ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་གའི་ཟུར་རྒྱན་བདུད་རྩིའི་སྤུན་ཟླ་ཞེས་བྱ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 22:19:04     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 90826978328408125.jpg

    ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བདེ་ལེགས་རྩ་བ་རྩ་རྒྱུད་བླ་མ་དང༌། །སྐྱབས་ཀྱི་མཆོག་གྱུར་དཀོན་མཆོག་རིན་ཆེན་གསུམ། །དངོས་གྲུབ་སྩོལ་མཛད་ཡི་དམ་ཆོས་སྐྱོང་ལ། །སྒོ་གསུམ་གུས་པས་རབ་ཏུ་བཏུད་ནས་འདིར། །བླ་མའི་གསུང་ངག་བརྗེད་པ་བྱང་ཕྱིར་དང༌། །ཆོ་གའི་ལག་ལེན་འཁྲུལ་པ་སེལ་ཆེད་དུ། །སློབ་དཔོན་སློབ་མའི་དབང་ཆོག་སོ་སོ་ཡིས། །སྐུར་ཚུལ་འདོར་ལེན་འགའ་ཞིག་བྲི་ལ་སྤྲོ། །དེ་ལ་འདིར་སློབ་དཔོན་གྱི་དབང་དང་བཅས་པ་དོན་དུ་གཉེར་བ་ལ་བསྐུར་ཚུལ་དང༌། སློབ་མའི་དབང་ཙམ་དོན་དུ་གཉེར་བ་ལས་བསྐུར་ཚུལ་ཀུན་རིག་གི་ཆོ་ག་ལ་བརྟེན་ནས་ཅུང་ཟད་བཤད་ན། དང་པོ་དང་གཤིན་པོ་ལ་བསྐུར་ཚུལ་གཉིས་འདུལ་འཛིན་གྱི་ཆོ་ག་ལས་ཤེས་ཤིང༌། དེ་ལ་དོགས་པ་ནི་སྤྱི་རྒྱུད་སོགས་ནས་སློབ་མའི་མཚན་ཉིད་བཤད་པ་ལྟར་མ་ཚང་ན་སྐུར་མི་རུང་སྙམ་ན། སྤྱིར་དེ་ལྟར་ཡིན་ཀྱང་རྒྱུད་འདིར་དབང་བསྐུར་བའི་ཡུལ་ལ་ཤི་གསོན་གཉིས་བཤད་ཅིང༌། དེ་ཉིད་བསྡུས་པ་སོགས་སུའང་འགྲོ་བ་རིགས་དྲུག་ཀ་དཀྱིལ་འཁོར་དུ་འཇུག་པར་བཤད། འདིར་ཡང་རིགས་དྲུག་ཀ་གང་དུ་སྐྱེས་པ་དག་དང༌། དེ་དག་ཤི་ནས་ལོ་བརྒྱ་ཕྲག་དུ་མ་ལོན་པས་ཀྱང་མིང་དང་རུས་པ་ཉེ་དུ་སོགས་ཅི་རིགས་ལ་བརྟེན་ནས་དཀྱིལ་འཁོར་ལ་འཇུག་པ་དང༌། དབང་ཁྲུས་ཆོ་ག་ཅི་རིགས་བྱེད་པར་བཤད་པ་སྐྱོན་མེད་ཅིང་དམིགས་བསལ་འདི་རྒྱུད་སྡེ་གཞན་སོགས་ལའང་ཤེས་དགོས་སོ། །དེས་ན་སློབ་མའི་དབང་ཙམ་གྱི་དབང་དུ་བྱས་ཏེ་ནད་གདོན་བར་ཆད་ཞི་བ་དང༌། ཚེ་བསོད་ནམས་སོགས་རྒྱས་པའི་ཆེད་དུ་བསྐུར་ཚེ། རས་བྲིས་རྡུལ་ཚོན་ཅི་རིགས་ལ་བརྟེན་ནས། བདག་མདུན་གྱི་ཆོ་ག་དཀྱུས་ལྟར་བསྒྲུབས་ནས་ལུང་ཡོད་ཚེ་བདག་འཇུག་དང༌། བསྡུས་ཚེ་བདག་འཇུག་བཞག་ནས་གསོལ་བ་གདབ། བྱུང་ན་ཉིན་དང་པོར་སྟ་གོན་བྱས་པའི་སློབ་མ་འདིར་དབང་བསྐུར། ཉིན་སོ་སོར་མ་བྱུང་ཚེ་དངོས་དང་སྟ་གོན་སྦྲེལ་ནས་འདིར་དབང་བསྐུར་བ་ལ། སློབ་མ་ལ་ཁྲུས་བྱས། མཎྜལ་འབུལ་དུ་བཅུག །ཐལ་མོ་སྦྱར་ཏེ། དགའ་ཆེན་ཁྱོད་བདག་ནས། མེ་ཏོག་གཏད་བའི་བར་འདྲ་ལ། དེ་ནས་དབང་མེད་བདག་གིས་ཞེས་པ་ནས། ཁྱད་འཔགས་གནས་ལ་བདག་ནི་གནས་པར་བགྱི། །ཞེས་པའི་བར་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག་ལ། བྱང་སྡོམ་བཟུང༌། རིགས་ལྔའི་སྡོམ་བཟུང་མི་བྱ། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་ནས་ལྷ་རྣམས་དང་སྐལ་བ་མཉམ་པར་བྱས་སོ། །ཞེས་པའི་བར་འདྲ་ལ། དེ་ནས་དེང་ཁྱོད་ཅེས་སོགས་ཕན་ཡོན་གྱི་དམ་བཞག་དང༌། ཉེས་དམིགས་ཀྱི་དམ་བཞག་གཉིས། གཉིས་ཀའི་དམ་བཞག་བླ་མའི་བཀའ་གཉན་པའི་དམ་བཞག་ལྔ་བོ་འདི་ཐུན་མོང་མ་ཡིན་པའི་སྡོམ་བཟུང་མི་བྱེད་པ་ལ་མི་དགོས་པས། དེང་ཁྱོད་དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་རིགས་སུ་ཞུགས། ཞེས་པ་ནས། དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་པའི་བར་དོར། ཡེ་ཤེས་འབེབས་པ་ནས། མངོན་སུམ་དུ་མཐོང་བའི་མོས་པ་མཛོད་ཅེས་དཀྱིལ་འཁོར་སྟོན་པའི་བར་དཀྱུས་ལྟར་བྱ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ་ཞེས་སོགས་ཀྱི་དམ་བཞག་འདི་ཡང་བཞག་ན་རུང་ངམ་སྙམ། དེ་ནས་དབང་དངོས་གཞིའི་ཆོ་ག་ལ། མཎྜལ་དང་གསོལ་འདེབས་རང་རེའི་ཆོ་ག་ཁ་ཅིག་ལ་འདུག་པ་ལྟར་བྱས་ན་ལེགས། དཀྱིལ་འཁོར་གྱི་ཤར་དུ་དབང་སྟེགས་པདྨ་ཞེས་པ་ཁ་ནས། ཀྱཻ་དཔལ་ཆེ་གེ་རྡོ་རྗེ་ཞེས་མིང་དབང་གི་བར་དང༌། སྒེག་སོགས་ཀྱི་མཆོད་པ་ནི་འདྲ། བུམ་དབང་གི་ཚེ་སྤྱི་བོར་བུམ་པ་བཞག་ཅིང་ཆུ་འཐོར་ནས་འཐུང༌། ཅོད་པཎ་གྱི་ཚེ་རིགས་ལྔའི་ཕྱག་རྒྱ་བཅིངས་ལ། སྤྱི་གཙུག་སོགས་གནས་ལྔར་གཏུགས། དབུ་རྒྱན་བསྐོན། དེ་རྗེས་མེ་ཏོག་འཕྲེང་བ་དཀྱུས་ལྟར་བཅིངས། དེ་རྗེས་དར་དབྱངས་ཕྱག་རྒྱ་དང་བཅས་པ་བཅིངས། དེ་ནས་རིགས་ལྔའི་ཕྱག་མཚན་ལག་ཏུ་གཏད་དེ། རིགས་ལྔའི་ཕྱག་རྒྱས་དབང་བསྐུར། དེ་ནས་དཀྱུས་ལྟར་ཡུམ་ལྔའི་ཕྱག་རྒྱ་བཅིངས་པ་སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུགས་ཏེ་ཡུམ་ལྔའི་ཕྱག་རྒྱས་དབང་བསྐུར་བ་ཡིན་གྱི། ཡུམ་ལྔའི་ཕྱག་མཚན་འདིར་ལག་ཏུ་གཏོད་བ་གང་ནས་ཀྱང་མ་བཤད། གཞན་གོ་སླ། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་མཐའ་རྟེན་དང་བཅས་པ་འདིར་མི་དགོས་པས། དཀྱིལ་འཁོར་གྱི་ཤར་དུ་ཁྲུས་དཀྱིལ་ཞེས་པ་ནས། ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་པའི་བར་སྔགས་དང་བཅས་པ་མི་དགོས། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་ཞེས་པ་ནས། རྟེན་བརྟེན་པའི་དཀྱིལ་འཁོར་སྣ་ཚོགས་པ་ཤར་བ་ཡིན་ཞེས་པ་བའི་བར་གསང་དབང་བསྐུར་བའང་མི་རུང་ངོ༌། །དེ་ནས་རིན་ཆེན་སྣ་བདུན་གྱི་དབང་ནི། སློབ་དཔོན་གྱི་དབང་བསྐུར་མི་བསྐུར་གཉིས་ཀ་ལ་བསྐུར་བར་བཤད་ཅིང༌། རྒྱུད་སྡེ་གོང་འོག་གཉིས་ཀ་ལ་ཡོད་པའི་དབང་དུ་བྱས་ནའང་འགལ་བ་མེད་པས། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ་ནས། མཐུ་སྟོབས་རྫུ་འཕྲུལ་དཔུང་གིས་བསྲུང་བར་ཤོག །ཅེས་པའི་བར་འདྲ་ཞིང༌། དེང་ཁྱོད་ཅེས་སོགས་གྱི་དག་པ་འདོན་ཚེ་ཚིག་བསྒྱུར་དགོས་ཤིང༌། དཀྱུས་ལྟར་འདོན་མི་རུང༌། དམ་ཚིག་གི་དབང་འདི་མན་ཆད་བཏང་ནའང་རུང་བ་འདྲ། ཡང་ན་ཚིག་དོན་གཉིས་ཀ་ལ་འདོར་ལེན་ཅི་རིགས་བྱས་ན་ལེགས་པར་སེམས། འདི་རྣམས་ནི་འདིའི་སྐོར་གྱི་རྒྱུད་དང་རྒྱ་བོད་ཀྱི་འགྲེལ་བ་འགའ་ཞིག་དང༌། ཆོག་སྒྲིག་ཅི་རིགས་ལས་མཐོང་ལ། གཙོ་བོར་ནི་འཇམ་དབྱངས་མི་ཡི་གར་མཁན་ཁྲི་རིན་པོ་ཆེ་བློ་གྲོས་རྒྱ་མཚོའི་ཞལ་སྔ་ནས་སྐྱིས་ས་ཕྱོགས་འདི་དང༌། ཨ་མདོའི་ས་ཆར་གསོན་གཤིན་སྣ་ཚོགས་ལ་དབང་བསྐུར་ཚུལ་དེ་མ་དག་འདུག་པས་འདི་འདྲ་དགོས་ཞེས་ཐུགས་བརྩེ་བ་ཆེན་པོས་ཡང་ཡང་གདམས་པ་ལས། རང་གི་བློ་ངོར་ཇི་ལྟར་ངེས་པ་ལས་ཅུང་ཟད་བཀོད་པ་འདི་ལ། འགྲོ་བ་བཞིའི་དབང་དུ་མ་སོང་བར་རྟོན་པ་བཞིའི་སྒོ་ནས་ལེགས་པར་དཔྱད་དེ་ཉམས་སུ་བླངས་ན་སྤྱོད་རྒྱུད་སོགས་ནས་གསུངས་པ་བཞིན་བསྟན་འགྲོའི་དོན་དང༌། ཕན་ཡོན་མཐའ་ཡས་པ་མཐོང་བས་དེ་ལྟར་དགོངས་པར་ཞུ་ཞིང༌། མ་དག་ན་འཆོས་པར་ཞུ།

           སྨྲས་པ། མ་སྦྱངས་བོར་བའི་ཆུ་ནས་ཉ་འདོམ་གང༌། །འབྱུང་མིན་མཁས་གྲུབ་སྟོང་གི་ཉལ་འགྲོའི་རྒྱུན། །མི་དམན་བློ་ཡི་རྭ་བར་འཁྱིལ་བའི་མཚོར། །ལེགས་བཤད་བདུད་རྩིའི་སྤུན་ཟླ་དང་འདིར་བྱུང༌། །དགེ་བས་མཁའ་མཉམ་འགྲོ་བའི་ཉེར་འཚེ་ཀུན། །ཞི་ཞིང་ཚོགས་གཉིས་ལྷུན་པོའི་སྤོ་མཐོ་ལས། །ཆོས་ཀུན་གཟིགས་པའི་སྤྱན་སྟོང་རྩེ་དགའ་ཡིས། །སྐུ་གསུམ་རྣམ་རྒྱལ་གྲོང་ཁྱེར་ལ་སྤྱོད་ཤོག །ཅེས་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་གའི་ཟུར་རྒྱན་བདུད་རྩིའི་སྤུན་ཟླ་ཞེས་བྱ་བ་འདི་ནི། རྟ་དབོན་གྱི་མདོ་སྔགས་རབ་འབྱམས་སྨྲ་བ་ངག་དབང་ཕུལ་བྱུང༌། རིགས་པའི་དབང་ཕྱུག་བྲག་ཉི་རབ་འབྱམས་པ་ཡོན་ཏན་རིན་ཆེན་གྱིས་ཡི་གེ་རྟེན་དང་བཅས་ཏེ་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་མཁའ་སྤྱོད་གུར་ཁང་ནས་བྲིས་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།

                                                                                                                             རྩོམ་སྒྲིག་པ། མང་ར་བ།

               གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།