེ་ཤེས་ཞབས་ཀྱི་རང་བཟོ་མ་ཡིན་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་གནང་བའི་གདམས་ངག་ཁྱད་པར་ཅན་དུ་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་གསུངས་སོ།།  དེས་ན་འདི་ལའང་འཐད་མི་འཐད་ཀྱི་རྣམ་བཞག་ཆེས་མང་བོ་བཤད་དུ་ཡོད་མོད་ཀྱང་སྐབས་དོན་སྒྲིབ་དུ་དོགས་ནས་མ་བྲིས་སོ།།

གཉིས་པ་ནི་འདུས་པ་འཕགས་ལུགས་ཡིན་ལ། དེ་ནི་དང་པོར་རྒྱལ་བོ་ཨིནྡྲབྷུ་ཏིས་ཀླུའི་རྣལ་འབྱོར་མ་ལ་གནང་། དེས་མངའ་བདག་བི་སུ་ཀ་པ་ལ་གནང་ལ། དེས་བྲམ་ཟེ་ཆེན་པོ་ས་ར་ཧ། དེས་དཔལ་མགོན་འཕགས་ཀླུ་སྒྲུབ་ལ་གནང་ཞིང་བརྒྱུད་པའི་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་མར་གྲགས་པ་འདི་ཉིད་ཡིན་ནོ།།

དེ་ཡང་ལྷ་སོ་གཉིས་པོ་དེ་དག་ཀྱང་དོན་ལ་མི་བསྐྱོད་པ་གང་ཟག་གཅིག་གི་ཕུང་ཁམས་སྐྱེ་མཆེད་དག་པ་ལས་ལྷའི་རྣམ་པར་ཤར་བ་ཡིན་པས་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་མར་གྲགས་སོ།། དེས་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དེ་དག་ལས་གསན་ཞིང་ཉམས་སུ་བླང་སྟེ་གྲུབ་པའི་གོ་འཕང་མཐོན་པོར་སོན་པ་ན། དཔལ་གསང་བ་འདུས་པའི་དགོངས་འགྲེལ་གྱི་བསྟན་བཅོས་སྣ་མང་མཛད་ཅིང་གསང་བ་འདུས་པའི་གཞུང་ལུགས་ལ་ངོ་མཚར་བའི་འོད་སྣང་བླ་མེད་བསྩལ་ཡོད་དེ། དཔེར་ན། བསྐྱེད་རིམ་གཙོ་བོར་སྟོན་པ། མདོར་བྱས་དང་། མདོ་བསྲེ་གཉིས། རྫོགས་རིམ་གཙོ་བོར་སྟོན་པ་བྱང་ཆུབ་སེམས་འགྲེལ་སོགས་མང་ཡོད་པའི་ཕྱིར་རོ།།

འདུས་པ་འཕགས་ལུགས་ལའང་གཉིས་སྟེ། མར་ལུགས་དང་འགོས་ལུགས་སོ།། འདི་གཉིས་ལའང་རང་རང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་རེ་ཡོད་དེ། རྗེ་རིན་པོ་ཆེས། མར་ལུགས་གདམ་ངག་གིས་ཁྱད་པར་དུ་འཕགས་པ་དང་། འགོས་ལུགས་བཤད་ཚུལ་གྱིས་ཁྱད་པར་དུ་འཕགས་པར་གསུངས་སོ།།

དེ་ཡང་དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པའི་མཛོད་འཛིན་རྗེ་བཙུན་ཤེས་རབ་རྒྱ་མཚོ་དཔལ་བཟང་བོའི་ཞལ་ནས། དེ་ལྟར་མར་འགོས་གཉིས་ཀ་ལ་དབང་ཁྲིད་རྒྱུད་དང་སྒྲོན་གསལ་གྱི་བཤད་པ་མངའ་ཡང་དར་སོ་ཆེ་ཆུང་གིས་བསྐྱེད་རྫོགས་མར་བ་དང་། རྒྱུད་དང་སྒྲོན་གསལ་གྱི་བཤད་པ་འགོས་ནས་བརྒྱུད་པ་གྲགས་ཆེ་པས་རྗེ་བདག་ཉིད་ཆེན་པོའི་མཐའ་དཔྱོད་མྱུ་གུར་ཞེས་སོགས་ལུང་འདྲེན་དང་བཅས་ཏེ་གསུངས་ཤིང་།། རིམ་ལྔ་གདན་རྫོགས་ལས་ཀྱང་།  དེ་ལ་ནི་རྗེ་མར་བ་དང་རྗེ་འགོས་ཀྱི་ལུགས་གཉིས་མཆོག་ཏུ་གྱུར་བ་ཡིན་ལ། འདིའི་མན་ངག་རྒྱུད་དང་འཕགས་སྐོར་གྱི་གཞུང་ལ་ལེགས་པར་གཏུགས་ནས་ངེས་པ་སྐྱེད་པ་ལ་ནི། རྗེ་འགོས་ནས་བརྒྱུད་པའི་མན་ངག་གི་བཤད་པ་རྣམས་དགོས་ཤིང་། གཞུང་ནས་དངོས་སུ་ཟིན་པ་ཙམ་དུ་མ་ཟད་ཁོང་ན་གནས་པ་དུ་མ་གསལ་དུ་བཏང་ནས། ད་ལྟར་གྱི་གང་ཟག་གིས་ཉམས་སུ་ལེན་པའི་དམིགས་རིམ་ཁྱད་པར་ཅན་མང་བོའི་སྒོ་ནས་ངེས་པ་རྙེད་པ་ལ་ནི། རྗེ་མར་བའི་གདམས་ངག་རྣམས་དགོས་སོ་ཞེས་གསུངས་བ་ལྟར་རོ།། རྗེ་བདག་ཉིད་ཆེན་པོས་ཀྱང་བླ་མ་རེ་འདའ་བ་དང་ཁྱུང་བོ་ལྷས་པ་སོགས་ལས་མར་འགོས་གཉིས་ཀྱི་གདམས་པ་ཡོངས་རྫོགས་གསན་ཞིང་ཞིབ་ཏིག་གནད་སྨིན་མཛད་པས་རྗེའི་རང་ལུགས་འདི་ནི་བོད་གངས་ཅན་གྱི་ལྗོངས་ཀྱི་བཀའ་སྲོལ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པར་གསུངས་སོ།།

དེ་ཡང་མར་ལུགས་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་ཁོང་གི་སློབ་མ་ཐུགས་སྲས་བཞིར་གྲགས་པའི་ནང་ཚན་གྱི་གྲུབ་ཆེན་མ་ཏཾི་ཀི་ལ་གནང་ཞིང་། མ་ཏཾི་ཀི་ནས་ཏེ་ལོ་པ་དང་། དེ་ནས་ན་རོ་པ། དེ་ནས་མར་བ་ལ་བརྒྱུད་པའི་གདམས་ངག་ཡིན་ལ། སྐྱེས་མཆོག་འདིས་ནི་རྒྱ་གར་འཕགས་པའི་ཡུལ་དུ་མཁས་གྲུབ་གཉིས་ལྡན་གྱི་བླ་མ་བརྒྱ་རྩ་ལྷག་བསྟེན་ནས་དཔལ་གསང་བ་འདུས་པའི་གཞུང་དང་བརྒྱུད་པ་ལ་སྒྲོ་འདོགས་ནང་ནས་ཆོད་དེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཚད་མའི་སྐྱེས་བུ་རྨད་དུ་བྱུང་བ་ཞིག་ཡིན་པར་མཁས་པ་རྣམས་མགྲིན་གཅིག་ཏུ་གླེང་བཞིན་པ་དེའོ།། དེ་ལྟ་བུའི་སྐྱེས་མཆོག་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་གང་དེ་ལ་སློབ་མ་ཀ་བཞིར་གྲགས་པ་ཞིག་ཡོད་དེ། རིམ་པ་བཞིན་དུ་གྲོང་འཇུག་གི་བཀའ་བབ་རིག་སྲས་དར་མ་མདོ་སྡེ། གསང་འདུས་ཀྱི་བཀའ་བབ་ཚུར་སྟོན་དབང་གི་རྡོ་རྗེ། བཤད་རྒྱུད་ཀྱི་བཀའ་བབ་རྔོག་ཆོས་སྐུ་རྡོ་རྗེ། བདེ་དྲོད་ཀྱི་བཀའ་བབ་མི་ལ་རུས་པ་སོགས་སོ།། དེ་དག་གི་ནང་ནས་ཀྱང་ཚུར་སྟོན་དབང་གི་རྡོ་རྗེ་ལ་དཔལ་ལྡན་གསང་བ་འདུས་པའི་དབང་རྒྱུད་མན་ངག་དང་བཅས་པ་བུམ་པ་གང་བྱོས་ཚུལ་དུ་ལེགས་པར་གནང་ལ་ད་ལྟའི་བར་དུ་བྱིན་རླབས་ཀྱི་རྒྱུན་མ་ནུབ་པར་རྒྱ་གར་འཕགས་པའི་ཡུལ་དང་བོད་གངས་ཅན་གྱི་ལྗོངས་འཛམ་བུ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་ཅིང་རྒྱས་པར་བྱེད་བཞིན་པ་འདི་ལགས་སོ།། དེ་ལྟ་བུའི་ཚུར་སྟོན་དབང་གི་རྡོ་རྗེས་གསང་འདུས་མན་ངག་མཐའ་དག་འཁོན་གད་པ་ཀིརྟི་ལ་གནང་ཞིང་། དེ་ཡང་ལོ་རྒྱུས་ཀྱི་དབང་དུ་བཏང་ན། དང་བོ་དམ་པ་འདི་ཉིད་གནས་ཤིག་ན་ཚད་མ་ལ་གཟིགས་རྟོགས་མཛད་ཀྱིན་ཡོད་པ་ལ། གྱི་སྟོན་ཟེར་བ་ཞིག་གིས་ཁོང་ལ། ཁྱོད་ཀྱིས་ཚད་མ་ལ་སྦྱངས་བས་ཅི་བྱེད། དེ་བས་མྱུར་ཏུ་འཚང་རྒྱ་བའི་གདམ་ངག་ཞིག་ལ་བརྩོན་པ་དགའ་འོ་ཞེས་སྨས་པ་ན། ཁོང་གིས་འོ་ན་དེ་འདྲ་བའི་གདམ་པ་ཁྱད་པར་བ་གང་ལ་མངའ་ཞེས་དྲིས་པ། རྣལ་འབྱོར་ཚུར་སྟོན་ལ་མངའ་འོ་ཞེས་བཤད་པས། མཚན་ཐོས་པ་ཙམ་གྱིས་དད་གུས་དཔག་མེད་འཁྲུངས་ཤིང་བླ་མར་བསྟེན་པས་མངོན་རྟོགས་ཡོན་ཏན་གྱིས་རྒྱུད་གཏམས་པའི་སྐྱེས་བུ་དམ་པ་རྨད་དུ་བྱུང་བ་ཞིག་ཏུ་གྱུར་ཏོ།།

དེས་ན་གོང་དུ་བཤད་པའི་ཚད་མ་ལ་སྦྱངས་བས་ཅི་བྱེད་ཅེས་ནི་གསང་སྔགས་ཉམས་སུ་ལེན་མཁན་སུ་ཡིན་ལ་ཚད་མས་དགོས་པ་མེད་པར་བཤད་པ་མིན་ཏེ། སྔགས་ལམ་མཐོན་པོའི་སྐབས་སུ་ཚད་མ་སོགས་ལ་སྦྱངས་བ་དོན་མེད་ཅེས་པའི་དོན་རེད། དེ་མ་གཏོགས་ལམ་ལ་འཇུག་པའི་ཐོག་མ་ནས་ཚད་མ་སོགས་ལ་སྦྱང་བ་མ་བྱས་ན་འབྲས་བུ་བཟང་བོ་གང་ཡང་ཐོབ་པ་མེད་དོ།།

 དེས་ན་མདོ་སྔགས་ཀྱི་ལམ་གང་ལ་སྦྱངས་ཡང་ཚད་མ་སོགས་སྦྱངས་དགོས་པ་ནི་མཁས་པའི་སྤྱི་ལུགས་ལྟ་བུ་ཡིན་པས་སྐྱེས་བུ་དམ་པ་དམིགས་བསལ་བ་རེ་འགའི་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་བ་ལ་ཁ་གཡར་ནས་ཐུན་མོང་གི་དངོས་གྲུབ་ལ་རྒོལ་བའི་བླུན་རྨོང་ལ་མགོ་འཁོར་མི་རུང་ངོ་།། དེ་ལ་དགོངས་ནས་ཀུན་མཁྱེན་འཇིགས་མེད་དབང་བོས། བློ་གྲོས་མཉམ་ཆུང་སྦྲང་བུའི་གཤོགས་རླབས་ཀྱིས།། གཞུང་མང་ནམ་མཁའི་ཕ་མཐར་ཇི་ལྟར་གཞལ།། གསུང་རབ་ཀུན་གྱི་གནད་བསྡུས་བཀའ་པོད་ལྔར།། སློབ་པ་སྔོན་བྱོན་མཁས་པའི་ལུགས་སྲོལ་ཡིན།། ཞེས་གསུངས་པ་ལྟར་རོ།། 

དེ་ལ་བྱ་སྒང་བ་བསོད་ནམས་རིན་ཆེན་གྱིས་གསན་ཞིང་། འདི་བ་འཁོན་གད་པ་ཀརྟི་དང་ཡུམ་གཅིག་པའི་སྐུ་མཆེད་ཡིན་པར་གསུངས་ལ། འདི་ཉིད་མྱ་ངན་ལས་འདས་པའི་ཚེ་ན་ཡང་འཇམ་མགོན་ས་སྐྱ་པཎ་ཆེན་གྱི་རྣམ་ཐར་དང་ཚུལ་མཐུན་པར་འདོམས་ཀྱི་མཚན་མ་སྦུབས་སུ་ནུབ་ཅིང་དབུའི་གཙུག་ཏོར་གྱེན་དུ་འཕགས་པ་ལ་སོགས་པའི་ངོ་མཚར་བའི་འབྲས་བུ་དུ་མ་དང་བཅས་ཏེ་གཤེགས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པར་ཀུན་ལ་གྲགས་སོ།། དེ་ཉིད་ཀྱིས་ཐུར་ལྷ་བ་ཚུལ་ཁྲིམས་སྐྱབས་ལ་གནང་བའོ།། དེས་ཐང་སྤེ་བ་དང་། དེས་གྲུབ་ཐོབ་གསེར་སྡིང་བ་ལ། དེས་ཀུན་མཁྱེན་ཆོས་སྐུ་འོད་ཟེར། དེས་འཕགས་འོད་ཡོན་ཏན་རྒྱ་མཚོ། དེས་བུ་སྟོན་རིན་ཆེན་གྲུབ་ལ་གནང་པའོ།།

 གོང་དུ་བཤད་པ་དེ་དག་ནི་མར་ལུགས་ཀྱི་བརྒྱུད་ཚུལ་མདོར་བསྡུས་པ་ཙམ་ཞིག་བརྗོད་པ་ཡིན་ལ། ད་ནི་འགོས་ལུགས་ཀྱི་བརྒྱུད་པ་མདོར་བསྡུས་ཙམ་ཞིག་བརྗོད་ན།  དེ་ཡང་འགོས་ཞེས་བ་ནི་འགོས་ལོ་ཙཱ་བ་བསོད་ནམས་རྩེ་མོ་བྱ་བ་ཡིན་ལ། ཡང་ན་འགོས་ཁུག་པ་ལྷས་བཙས་ཀྱང་ཟེར་རོ།། འདི་ལའང་བཤད་ཚུལ་མི་འདྲ་སྟེ། ལ་ལས་རྗེ་འདི་ཉིད་བློན་པོ་འགོས་ཀྱི་རུས་ཡིན་པས་འགོས་དང་། ཡབ་ཡུམ་གཉིས་མིང་སྲིང་ཡིན་པ་འདུས་པའི་སྲས་ཡིན་པས་ན་ཁུག་པ། མིང་སྲིང་བསྣལ་བ་ལ་ངོ་ཚ་ནས་རྟ་ནག་ཕུའི་ལྷས་གཅིག་ཏུ་བཙས་པས་ན་ལྷས་བཙས་ཞེས་བཏགས་སྐད། ཡང་བུ་སྟོན་རིན་པོ་ཆེས། ཡབ་ཡུམ་གཉིས་ཀ་འགོས་ཡིན་པས་ན་ཁུག་པ་དང་། ལྷས་ཕུག་ཏུ་འཁྲུངས་པས་ན་ལྷས་བཙས་ཞེས་གསུངས་སོ། ། འོན་ཀྱང་དེབ་སྔོན་ལས་དེ་ལ་སྐྱོན་གྱིས་ཚུལ་དུ། དེ་ལ་འགོས་ནི། རྟ་ནག་ཕུའི་ཁུག་པ་ཞེས་བྱ་བའི་ས་ཆར། ཡུམ་སྒྲོལ་མའི་སྤྲུལ་པ་ཡིན་ཟེར་བ་ཞིག་ལས་འཁྲུངས། མཚན་ནི་ལྷས་བཙས་ཏེ་ལྷས་སྐྱབས་ཞེས་བྱ་བ་ཡིན་པ་ལ། གདུང་འགོས་ཡིན་ཞིང་། ཡབ་ཡུམ་གཉིས་ཀ་འགོས་ཡིན་པས་འགོས་ཁུག་པ། ལྷས་ར་ཞིག་ཏུ་བཙས་པས་ལྷས་བཙས་ཟེར་བ་ནི་བླུན་པོ་ཁོ་ནའི་གཏམ་མོ། ཞེས་གསུངས་སོ།། དེ་ཡང་བརྒྱུད་པའི་དབང་ཏུ་བཏང་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་དཔལ་ལྡན་ཟླ་བ་གྲགས་པས་གསན་ཏེ་གསང་འདུས་ཀྱི་འགྲེལ་བ་སྒྲོན་གསལ་མཛད་པ་ལ་འཆད་ཉན་དར། དེས་སློབ་པའི་རྡོ་རྗེ། དེས་བླ་མ་སྤྲིན་གྱི་ཤུགས་ཅན་ལ་གནང་ཞིང་། དེ་ལ་རྗེ་འགོས་ཀྱི་གསན་ཏེ། རྗེ་འགོས་ཀྱིས་པཎྜི་ཏའི་བླ་མ་བདུན་ཅུ། མཁའ་འགྲོ་མའི་བླ་མ་གཉིས་སྟེ་བླ་མ་བདུན་ཅུ་རྩ་གཉིས་བསྟེན་པར་གྲགས་ལ། དེ་དག་ལས་ཀྱང་འདུས་བ་གསན་སའི་གཙོ་བོ་ནི་བྷངྒ་ལའི་མཁས་པ་མངོན་ཤེས་ཅན་དང་། ཟ་ཧོར་གྱི་མཁས་པ་བཙུན་མོ་ཅན། ཀོང་ཀ་ནའི་རྒྱལ་བུ་སྤྲིན་གྱི་ཤུགས་ཅན། ཇོ་བོ་རྗེ་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་དེ་བླ་མ་དེ་དག་ལས་འཕགས་སྐོར་ལྔའི་གཞུང་ལ་བརྟེན་པའི་གཞུང་བཤད་དང་དབང་ལུང་མན་ངག་གི་སྐོར་རྣམས་ལེགས་པར་གཏན་འབེབས་མཛད་ཅིང་། གསང་འདུས་འགྲེལ་བ་སྒྲོན་གསལ་དང་བཅས་པ་ལ་འགྱུར་བཅོས་ཀྱང་ལན་གཉིས་མཛད་ལ། བརྟག་གཉིས་ཀྱི་འགྲེལ་བ་རིན་ཆེན་ཕྲེང་བ། བདེ་མཆོག་བཤད་རྒྱུད་དང་བཅས་པ་དང་། རྡོ་རྗེ་གདན་བཞི་བཤད་པ་དང་བཅས་པ་དང་། མ་ཧཱ་མཱ་ཡཱ་ལ་སོགས་པའི་རྒྱུད་མང་བོ་འགྲེལ་བ་དང་བཅས་པ་བསྒྱུར་ཞིང་། བཤད་པ་ཡང་མཛད་ལ། འདུས་པའི་ཕྲན་རྣམས་ལ་ཡང་འགྱུར་བཅོས་མཛད་དེ། མཁྱེན་པ་རྒྱ་ཆེན་པོ་དང་ལྡན་ཞིང་། ཁྱད་པར་དུ། མངོན་ཤེས་ཅན་དང་བཙུན་མོ་ཅན་ནག་པོ་བ་གསུམ་ལ་མཆོག་གི་བླ་མར་མཛད་ཅིང་། གཞུང་བཤད་དང་གདམས་པ་ཡང་དེ་གསུམ་གྱི་ལུགས་ལ་གཙོ་བོར་མཛད་དེ་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་ལེགས་པར་ཕྱེ་བའི་བསྟན་བཅོས་སྔགས་ལོག་སུན་འབྱིན་དང་གསང་བ་འདུས་བའི་རྩ་རྒྱུད་ཀྱི་ཚིག་འགྲེལ་མཆན་ཆེན་དང་དོན་འགྲེལ་སྟོང་ཐུན་ཆེན་མོ་སོགས་མཛད་དེ་དཔལ་གསང་བ་འདུས་པའི་བསྟན་པ་ཉི་མ་བཞིན་དུ་གསལ་བར་མཛད་པའི་བཀའ་དྲིན་གྱིས། བོད་དུ་བྱུང་བའི་གསང་འདུས་འཕགས་ལུགས་ལ་རྒྱུད་ཀྱི་བཤད་སྲོལ་མི་འདྲ་བ་མང་བོ་ཞིག་ཡོད་ནའང་། འཇམ་མགོན་ཙོང་ཁ་བ་ཆེན་པོས་འགོས་ལོ་ཙཱ་བའི་བཤད་པ་འདི་ཉིད་དེ་རྣམས་ཀྱི་མཆོག་ཏུ་གཟིགས་སོ།།

 དེ་ནས་རིམ་པར་བརྒྱུད་པའི་བཤད་སྲོལ་རྣམས་ལྟག་པ་རིན་ཆེན་གྲགས་ལས་ཐུར་ལྷ་བ་ཚུལ་ཁྲིམས་སྐྱབས་ཀྱིས་གསན་ཏེ། དེ་ནས་བཟུང་སྟེ་མར་འགོས་ཀྱི་བརྒྱུད་པ་གཉིས་འདྲེས་སུ་གྱུར།  དེས་ན་མར་འགོས་ཀྱི་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་བའི་བཤད་སྲོལ་དང་གདམས་པ་ཡོངས་སུ་རྫོགས་པ་རྗེ་བཙུན་འཇམ་པའི་དབྱངས་དང་རྗེ་བཙུན་རེད་མདའ་བ་སོགས་ལས་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོས་འགོས་ནས་གཙོ་བོར་བརྒྱུད་པའི་བཤད་པ་དང་མར་བ་ནས་གཙོ་བོར་བརྒྱུད་པའི་གདམས་པ་གཉིས་ཡ་མ་བྲལ་བར་གཅིག་ཏུ་དྲིལ་ཏེ་སྟོན་པ་རིམ་ལྔ་གསལ་སྒྲོན་དང་། གསང་འདུས་འགྲེལ་བ་སྒྲོལ་གསལ་ལ་མཆན་དང་ཡང་མཆན་དང་བསྡུས་དོན་མཐའ་དཔྱོད་བཞི་མཛད་པ་ལ་འགྲེལ་བ་བཞི་སྦྲགས་ཞེས་ས་གསུམ་ན་འགྲན་ཟླ་བྲལ་བའི་བསྟན་བཅོས་དང་འཆད་ཉན་གྱི་རྒྱུན་ད་ལྟའི་བར་དུ་རྒྱུན་མ་ཆད་པར་དར་བཞིན་པ་འདི་ཉིད་དོ།། དེ་ཡང་འཆད་ཚུལ་གྱི་དབང་དུ་བཏང་ན་གཉིས་སྟེ། རྒྱུད་ཀྱི་སྟེང་ནས་འཆད་ཚུལ་དང་། སྒྲོན་གསལ་གྱི་སྟེང་ནས་འཆད་ཚུལ་ལོ། དང་བོ་ནི།  རྒྱུད་ཀྱི་སྟེང་ནས་འགྲེལ་བ་བཞི་སྦྲགས་ནས་འཆད་པ་ལ། སྒྲོན་གསལ་དང་། མཆན་དང་།  བསྡུས་དོན་དང་མཐའ་དཔྱོད་བཞི་གའི་སྟེང་ནས་འཆད་པ་དགོས་སོ།།

གཉིས་པ་ནི། སྒྲོན་གསལ་གྱི་སྟེང་ནས་འགྲེལ་བ་བཞི་སྦྲགས་པ་ལ། མཆན་དང་ཡང་མཆན་དང་བསྡུས་དོན་དང་མཐའ་དཔྱོད་ཉིད་སྦྲགས་པ་མཁས་པའི་དགོངས་པའོ་ཞེས་དཔལ་མང་པཎྜི་ཏིས་གསུངས་སོ།། དེ་ཡང་འགྲེལ་བའི་བཤད་རྒྱུན་བརྩོན་འགྲུས་འཕགས་ཀྱིས་རྒྱ་ར་ཆོས་སྐྱོང་རྒྱ་མཚོར་གསན་པའི་དབང་གིས་སྲད་རྒྱུད་པར་བརྒྱུད་པ་ཟུང་འབྲེལ་བྱུང་ཞིང་། རྒྱུད་པ་རྣམ་རྒྱལ་གྲགས་བཟང་གིས་པན་ཆེན་རིག་པ་སེདྒེ་ལ་གསན་པའི་དབང་གིས་སྨད་རྒྱུད་པར་བརྒྱུད་པ་ཟུང་འབྲེལ་བྱུང་པར་གསུངས་སོ།། ཀུན་མཁྱེན་ཆེན་པོ་ཉིད་ནས་བརྒྱུད་པ་ཟུང་འབྲེལ་གྱི་གདམས་པའི་བདུད་རྩི་བུ་སློབ་རྣམས་ལ་གནང་བའི་ཆོས་རྒྱུན་སླར་ཡང་མ་ཧཱ་པཎ་ཆེན་འཇིགས་མེད་དབང་བོའི་སྡེས་རྒྱ་ཆེར་བསྐྱངས་པ་ལས་ད་ལྟ་མདོ་སྨད་ཀྱི་ཆོས་གྲྭ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་འདི་འདུས་པ་ལུགས་གཉིས་ཀྱི་དབང་། རིམ་གཉིས་ཀྱི་དམར་ཁྲིད། རྒྱུད་འགྲེལ་གྱི་བཤད་སྲོལ། བསྐྱེད་རྫོགས་ཀྱི་བཤད་ལུང་དང་བཀླགས་ལུང་སོགས་དཔལ་ལྡན་འདུས་པའི་ཆོས་ཚུལ་མཐའ་དག་སྡུད་པའི་ཟ་མ་ཏོག་ལྟ་བུར་ཡོད་དོ།། དེ་རྣམས་ཀྱི་སྒོ་ནས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བྱུང་བ་མདོར་བསྡུས་ཙམ་ཞིག་བརྗོད་ཟིན་པ་ཡིན་ན། ནོར་བ་གང་ཡོད་ཁྱེད་མཁྱེན་དཔྱོད་དང་ལྡན་པ་རྣམས་ཀྱི་སྤྱན་སྔར་འཐོལ་ཞིང་བཤགས་པ་བྱའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།