འཇམ་དབྱངས་ཞི་ཁྲོ་དང་བླ་མ་ཡི་དམ་དབྱེར་མེད་དུ་སྒྲུབ་པའི་ཐབས་རིན་ཆེན་དབང་རྒྱལ་ཅོད་པཎ་ཞེས་བྱ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 22:15:34     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

97058295108396316.jpg

    ན་མོ་གུ་རུ་ཤྲཱི་བཛྲ་བྷཻ་ར་ཝཱ་ཡ། འཁོར་འདས་གཤིས་ལུགས་དབྱེར་མེད་ཆོས་སྐུ་ལས། །ཕྱི་ནང་གསང་བའི་གཤིན་རྗེ་འཇོམས་པའི་སླད། །འཇིག་རྟེན་འཇིག་རྟེན་འདས་ཀུན་བསྡིགས་མཛད་པའི། །ཁྲོས་པའི་སྐུར་བཞེངས་འཇིགས་མཛད་ལ་བཏུད་དེ། །རྒྱུད་དང་མཁས་གྲུབ་མང་པོའི་ཐུགས་ཀྱི་བཅུད། །ལས་ཀུན་སྒྲུབ་བྱེད་ལག་ཏུ་བླངས་བདེ་བའི། །རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་སྒྲུབ་ཐབས་འབྲི། །ཆོས་བདག་མཁའ་འགྲོ་ཆོས་རྒྱལ་རྣམ་གསུམ་གྱིས། །དགྱེས་བཞིན་རྗེས་གནང་འཕྲིན་ལས་གྲོགས་མཛོད་ཅིག །འདིར་སྒྲུབ་བ་པོ་དད་པ་དང་སྙིང་རྗེ་སོགས་ཀྱིས་ཕྱུག་ཅིང༌། ཁྱད་པར་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དང༌། ཞལ་གཅིག་ཕྱག་གཉིས་པའི་དཀྱིལ་འཁོར་གང་རུང་དུ་བསྐུར་པ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་དང་ལྡན་པའི་གང་ཟག་གིས་རྒྱུད་ལས་གསུངས་པའི་གནས་ཡིད་དང་མཐུན་པར་མཎྜལ་བྱི་དོར་དང་མེ་ཏོག་བཀྲམ། བྲིས་སྐུ་བཤམས། ཉེར་སྤྱོད་ནང་མཆོད་སོགས་བཤམས་ཏེ། ཁ་ལྷོར་ཕྱོགས་པས་སྟན་བདེ་བ་ལ་འཁོད་དེ། བདུད་རྩི་རིལ་བུས་ཁ་དག་པར་བྱས་ནས། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པར་གྱུར་པར་བསམ་ལ། ནང་མཆོད་མཆོད་པ་སྔོན་འགྲོའི་གཏོར་མ་རྣམས་བདུད་ལས་རྣམ་རྒྱལ་ལྟར་བྱ་ལ། ཉུང་བར་བྱེད་ན། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་ཀྱིས་བསངས། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཨ་ལས་མི་མགོའི་སྐྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་གོ་ཀུ་ད་ཧ་ན་ལྔ་ལས་ཤ་ལྔ༌དང༌། བི་མུ་ཤུ་མ་ར་ལྔ་ལས་བདུད་རྩི་ལྔ་དང༌། སྟེང་དུ་ཉི་མ་ལ་གནས་པའི་ཨོཾ་ཨཱཿཧཱུཾ་གསུམ་དང༌། ཧཱུཾ་ལས་འོད་འཕྲོས། རླུང་གཡོས་མེ་སྦར་བས་ཐོད་པའི་རྫས་ཞུ་ཞིང་ཁོལ་བས་ཡི་གེ་གསུམ་ལྷུང་ནས་ཞུ། སྐྱོན་སྦྱངས་ཤིང་བདུད་རྩིར་བྱས་ཤིང་སྤེལ་བར་གྱུར་བར་བསམ་ལ། ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད། མཆོད་པ་ཧྲཱིཿཥྚྲཱིཿས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་ནང་དུ་ཧཱུཾ་ལས་མཆོད་རྫས་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་དུ་གྱུར་པར་བསམ་ལ། ཨོཾ་ཨརྒྷཾ་ཨཱཿཧཱུཾ། དེ་བཞིན་དུ། པ་དྱཾ། པུཥྦེ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་ཧྱ། ཤཔྟ་རྣམས་འབྲུ་གསུམ་དང་སྤེལ་བས་བྱིན་གྱིས་བརླབ། སྔོན་འགྲོའི་གཏོར་མ་བྱེད་ནའང་ནང་མཆོད་ལྟར་བརླབ་ལ་ཕུལ་ཏེ་འཕྲིན་ལས་བཅོལ་བས་ཁས་བླངས་པར་བསམ། དེ་ནས་དཀོན་མཆོག་གསུམ་ལ་ནས། བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཅེས་བརྗོད་པས་སྐྱབས་འགྲོ་དང་སེམས་བསྐྱེད་རྡོར་སེམས་བསྒོམ་བཟླས་ཀྱང་བྱུང་ན་བྱེད། དེ་ནས། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་མུ་མེད་པ་གསལ་བར་བྱས། དེ་ན་བཞུགས་པའི་སངས་རྒྱས་དང་བྱང་སེམས་དང་ཁྲོ་བོ་དང་རིགས་པའི་ཚོགས་ཀྱིས་བསྐོར་བའི་རྡོ་རྗེ་འཇིག་བྱེད་བླ་མ་དང་བཅས་པ་སྤྱན་དྲངས། འོད་ཟེར་རང་གི་སྙིང་ཀར་ཐིམ། གང་གི་དྲིན་གྱིས་ནས། རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །རང་གི་སྙིང་ཀའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མེ་རྣམས་ཀྱིས་མཆོད་བར་གྱུར་བར་བསམ་ལ། ཨོཾ་གུ་རུ་ཡ་མནཱ་ཏ་ཀ་ས་བ་རི་ཝཱ་ར་ཨརྒྷཾ་བྲ་ཏི་ཙྪ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད། རྗེས་མཛད་པའི་ཡན་ལག་བདུན་ནམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ནས། ཡིད་ཀྱིས་གཟུངས། །ཞེས་དང༌། སྤྲོ་ན་རིགས་ལྔའི་སྡོམ་པའང་གཟུང༌། སེམས་ཅན་ཐམས་ཅད་བདེ་བ་དད་ལྡན་བར་གྱུར་ཅིག།། སྡུག་བསྔལ་དང་བྲལ་བར་གྱུར་ཅིག །བདེ་བ་དང་མི་འབྲལ་བར་གྱུར་ཅིག །འཇིག་རྟེན་གྱི་ཆོས་བརྒྱད་དང་གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་བཏང་སྙོམས་ལ་གནས་བར་བྱ་སྙམ་བའི་ཚད་མེད་བཞི་བསྒོམ། དེ་ནས་ཆོས་སྐུའི་འཕེན་པ་བཏང་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤཱུནྱ་ཏ་ཛྙཱ་ན་སྭ་བྷཱ་ཝཱ་ཨདྨ་ཀོ྅་ཏཾ། ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར། རྟག་ཆད་ལ་སོགས་བའི་མཐའ་བཞི་དང་བྲལ་བ་བདག་མེད་པའི་རང་བཞིན་སྟོང་པ་ཉིད་དུ་གྱུར་བར་བསམ་པ་ཆོས་སྐུའི་ལམ་འཁྱེར་རོ། །

    དེ་ནས་སྨོན་ལམ་དྲན་པར་བྱས་ཏེ། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་རེ་དང་བཅས་བའི་ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་ཕྱོགས་བཅུར་འཕྲོ་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་བྷྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྗོགས་པའི་ནང་དུ་སྣ་ཚོགས་པདྨ་ཉི་མ། དེའི་དབུས་སུ་ཟླ་བའི་སྟེང་དུ་དྷཱིཿལས་རལ་གྲི། དེ་ལས་རང་ཉིད་རྗེ་བཙུན་འཇམ་དཔལ་གཞོན་ནུ་སྐུ་མདོག་སེར་བོ་རལ་གྲི་དང་གླེགས་བམ་འཛིན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་བར་གྱུར་བར་བསམ་པ་ལོངས་སྐུའི་ལམ་འཁྱེར་རོ། །འཇམ་དཔལ་ཡེ་ཤེས་ཀྱི་སྒྲུབ་ཐབས་ལས། ཨཿལས་ཟླ་བ་རྒྱས་པའི་སྟེང་ཉིད་དུ། །དྷིཿལས་འཇམ་དཔལ་གཞོན་ནུ་བསྐྱེད་པར་བྱ། །ཞེས་དང༌། གྲུབ་ཆེན་འཇམ་དབྱངས་ཀྱི་ཕྱག་གཉིས་བའི་སྒྲུབ་ཐབས་ལས་ཀྱང༌། འཇམ་པའི་དབྱངས་སུ་ཡང་དག་བསྒོམ། །རལ་གྲི་པོ་ཏིས་ཕྱག་འབྲེལ་བ། །ཞེས་གསུངས་པའི་དགོངས་པ་ཡིན་ནོ། །དེའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ལས་འོད་འཕྲོས་འདུས་པ་ལས། རྡོ་རྗེ་ནག་པོ་རྩེ་དགུ་བ་རྭ་ཤིན་ཏུ་གདེང་བ་ལྟེ་བར་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་བས་རྡོ་རྗེ་འཇིགས་བྱེད་ཐོབ་བར་བྱས ཚུར་འདུས་ཡོངས་སུ་གྱུར་བ་ལས། རང་ཉིད་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་མ་ཧེ་རབ་ཏུ་ཁྲོས་པའི་གདོང་བ་ཅན། རྭ་རྣོན་པོོ་གཉིས་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་རྣོན་པོ་བཞི་གཙིགས་པ། ཧ་ཧ་ཞེས་སྒྲོག་ཅིང་ལྗགས་འདྲིལ་བ། ཁམས་གསུམ་ཟ་བར་ནུས་པ། བསྐལ་པའི་མེ་དཔུང་ལྟར་འབར་བའི་སྤྱན་གསུམ་ལྡང་མིག་ཏུ་བལྟ་ཞིང་དབུ་སྐྲ་ཁམས་སེར་གྱེན་དུ་བརྫེས་ཤིང༌། ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཁྲག་འཛག་པའི་མགོ་བོ་རློན་བ་ལྔ་བཅུས་དོ་ཤལ་བྱས་པ། ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གཅེར་བུ་མི་རུས་གྱི་འཁོར་ལོ་དང་རྣ་ཆ་ལ་སོགས་པ་རུས་བའི་རྒྱན་རྣམས་ཀྱིས་བརྒྱན་པ། བདུད་དང་བགེགས་ཐམས་ཅད་རྩ་ནས་འབྱིན་བའི་སྟོབས་ཅན། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་ཞབས་གཡས་བསྐུམས་གཡོན་བརྐྱངས་བསམ་ཏེ་སྔོན་པོ་རུས་པའི་དྲ་བས་རྒྱབ་གཡོགས་པ། རྨིག་པས་ས་རྐོ་བ། རྭ་རྣོན་པོ་བདར་ཞིང་ལྕེ་འགྱུ་བས་བདུད་བགེགས་བརྫིས་པའི་སྟེང་ན་བཞུགས་པ། དེའི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་བླ་མ་ཀུན་འདུས་ཀྱི་ངོ་བོ། རྗེ་བཙུན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཞལ་གཅིག །ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་ཨུཏྤལ་བསྣམས་པའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་དང་བརྒྱད་སྟོང་བའི་གླེགས་བམ་བསྣམས་པ། མཚན་དཔེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེ་ལ་རྩ་བརྒྱུད་ཀྱི་བླ་མས་བསྐོར་བ། རང་གི་ཐུགས་ཀར་ཉི་མའི་སྟེང་དུ་འཇམ་དཔལ་སྐུ་མདོག་སེར་བོ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་འཕྱར་ཞིང་གཡོན་གླེགས་བམ་བསྣམས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར་བར་བསམ། རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་བར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མ་ཡ་ཧཱུཾ་ཛཿ ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷིཥེ་ཀ་ཏ་ས་མ་ཡ་ཤྲི་ཨཱཿཧཱུཾ་ཞེས་གསུངས་ཤིང་སྤྱི་བོ་ནས་དབང་བསྐུར། ལུས་གང༌། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་པ་བསང་སྦྱངས་སྔར་ལྟར་བྱིན་གྱིས་བརླབས་ནས། ཨོཾ་གུ་རུ་ཡ་མཱན་ཏ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཡེ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། ནང་མཆོད་ནི། ཨོཾ་གུ་རུ་ཡ་ནཱནྟ་ཀ་ས་བ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། མདོར་བསྡུས་ན་དེས་ཆོག །རྒྱས་པར་བྱེད་ན་རྩ་རྒྱུད་ཀྱི་བླ་མ་དང་ཡི་དམ་དང་ཆོས་སྐྱོང་དང་རིགས་དྲུག་ལ་འབུལ། བསྟོད་པ་ནི། ཧཱུཾ་འཇིགས་རུང་གཟུགས་ཅན་མ་ཧེ་ཁྲོས་པའི་ཞལ། །རྔམ་པའི་ང་རོས་ས་གསུམ་གཡོ་བར་བྱེད། །ཐུགས་རྗེས་ནུས་པས་འགྲོ་དྲུག་དབྱིངས་སུ་འདྲེན། །སྐུ་གསུམ་མངོན་གྱུར་གཤིན་རྗེ་གཤེད་ལ་འདུད། །བསྡུ་ན་དེ་ཙམ་དང༌། རྒྱས་བར་ན་རྗེ་རིན་པོ་ཆེའི་བསྟོད་པས་ཀྱང་བསྟོད། འཇམ་དཔལ་ཡེ་ཤེས་ཀྱི་སྒྲུབ་ཐབས་ལས། མངོན་གསུམ་འདྲ་བར་རྣམ་པར་གསལ་བ་དང༌། །ཞེས་གསུངས་པ་ལྟར་ང་རྒྱལ་དང་གསལ་སྣང་མངོན་སུམ་དུ་མཐོང་གི་བར་དུ་སྒོམ་པ་གཙོ་བོར་བྱ་ལ། བསྒོམས་པས་སྐྱོན། རང་ཡི་དམ་དུ་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གྱི་ཐུགས་ཀར་ཉི་མའི་གདན་ལ་ཧཱུཾ་སྔོན་པོ། དེའི་མཐར་ཨ་ར་པ་ཙ་ན་དང༌། དེའི་མཐར་ཡ་མནྟ་ཀ་དང༌། དེའི་མཐར་ཧྲཱིཿཥྚྲཱིཿས་བསྐོར་བ་དང༌། རྩ་སྔགས་འདོན་ནའང་དེའི་མཐར་བཀོད་ལ། སྔགས་བཞིའི་གཅིག་ལས་མི་འདོན་ན་དེ་གཅིག་པུ་བཀོད་ཅིང༌། དེ་ཐམས་ཅད་ཀྱང་འོད་ཟེར་འབར་བ་དང༌། དེ་དག་ལས་འོད་ཟེར་འཕྲོས་པ་ལས་ལྷའི་ཚོགས་སྤྲོས། རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། བར་གཅོད་དགྲ་བགེགས་མི་མཐུན་པའི་ཕྱོགས་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་དུ་བརླགས་པར་བྱས། སླར་འདུས་སངས་རྒྱས་བྱང་སེམས་སོགས་ཀྱི་ནུས་མཐུ་ཐོབ་པར་གྱུར་པར་བསམ་ལ། ཨོཾ་ཨ་ར་པ་ཙ་ན་དྷཱིཿདང༌། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ་དང༌། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་དེ་གསུམ་ལས་ལས་སྔགས་གཙོ་བོར་བྱ་ལ། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པའང་བཟླའོ། གྲངས་སྒྲུབ་ཐབས་གཉིས་ཀར་ཡི་གེ་བཅུ་པ་གསུམ་འབུམ་གསུངས་ཀྱང༌། ཇི་སྐད་བཤད་པའི་ལས་བྱེད་ན་མཚན་མ་བརྟན་པོའམ། བྱེ་བ་དགོས་ཏེ། ཛྙཱ་ན་ཨ་ཀ་རས། སྔགས་པས་སྔོན་དུ་བསྙེན་པ་ནི། །བྱེ་བ་བཟླས་ནས་ལས་རྣམས་བྱ། །ཡང་ན་མཚན་མ་མཐོང་ནས་བྱ། །ཞེས་གསུངས་སོ། །ཏིང་ངེ་འཛིན་ལས་ལྡང་བར་འདོད་ན་ཡི་གེ་བརྒྱ་པ་བརྗོད་ཅིང་མཆོད་བསྟོད་བྱས། གཏོར་མ་ཐུབ་ན་བྱས་ལ། རྣམ་དག་བསམ་པས་ཚུལ་འདིར་འབད་པ་ལས། །བྱུང་པའི་དགེ་བས་མཐའ་ཡས་འགྲོ་བ་རྣམས། །སྐྱེ་ཞིང་སྐྱེ་བར་འཇམ་དཔལ་ཞི་ཁྲོ་ཡིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །ཅེས་སྨོན་ལམ་བྱས་ཏེ། ལྷའི་ང་རྒྱལ་གྱིས་སྤྱོད་ལམ་རྣམས་བྱའོ། །འཇམ་དཔལ་ཡེ་ཤེས་ཀྱིས། གལ་ཏེ་ལྡང་བར་འདོད་པ་ན། །ཡེ་ཤེས་མ་ཧེའི་ཞལ་ལ་ནི། །མཆོད་ཅིང་བསྟོད་ལ་ལྡང་བར་བྱ། །མ་ཧེའི་སྦྱོར་བས་རྣམ་པར་རྒྱུ། །ཞེས་དང༌། འཇམ་དབྱངས་ཀྱི་ཕྱག་གཉིས་པའི་སྒྲུབ་ཐབས་ལས་ཀྱང༌། སྨོན་ལམ་དེ་བཞིན་བྱས་ནས་ནི། །རྣལ་འབྱོར་བློ་ལྡན་དེ་ནས་ལངས། །ཞེས་གསུངས་པ་ལྟར་ལེགས་སོ། །གཏོར་མ་གཏོང་ན། རྒྱུ་སྣོད་སོགས་ལས་མཐུན་བཤམས། བསང་སྦྱངས། ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། ཧྲཱིཿ ཥྚྲིཿས་བསང་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་ཡེ་ཤེས་རང་སྣང་ལས་གྲུབ་པའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ཞེས་པ་ནས་ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿའོད་གསལ་ཆོས་སྐུའི་དབྱིངས་ཉིད་ལས། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུའི། །སྤྲུལ་པ་འཇམ་དཔལ་ཁྲོས་པའི་ལྷ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་མཎྜ་ལ་ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟྭཾ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་ཞེས་པ་ནས། རིགས་བདག་གིས་རྒྱས་བཏབ། མཆོད་པ་བསང་སྦྱངས་བྱིན་གྱིས་བརླབས། ཉེར་སྤྱོད་ཚིགས་བཅད་སྔགས་དང་སྤེལ་བས་མཆོད། འདོད་ཡོན་ལྔ་དང་ནང་མཆོད་ཕུལ། བླ་མ་དང་དཔལ་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་པས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་གུ་རུ་ཡ་མཱནྟ་ཀ་ས་བ་རི་ཝཱ་ར་ཨི་དཾ་བ་ལཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་བརྗོད་པས་ཕུལ། ཉེར་སྤྱོད་དང་ནང་མཆོད་ཀྱིས་མཆོད། ཧཱུཾ་འཇིགས་རུང་གཟུགས་ཅན་ཞེས་སོགས་ཀྱིས་བསྟོད། བླ་མ་འཇིགས་བྱེད་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འཕྲིན་ལས་བཅོལ་བར་བྱ་སྟེ། ལཱ་ལི་ཏའི་གཏོར་ཆོག་ལས། དེ་ལྟར་བྱས་པའི་ཕན་ཡོན་ནི། །བར་དུ་གཅོད་པ་ཞི་བ་དང༌ །མི་མཐུན་ཕྱོགས་རྣམས་འཇོམས་པ་དང༌། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །ཞེས་སོ། །ཕྱོགས་སྐྱོང་ལ་གཏོར་མ་འབུལ་བར་སྤྲོ་ན། གོང་བཞིན་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་ཀྱིས། ཞེས་པ་ནས། རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གསོལ་བར་གྱུར་པར་བསམ་ལ་རྩ་སྔགས་བརྗོད་དེ་བྱིན་གྱིས་བརླབས། ཨོཾ་བྷུ་ཙ་ར་ནཾ། ཞེས་པ་ནས། སརྦ་བྷུ་དེ་བྷུཿཞེས་ལན་གསུམ་བརྗོད་ལ། འཁོར་དུ་སྤྱན་དྲངས་པའི་ཕྱོགས་སྐྱོང་འཁོར་བཅས་ཀྱི་འབྱུང་པོ་རྣམས་ལ་ཕུལ་ནས། ཨོ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ད་ཤ་དིཀ་ནས་ཨོཾ་ཨཱཿཧཱུཾ་ཞེས་བརྗོད། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །ཞེས་པ་ནས། བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཞེས་པས་བསྟོད་དེ་འཕྲིན་ལས་བཅོལ། འདིར་དགོས་པ་ཤིན་ཏུ་ཆེ་བས་ལས་གཤིན་ལའང་གཏོར་མ་འབུལ་དགོས་པས། མདུན་དུ་པདྨ་དང་ཉི་མ་དང་མ་ཧེའི་སྟེང་དུ་ཡཾ་ལས་ཐོད་དབྱུག་ཡས་མཚན་པ་དེ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་དབྱུག་ཏོ་ལ་ཐིམ་པ་དེ་ཡོངས་སུ་གྱུར་པ་ལས། ལས་ཀྱི་གཤིན་རྗེ་ནག་པོ་ཞལ་གཅིག་ཕྱག་གཉིས་པ། མ་ཧེའི་གདོང་བ་ཅན་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ་གཡས་ཐོད་དབྱུག་གཡོན་ཞགས་པ་འཛིན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ལིང་ག་དམར་པོ་གྱེན་དུ་ལངས་པ། གཤིན་རྗེའི་ཚོགས་ཀྱིས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་པོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཤིང༌། ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་བརྗོད་པས་བྱོན་པར་བསམ། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཡང་རང་གི་སྙིང་ཀ་ནས་འོད་འཕྲོས། གཤིན་རྗེ་གཤེད་རིགས་ལྔ་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་བུམ་པ་ཐོགས་ནས། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སྤྱི་བོ་ནས་དབང་བསྐུར་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་རྡོ་རྗེ་ནག་པོ་རྩེ་ལྔ་བས་དབུ་བརྒྱན། ཨོཾ་ཀཱ་ལ་རཱུ་པ་ས་པ་རི་ཨཱ་ར་ས་མ་ཡ་སྟཾ་གྱིས་དམ་ལ་བཞག །ཨོཾ་ཀཱ་ལ་རཱུ་པ་ཡེ་གྲི་ཧྣེ་དཾ། ཞེས་དང་མཆོད་པ་ལྔ་སྦྱར་བས་མཆོད། གཏོར་མ་གསོལ་བར་བསམ་ཞིང༌། ཨོཾ་ཀཱ་ལ་རཱུ་པ་སརྦ་བིགྷྣན་ཤ་ཏྲུཾ་མཱ་ར་ཡ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ཅེས་གསུམ་མམ་བདུན་གྱིས་ཕུལ། འཕྲིན་ལས་བཅོལ་བ་ནི། ཧཱུཾ་འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །ནས། ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཅེས་བརྗོད་པས་དེས་ལས་སྒྲུབ་པར་ཁས་བླངས་པར་བསམ། ལོང་ཡོད་ན་སྒོས་ཀྱི་ཆོས་སྐྱོང་ལ་ཡང་གཏོར་མ་འབུལ། དེ་ནས་གཏང་རག་གི་མཆོད་བསྟོད་བཟོད་གསོལ་རྒྱས་བསྡུས་ཅི་རིགས་བྱ། ཆད་ལྷག་བསྐང༌། མ་རྙེད་ཡོངས་སུ་མ་ཤེས་དང༌། རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་བཛྲ་མཱུཿམདུན་སྐྱེད་ཀྱི་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་རང་ཡི་དམ་དུ་གསལ་བའི་ཐུགས་ཀར་ཐིམ། བསྲུང་འཁོར་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་རང་ལ། རང་ཡེ་ཤེས་སེམས་དཔའ་ལ། ཡེ་ཤེས་སེམས་དཔའ་རང་གི་ཐུགས་ཀའི་བླ་མ་དང་གཉིས་སུ་མེད་པའི་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ་པར་གྱུར། སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་རོལ་དུ་གྱུར་པར་བསམ། སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་དུ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་ལ་སྤྱོད་ལམ་ཐམས་ཅད་དུ་ལྷའི་ང་རྒྱལ་ལ་གནས་པར་བྱའོ། །བསྔོ་བ་སྨོན་ལམ་ཤིས་བརྗོད་བྱ། སྒྲུབ་ཚུལ་འདིའི་ཕན་ཡོན་ནི། པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་ལས། རྒྱལ་བ་ཀུན་དངོས་བླ་མ་གཞིན་རྗེ་གཤེད། །གསང་དོན་ཡིད་བཞིན་རྒྱ་མཚོ་ཆེན་པོ་ལས། །དངོས་གྲུབ་གཉིས་ཀྱི་ནོར་བུ་ལེན་འདོད་ན། །སྒྲུབ་ཐབས་གྲུབ་ཆེན་འདི་ལ་བརྟེན་པར་བྱ། །སྒྲུབ་ཚུལ་འདི་ཡི་རྣལ་འབྱོར་བྱས་གྱུར་ན། །ཚར་གཅོད་ཕན་དང་བདེ་ཀུན་མྱུར་འགྲུབ་སྟེ། །ཞེས་དང༌། ལཱ་ལི་ཏས། གཞན་ཡང་རབ་ཏུ་སྦྱོར་བ་ན། །ནད་དང་དགྲ་ལ་སོགས་པ་ཡི། །ཚར་གཅོད་རྗེས་བཟུང་ཐམས་ཅད་ནི། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། །ཞེས་སོ། །འདི་ཞི་ཁྲོ་སྦྲག་སྒྲུབ་དང༌། བླ་མ་ཡི་དམ་སྦྲག་སྒྲུབ་ཡང་ཡིན་ལ། འགྲོ་བའི་ལུས་སེམས་འཇོམས་པའི་གཉེན་པོ་ཡང་ཡིན་པས་སྐལ་ལྡན་གྱི་འཇུག་ངོགས་མཆོག་ཡིན་ཏེ། བདུད་ལས་རྣམ་རྒྱལ་ལས། རྨོངས་འཇོམས་ཤེས་རབ་སྩོལ་ལ་འཇམ་དབྱངས་མཆོག །འཆི་བདག་འཇོམས་པའི་ཕུལ་བྱུང་འཇིགས་བྱེད་དོ། །དེ་ཕྱིར་འཇམ་དབྱངས་ཞི་ཁྲོ་སྒྲུབ་བྱེད་ཀྱི། །ལམ་འདི་རྣམ་དཔྱོད་ཅན་གྱི་གདུལ་བྱ་ཡིས། །འཇུག་ངོགས་རྨད་དུ་བྱུང་བར་མཐོང་བས་ན། །བདག་ནི་ཚུལ་འདིར་འབད་ལ་རིངས་པར་གྱུར། །ཅེས་གསུངས་པའི་ཕྱིར།

    སྨྲས་པ། རྒྱལ་བའི་ཡབ་གཅིག་ཁྲོས་པའི་གར་མཛད་ཅིང༌། །བླ་མའི་རྣམ་རོལ་རྒྱལ་བ་གཉིས་པའི་ཞབས། །དབྱེར་མེད་སྒྲུབ་ཐབས་རིན་ཆེན་དབང་གི་རྒྱལ། །བཤེས་གཉེན་ལྷ་དབང་ལས་རྙེད་ཐོད་དུ་ཆིངས། །ཞེས་འཇམ་དབྱངས་ཞི་ཁྲོ་དང་བླ་མ་ཡི་དམ་དབྱེར་མེད་དུ་སྒྲུབ་པའི་ཐབས་རིན་ཆེན་དབང་རྒྱལ་ཅོད་པཎ་ཞེས་བྱ་བ་འདི་ཡང་མང་པོ་ལ་ཕན་སེམས་ཀྱིས་ཤཱཀྱའི་དགེ་སློང་བླ་མ་ལྷ་ལ་མོས་པ་དང་ལྡན་ཞིང༌། འདི་སྐོར་མང་དུ་ཐོས་པའི་འཇམ་དབྱངས་བཞད་པའི་རྡོ་རྗེས་རྩེ་སྟོད་སའི་ཐིག་ལེར་སྦྱར་བ་ཀུན་ལ་ཕན་པར་གྱུར་ཅིག།

                                                                                                                            རྩོམ་སྒྲིག་པ། མང་ར་བ།

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།