དང་པོའི་སངས་རྒྱས་ཀྱི་ཡུམ་མཆོག་སྣ་ཚོགས་ཡུམ་གྱི་བསྙེན་ཡིག་ཆོ་གའི་ཐོ་དང་བཅས་པ་བདུད་རྩིའི་བུམ་བཟང་རྡོ་རྗེའི་ཚེར་མ་ཞི་བྱེད་ཅེས་བྱ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 22:22:04     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 262203419828328873.jpg

    བླ་མ་དང་སྣ་ཚོགས་ཡུམ་ལ་ཕྱག་འཚལ་ལོ། །འདིར་སྣ་ཚོགས་ཡུམ་སྒྲུབ་བར་འདོད་པས་གནས་དབེན་པར་བྱི་དོར་བྱས། དུས་འཁོར་ཡབ་ཡུམ་གྱི་སྐུ་ཡོད་ན་བཤམས། འོ་མ་དང་མར་གྱིས་སྤྲས་པའི་ལྷ་བཤོས་དང༌། གཏོར་མ་གསུམ་སོགས་ལྷ་མོ་འདི་དང༌། ཆོས་སྐྱོང་དང༌། གཞི་བདག་གི་གཏོར་མ་བཤམས། མཆོད་པ་མེ་ཏོག་དཀར་པོ་དྲི་ཞིམ་པ་སོགས་ཆུ་གཉིས་ཉེར་སྤྱོད་ལྔ་ཞི་བའི་ལུགས་ཡོངས་གྲགས་ལྟར་བྱས། དུས་ཐུན་བརྒྱད་ཀྱི་དང་པོ་ཐོ་རངས་ལ། ཐོག་མར་གཞི་བདག་གཏོར་མ་བཏང་ལ་འཕྲིན་ལས་བཅོལ། དེ་ནས། སུམ་བྷ་ནི་བཏོན་ལ་མཚམས་བཅད་དེ། བསྲུང་འཁོར་བསྒོམ། ཐོ་ཅོག་བྱས། དེ་ནས་རང་སྐད་ཅིག་གིས་སྣ་ཚོགས་ཡུམ་དུ་གྱུར། ཅེས་བརྗོད་ཅིང་བསམ། མཆོད་པ་ཨ་མྲྀ་ཏའམ། ཤེས་ན་དུས་འཁོར་ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝའམ། ཤཱུནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུཾ་ཧཱུཾ་ལས་མཆོད་ཡོན། ཞབས་བསིལ། མེ་ཏོག་ཅེས་པ་ནས། ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། དེ་བཞིན་དུ་ཨོཾ་པཏྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཞེས་བརྗོད་ལ་བྱིན་གྱིས་བརླབས། རྒྱས་པར་བྱེད་ན། ཚོགས་ཞིང་ལ་མཆོད་བསྟོད་སོགས་བྱ་ལ། བསྡུ་ན། མདུན་དུ་སངས་རྒྱས་བྱང་སེམས་ཐམས་ཅད་དང༌། བླ་མ་དང་དུས་འཁོར་ཡབ་ཡུམ་སོགས་བཞུགས་པར་བསམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་སྐྱབས་སེམས་དང༌། ཚད་མེད་བཞི་བསྒོམ། ཤེས་ན་དུས་འཁོར་ལྟར་རྣམ་ཐར་སྒོ་བཞིའི་སྔགས་བརྗོད་ལ་བསྒོམ་པ་རྒྱས་པ་ཡིན་ལ། བསྡུས་ན། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཀཱ་ལི་ལས་ཉི་མའི་དཀྱིལ་འཁོར་ཞེས་པ་ནས། རྡོ་རྗེ། པདྨའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། དབང་ལྷ་སྤྱན་དྲངས། དབང་བསྐུར། དྲི་མ་དག །སྤྱི་བོར་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཨོཾ་བི་ཤྭ་མཱ་ཏཱ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་བི་ཤྭ་མཱ་ཏཱ་ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་ཕུལ་ནའང་རུང་མི་འབུལ་པའང་སྣང་པས་གང་བདེ་གྱིས། དེ་ནས་བསྟོད་ལ། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་བཾ་ཡིག་བདུད་རྩིའི་འོད་ཅན། བདུད་རྩི་འཛག་པ་ཅན་གྱི་མཐར་སྔགས་ཕྲེང་གི་འོད་ཟེར་འཕྲོས་པའི་སྣེ་མོར་མཆོད་པའི་ལྷ་མོས་སངས་རྒྱས་བྱང་སེམས་ལ་མཆོད། ཡང་འོད་ཟེར་གྱི་སྣེ་ལས་ལྷ་མོ་སྤྱན་མ་སོགས་ཡུམ་བཞི་སྐུ་མདོག་ན་བཟའ་དཀར་པོ་ཅན་བུམ་པ་དཀར་པོ་དུ་མ་བདུད་རྩི་དཀར་པོས་གང་བས་རང་གཞན་ལ་ཁྲུས་གསོལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ཅིང་ལུས་ཤེལ་ལྟར་དྭངས་པར་བསམ་ལ་སྔགས། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཱ་བཛྲ་ཀཎྚ་ཀ་ཊ་ན་ནཱ་ཤཱ་ཡ་མ་མ་ཤཱིནྟཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པའི་སྤེལ་ཚིགས་དཀྱུས་གསལ་ལ། རྟགས་ལུས་ལ་རྣག་སོགས་ཐོན་པ་དང༌། མེ་ཏོག་དཀར་པོ་ཐུ་བ་དང༌། ཉི་ཟླ་ཤར་བ། དཀོན་མཆོག་གི་རྟེན་མཐོང་བ་ཡང་ཡང་འབྱུང་པའི་བར་རམ། གྲངས་འབུམ་ཐེར་འབྲུ་གྲངས་དང་མཉམ་པ་སོགས་ཅི་རིགས་གཅིག་བསྒྲུབས་ནས། དེ་ནས་རང་གཞན་བསྲུང་པའི་སྲན་མའི་ལས་ཚོགས་ཡོངས་གྲགས་ལྟར་བྱའོ། །ཐུན་མཐར་མཆོད་བསྟོད་བྱས། ཡིག་བརྒྱ་བརྗོད་ལ་བརྟན་པར་བྱས། ཕྲེང་བ་དུས་འཁོར་ལས། ཞི་བ་ལ་ཤེལ་དཀར་བཤད་པས་དེའམ། དུང་བྱུང་ན་བཟང་། གཏོར་མ་འབུལ་ན་གཏོར་མ་བསང་སྦྱངས་སྔར་ལྟར་ལ། རྒྱས་པར་གྲུབ་ན་དུས་འཁོར་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། བསྡུས་ན་སྟོང་པའི་ངང་ལས་ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡོངས་སུ་གྱུར་པ་ལས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུཾ་དང༌། ཧ་ཧོ་ཧྲཱིཿལན་གསུམ་གསུམ་གྱིས་བརླབས། མདུན་དུ་ལྷ་མོ་བསྐྱེད། སྤྱན་དྲངས། མཆོད་བསྟོད་ཀྱི་བར་བྱ་ལ། མགྲོན་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གསོལ་བར་བསམ་ལ། ཨོཾ་བི་ཤྭ་མཱ་ཏཱ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་ཀཎྚ་ཀ་ཊ་ན་ནཱ་ཤ་ཡ། མ་མ་ཤིནྟཾ་ཀརྱཾ་གུ་རུ་ཀུ་རུ་སྭཱཧཱ། གསུམ་སོགས་བརྗོད། མཆོད་བསྟོད་ལ། མཚམས་གྲོལ་དུས། རྟེན་མེད་ན་གཤེགས། ཡོད་ན་བརྟན་བཞུགས། ཤིས་བརྗོད་བྱ། ཆོས་སྐྱོང་ལ་བསྔོ་ན་རང་རང་གི་གཞུང་ལྟར། དཀར་གཏོར་ཡོངས་གྲགས་ལྟར་གྱིས། དེས་ན་སྣ་ཚོགས་ཡུམ་གྱི་བསྙེན་པའི་སྐབས་སུ། ཐུན་གྱི་བསྙེན་པ་ཁོ་ན་གྲངས་ལ་བགྲང་དགོས་ལ། ཐུན་མཚམས་སུ་ཡང་སྤྱོད་ལམ་ཐམས་ཅད་དུ་གང་སྣང་ལྷ། ངག་ནས་སྔགས་རྒྱུན་དུ་བགྲང་བ་དང༌། ཐམས་ཅད་ལ་བདེ་སྟོང་རྒྱས་འདེབས་སོགས་བྱ་ཞིང༌། ཐུན་མཚམས་མིན་པར་ངག་གཅོད་པ་དང༌། ཕལ་ཚིག་གིས་བར་མ་ཆོད་པ་དང༌། བྱུང་ན་ཐུན་ངོར་བཟའ་བཏུང་མ་བྱས་ན་བཟང་ཡང་རྒྱལ་བ་ཡབ་སྲས་གཉིས་ཀའི་གསུང་རྒྱུན་ལ། ཐུན་ནང་དུ་བཟའ་བཏུང་བྱེད་རུང་བ་དང༌། དེ་ཡང་སྔགས་རེ་དང༌། ཧུབ་རེ་ལྟ་བུ་བྱེད་གསུངས་པ་སྣང་བས་རུང་ཙམ་ཡིན་པར་མངོན། ཐུན་མཚམས་སུ་ཡང་མཚམས་གཡོག་པ་མིན་པ་ལ་ངག་སྨྲ་བ་སོགས་མི་རུང༌། བཤད་ཚོད་མཐའ་དག་ཁྱེད་ཅག་ལས་དང་པོ་པ་ལྟ་ཅི་སྨོས། སྔགས་རྒན་ཕན་ཆེར་གྱིས་ཀྱང་མི་ཡོངས་ལ་མི་མཛད་པ་ཁོ་ནར་སྣང་ལ། གཞན་ཡང་ཚུལ་ཁྲིམས་གཙང་དགོས་པས་འཁྲིག་པའི་རིགས་སོགས་ཉོན་མོངས་པའི་བསམ་པ་དང༌། བླ་མ་དང་ལྷ་ལ་མི་དད་པ་དང༌། དེ་འདྲའི་མི་དང་འཕྲད་པ་དང༌། དེའི་ཟས་སོགས་ཟ་མི་རུང་ལ། ཐེ་ཚོམ་གཏན་ནས་མི་ཉན་པས་སངས་རྒྱས་ཀྱི་བཀའ་མི་བསླུ་བའི་ངེས་པ་དྲངས་ལ། དད་འདུན་དང༌། བདེ་སྟོང་དང༌། ང་རྒྱལ་གསལ་སྣང་ཡང་ཡང་དྲན་པ་བྱས་ན་བསླུ་མི་སྲིད་པ་སྔོན་ནས་ད་ལྟའི་བར་གྱི་མཁས་གྲུབ་དུ་མའི་རྣམ་ཐར་བསམ་མོ། །རྒྱུད་འགྲེལ་དང༌། སྒྲུབ་ཐབས་དུ་མ་ནས་སྣ་ཚོགས་བཤད་པ་མཐོང་མོད་ཀྱང༌། འདིར་ཆོ་ག་དང་སྤྱོད་ལམ་སོགས་མཁས་པའི་གསུང་རྒྱུན་ལྟར་ཉུང་གསལ་ཉམས་ལེན་དུ་བདེ་བར་བཀོད་པ་ལགས་སོ། །ཞེས་དང་པོའི་སངས་རྒྱས་ཀྱི་ཡུམ་མཆོག་སྣ་ཚོགས་ཡུམ་གྱི་བསྙེན་ཡིག་ཆོ་གའི་ཐོ་དང་བཅས་པ་བདུད་རྩིའི་བུམ་བཟང་རྡོ་རྗེའི་ཚེར་མ་ཞི་བྱེད་ཅེས་བྱ་བ་འདི་ཡང་འཇམ་དབྱངས་བཞད་པའི་རྡོ་རྗེས་རང་གི་སློབ་མ་དུ་མའི་དོན་དུ་འཕྲལ་མར་སུག་བྲིས་སུ་བྱས་པ་འདིས་ཀྱང་འགྲོ་བའི་རིམས་ནད་མ་ལུས་པ་ཞི་བར་གྱུར་ཅིག །དཀོན་མཆོག་གསུམ་གྱི་བདེན་པས་ཞི་བར་གྱུར་ཅིག །ཨོཾ་སྭ་སྟི། ཐུབ་བསྟན་འཛིན་མར་སྐལ་བཟང་ཞིང་པའི་ཚོགས། །ཕན་བདེའི་ལོ་ཏོག་ལོངས་སུ་སྤྱོད་པའི་ཕྱིར། །བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་གྲྭ་ལས། །ཆོས་སྦྱིན་བདུད་རྩིའི་གྲུ་ཆར་འདི་ཕབ་བོ། །སརྦ་མངྒ་ལཾ།

                                                                                                                              རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།