ཛྃ་ལྷའི་སྒྲུབ་ཐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 22:09:58     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 90642434459277989.jpg

    ན་མ་སྶཱ་ར་སྭ་སྟྱཻ། རྒྱལ་བ་རིན་ཆེན་མང་སྤྲུལ་རྣམ་མང་ཐོས་སྲས་ཀླུ་མོ་གཉིས་ཀྱི་སྲས། །བྱིས་གཟུགས་འཇིགས་རིགས་དན་གསུམ་མཛད་པས་མནན་དང་མདངས་འཕྲོག་དགྲ་གསུམ་འཇོམས། །བགེགས་སྐྲོད་ཁྲོ་བོའི་ཞལ་དང་གདོན་གྲོལ་ཆར་འབེབས་བྱེད་པའི་ཀླུ་བརྒྱད་བརྒྱན། །གནོད་སྦྱིན་ནེའུ་ལེས་ནོར་རྣམས་འགུགས་མཛད་རྨུགས་འཛིན་སྔོན་པོས་འདིར་དགོངས་ཤིག །དཀོན་མཆོག་དཀོར་འབགས་བྲེ་ཏའི་ཡུལ་གསུངས་པའི། །སྙིགས་ལས་ཆེར་སྙིགས་འགྲོ་ངན་མང་བརྩེ་བས། །སྙིང་རྗེ་མེད་ཀྱང་སྙིང་རྗེ་རབ་སྐྱེས་ནས། འདི་ཕྱིའི་དོན་གྲུབ་ནོར་བུའི་ཕྲེང་འདི་སྟེར། །དེ་ལ་འདི་དོན་གཉིས་ལ་སོགས་པའི་དངོས་གྲུབ་འདོད་པས་དམ་ཚིག་དང་སྡོམ་པ་ལ་གནས་པས་གནོད་གནས་སྔོན་པོ་སྒྲུབ་པར་བྱ་སྟེ། སློབ་དཔོན་དགའ་བ་སྦྱིན་གྱི་ཨུ་ཙུཥྨའི་སྒྲུབ་ཐབས་ལས། དེ་ལྟར་སྙིང་རྗེས་སེམས་ཅན་དབུལ་བའི་སྡུག་བསྔལ་བཅད་པའི་དོན་དུ་ཛཾ་བྷ་ལ་སྒོམ་པ་ནི་ཛཾ་བྷ་ལ་ཉིད་དུ་འགྱུར་རོ། །ཞེས་པ་ལྟ་བུའོ། །རེ་ཞིག་དམ་ཚིག་ཅན་གཞན་ལ་ཕན་པར་བརྩོན་པས་དཀོན་མཆོག་གསུམ་དང་ཁྱད་པར་རྨུགས་འཛིན་ལ་མི་ཕྱེད་པའི་དད་པ་ཐོབ་པས་སྐྱབས་འགྲོ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཛཾ་བྷ་ལ་བསྒྲུབ་ལ། སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱ་སྙམ་དུ་སེམས་བསྐྱེད། རང་མི་བསྐྱོད་པའམ། ཛཾ་བྷ་ལར་གསལ་པའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུཾ་གིས་མཚན་པ་ལས་འོད་ཟེར་སྔོན་པོ་འཕྲོས། ནམ་མཁའི་དབྱིངས་མ་ལུས་པ་ཁྱབ་ཅིང་ཕྱོགས་བཅུའི་ཞིང་ཀུན་སྦྱངས་ཏེ་མི་བསྐྱོད་པའི་ཞིང་ལྟ་བུར་བྱས། སངས་རྒྱས་བྱང་སེམས་ལ་མཆོད་པའི་སྤྲིན་གྱིས་མཆོད། ཚུར་འདུས་པ་ལས་རྨུགས་འཛིན་ནག་པོ་སྲས་དང་བཅས་པ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་སྤྱན་དྲངས། ཁྲུས་གསོལ་མཆོད་པས་མཆོད། ཚད་མེད་བཞི་དང་བྱང་སེམས་བསྒོམ་སྟེ་མཉེས་པའི་འོད་ཟེར་བདག་ལ་ཐིམ་པས་རྡོ་རྗེའི་འོད་ཟེར་ཀྱིས་བརྟན་གཡོ་མ་ལུས་པ་ཞུ་ནས་རྡོ་རྗེའི་སེམས་དཔའི་ངོ་བོར་ཐིམ་ཞིང་འོད་ཟེར་རབ་ཏུ་འབར་བས་རང་ལུས་ཀྱང་བསྲེགས་ནས་སྟོང་པར་སྦྱངས་ཏེ། ཤཱུནྱ་ཏ་དང་སྭ་བྷཱ་ཝའི་སྔགས་ཀྱི་དོན་ལྟར་བསམ། སྟོང་པའི་ངང་ལས་པད་ཟླ་ལ་ཧཱུཾ་ལས་རང་ཉིད་བཅོམ་ལྡན་འདས་ནོར་གྱི་དབང་ཕྱུག་ལྷ་ཀླུ་མིའི་ནོར་ཐམས་ཅད་འཛིན་པའི་ཛཾ་བྷ་ལ་སྐུ་མདོག་ནག་པོ་མིའུ་ཐུང་གི་ཆ་བྱད་རིགས་ངན་གྱི་རྣམ་པ་རྣ་བ་མ་ཕུག་པ་ལྷག་མ་ཟ་ཞིང༌། མི་བསྲུན་པ་གསུས་པ་ཆེར་འཕྱང་ཞིང་རབ་ཏུ་བརྗིད་པ་ཁྱེའུ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། གཅེར་བུ་མཚན་མ་འགྲེང་ཞིང༌། ཞབས་གཉིས་དོར་སྟབས་ཀྱིས་ནོར་བདག་སེར་པོ་ཁ་ནས་ནོར་བུ་སྐྱུགས་པའི་མགོ་གཡས་སུ་བསྟན་ཏེ་མནན་པ། མཆེ་བ་ཅུང་ཟད་གཙིགས་ཤིང༌། ལྗགས་རྐན་ཕུགས་སུ་འདྲིལ་བ། ཞལ་དང་སྤྱན་གསུམ་དམར་ལ་ཟླུམ་ཞིང་བཟློག་ལ་རྣམ་པར་བསྒྱུར་བ། རིན་པོ་ཆེ་མིག་གསུམ་པའི་གཟུགས་ཀྱི་ཁྲོ་གཉེར་དང་ལྡན་པ། དབུ་སྐྲ་དང་སྨིན་མ་ཁམ་པ་གྱེན་དུ་ལངས་ཤིང་འོད་ཟེར་དང་མེ་སྟག་ཐུར་དུ་འཛག་པ། ཕྱག་གཡས་ཐོད་པ་ཁྲག་གིས་གང་བ་དང༌། གཡོན་ན་ལྷ་ཀླུ་མི་གསུམ་གྱི་ནོར་བུ་རིན་པོ་ཆེའི་རིགས་སྣ་ཚོགས་པ་རྒྱུན་དུ་སྐྱུགས་པའི་ནེའུ་ལེ་འཛིན་པ། སངས་རྒྱས་མི་བསྐྱོད་པའི་དབུ་རྒྱན་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། རྒྱས་པར་ན་མཐའ་ཡས་སྔོན་པོས་ཐོར་ཚུགས་ནས། པདྨ་དམར་པོས་རྐང་རྒྱན་བྱས་པའི་བར་བྱ། དཔྲལ་བར་ཨོཾ། ཞལ་དུ་ཛཾ། དཔུང་པ་གཡས་པར་བྷ། གཡོན་པར་ལ། ཐུགས་ཀར་ཛ། ཞབས་ངར་གཡས་པར་ལེན། གཡོན་པར་ཏྲ། ཆུ་སོར་ཡེ། ཞབས་པོལ་གོང་གཡས་སུ་སྭཱ། གཡོན་དུ་ཧཱ་རྣམས་ཟླ་བ་དང་རྡོ་རྗེ་ཕྱེད་པ་ལ་གནས་པ་ཉི་མའམ་གསེར་ལྟར་འབར་བར་བསམ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་ཛཾ་བྷ་ལ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཨོཾ་ཨཱརྱ་ཛཾ་བྷ་ལ་ཡེ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། སོགས་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད།

    བསྟོད་པ། ནོར་གྱི་དབང་ཕྱུག་གམ། མགོན་པོ་ནམ་མཁའི་མཛོད་ཅན་ནོར་གྱི་ཆར་འབེབས་པ། །མ་སྐྱེས་རང་བཞིན་དག་པའི་སྐུ་མདོག་སྔོན་པོར་བཞུགས། །ཁྱོད་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་བདག་མཆོད་ན། །རྟག་ཏུ་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད། །ཅེས་པ་གང་རུང་གིས་བསྟོད། དེ་ནས་རང་ཛཾ་བྷ་ལ་དེ་འདྲའི་ང་རྒྱལ་དང་གསལ་སྣང་བརྟན་པོ་ལ་བསླབ། དེས་སྐྱོན་བཟླས་པ་བྱ་བ་ནི། ཐུགས་ཀའི་ཧཱུཾ་དང་སྔགས་གཉིས་ཀྱི་ཕྲེང་བ་ལས་འོད་འཕྲོས། ཕྱོགས་བཅུའི་འདྲེན་པ་ཀུན་མཆོད་ཅིང༌། སླར་དངོས་གྲུབ་བསྡུས། རང་ལ་བསྟིམ་པ་དང༌། ཡང་གོ་ཆའི་ཡི་གེ་ལས་རྣམ་སྲས་སོགས་སམ་རང་འདྲ་སྤྲོས། འགྲོ་ཀུན་རང་འདྲར་བྱས་ཤིང་ཚུར་བསྡུས། རང་གི་གནས་ཁང་དང་ཡུལ་སོགས་རིན་པོ་ཆེ་དང་ནོར་གྱིས་གང་བར་བསམ་པ་དང༌། ནེའུ་ལེ་དང་ཀླུ་དབང་བརྒྱད་དང་ཞབས་འོག་གི་ནོར་བདག་རྣམས་ལས་འོད་ཟེར་འཕྲོས། ལྷ་ཀླུ་མིའི་ནོར་བུ་དང་རིན་པོ་ཆེ་དང་དཔལ་འབྱོར་ཐམས་ཅད་བསྡུས་ཏེ་ཟོས་ཤིང་འགྲང་བ་སླར་སྐྱུགས་པས་གནས་དང་ཡུལ་སོགས་གང་བར་བསམ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵསེ་ན་པ་ཏ་ཡེ། ཨོཾ་ཛམ་བྷ་ལ་ཛལེནྟྲ་ཡེ་སྭཱཧཱ། ཞེས་པ་གཟུངས་དང༌། ཨོཾ་ཛཾ་བྷ་ལ་ཛ་ལེནྟྲ་ཡེ་སྭཱཧཱ། སྙིང་པོ་སྟེ་གཙོ་བོར་བཟླ་ལ། ཨོཾ་ཛླུཾ་སྭཱཧཱ། ཡང་བཟླས་པར་བྱའོ། །འདིའི་སྒྲུབ་ཐབས་ལས། ཐུགས་དཀྱིལ་མི་ཕྱེད་ཡི་གེ་ལས་འཕྲོས་ཕྱོགས་བཅུའི་འདྲེན་པ་ཀུན་མཆོད་ཅིང༌། །གོ་ཆ་བཅུར་བཅས་སྐྱོབ་དབང་ཉིད་འཕྲོས་མ་ལུས་འགྲོ་རྣམས་རང་འདྲར་བྱས། །ནེའུ་ལེ་ཀླུ་དབང་ནོར་བདག་འོད་ལྡན་ལྷ་ཀླུ་མི་ཡི་ནོར་རྣམས་བསྡུས། །ཟོས་ཤིང་ཟོས་ཏེ་འགྲངས་གྱུར་བཙིར་བས་དེ་སྐྱུགས་དངོས་གྲུབ་ཡང་ཡང་བླངས། །ཞེས་ཏིང་འཛིན་གསལ་བར་བཤད། སྔགས་ཡི་གེ་བཅུ་ཡིས་དངོས་གྲུབ་བཅུ་སྩོལ་ཏེ། རིག་འཛིན་དགུག་པ་དང༌། གཏེར་འབྱེད་པ་དང༌། འཇིགས་པ་སྐྱོབ་པ་དང༌། རྐུན་པོ་སྲུང་པ་དང༌། བུ་སྟེར་པ་དང༌། ཚེ་རིང་པ་དང༌། ཕྱུགས་སྐྱོང་པ་དང༌། སྐྱེད་ཤིང་གཟུགས་པ་དང༌། དབང་བསྐུར་པ་དང༌། བཀྲ་ཤིས་པར་གསོལ་བའི་དངོས་གྲུབ་ནི་ཡི་གེ་བཅུ་གནས་བཅུར་བསྒོམ་པའི་སྤྲོ་པ་དང་སླར་བསྡུ་བ་བྱས་པས་སྟེར་པའི་ཕྱིར། སྒྲུབ་ཐབས་ལས། རིག་འཛིན་དགུག་དང་གཏེར་འབྱེད་དང༌། །འཇིགས་སྐྱོབས་རྐུན་པོ་སྲུང་བ་ཉིད། །བུ་སྟེར་ཚེ་ནི་བསྲིང་བ་དང༌། །ཕྱུགས་སྐྱོང་སྐྱེད་ཤིང་གཟུགས་པ་དང༌། །དབང་བསྐུར་བཀྲ་ཤིས་གསོལ་བ་སྟེ། །རིམ་བཞིན་ཨོཾ་ནས་སྭཱཧཱའི་བར། །འོད་དང་ལྷན་ཅིག་རྗེས་འགྲོ་དང༌། །སླར་བཟློག་ཡི་གེ་བཅུ་ཡིས་སོ། །ཞེས་གསུངས་པས་ཡི་གེ་མི་འགོད་པའི་སྒྲུབ་ཐབས་དང༌། ཆུ་སྦྱིན་དག་ནོར་བས་མང་པོ་བསླུ་བ་མ་བཟོད་པར་བྲིས་པ་ལ་རྨུགས་འཛིན་འཆོལ་བས་བཟོད་པར་མཛད་ཅིང་དངོས་གྲུབ་རྣམས་ཆར་བཞིན་འབེབས་པར་མཛད་དུ་གསོལ། ལྷའི་སྐུ་མདོག་རྣམ་པ་སོགས་ཡང༌། སྔར་བཤད་པ་རེ་རེ་ལ་དགོས་པ་ཆེན་པོ་རེ་ཡོད་པས་ནན་ཏན་ཏུ་གལ་ཆེ་སྟེ། སྒྲུབ་ཐབས་ལས། རྣམ་པ་མནན་དང་མདངས་འཕྲོག་དང༌། །དགྲ་བོ་བྱིས་པའི་གཟུགས་འཇིགས་པས། །རིགས་ངན་སྡུག་པའི་ལས་གསུམ་བྱེད། །ཁྲོ་ཞལ་འཕྲིན་ལས་བགེགས་སྐྲོད་ཡིན། །ཀླུ་རྒྱལ་གདོན་གྲོལ་ཆར་འབེབས་བྱེད། །ནོར་བདག་གཟིར་བས་ནོར་རྣམས་འཕྲོག །ཅེས་སོ། །དེ་དག་གི་ཚེ་ཡང་སེར་སྣ་ཅན་སོགས་ལ་དམིགས་པ་དང༌། དེས་སྐྱོན་བཟླས་བརྗོད་དང༌། དེ་ནས་ཡིག་བརྒྱ་བརྗོད་ལ། མཆོད་པ་དང་བསྟོད་པ་སྤྱི་དང་ཁྱད་པར་གྱི་བསྟོད་པས་བསྟོད་ལ་དགེ་བ་བསྔོས་ནས་ལྡང་པ་ཡིན་ཏེ། མི་བསྐྱོད་རྡོ་རྗེས་རྨུགས་འཛིན་སྒྲུབ་ཐབས་ལས། དེ་ནས་སེར་སྣ་ཅན་དང་དབུལ་པོ་ལ་དམིགས་ནས་སྤྲོ་བསྡུ་ཅི་ནུས་བྱ། ང་ཡིས་སྐྱོ་ན་སྔགས་བཟླས་ཏེ། དེ་ནས་ཡི་གེ་བརྒྱ་བ་བརྗོད་ལ། དགེ་བ་ཇི་ལྟར་འདོད་པས་བསྔོས་ལ་ལྡང་ངོ༌། །ཞེས་སོ། །

    ཐུན་ཐ་མ་ལ་བདག་བསྐྱེད་གཤེགས་པ་དང་རྒྱུན་པའི་སྤྱོད་ཚུལ་ཡང་ཡོད་དེ། སྒྲུབ་ཐབས་དེ་ཉིད་ལས། ལངས་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅི་རིགས་བཀླག་གོ འདི་ལྟར་གསུམ་མམ་བཞིར་བྱའོ། །ཐུན་མཚམས་རེ་རེ་ལ་ཡང་དང་པོ་དང་ཐ་མར་མཆོད་ལ་བསྟོད་པ་བྱས་ལ་ཐུན་ཐ་མ་ལ་གཤེགས་སུ་གསོལ་ལ། ཐུན་དང་པོ་ལ་སྤྱན་དྲངས་ཏེ། མཆོད་པ་ཡང་དངོས་སུ་མ་འབྱོར་ན་ཡིད་ཀྱིས་བྱའོ། །གཏོར་མ་ཡང་ཐུན་མཚམས་ཀྱི་དང་པོ་འཇུག་ཁ་འཇུག་ཁར་སྦྱིན་ནོ། །ཡང་ནས་ཡང་དུ་སྤྱོད་ལམ་གྱི་བྱ་བར་ཆུ་དབུལ་བ་དང་བསྟོད་པ་མཚན་བརྒྱ་རྩ་བརྒྱད་པ་འདོན་ནོ། །ཞེས་སོ། །བདག་བསྐྱེད་ཛཾ་བྷ་ལ་མི་བྱེད་ན་ཡི་དམ་གང་རུང་གི་རྣལ་འབྱོར་གྱིས་མདུན་བསྐྱེད་ཛཾ་བྷ་ལའི་ཆུ་སྦྱིན་སོགས་རུང་སྟེ། སྒྲུབ་ཐབས་དེ་ཉིད་ལས། ཡང་ན་བདག་ཉིད་ལྷག་པའི་ལྷ་གང་ཡང་རུང་པའི་རྣལ་འབྱོར་དུ་གནས་པས་བཟླས་པ་དང༌། བསྟོད་པ་དང་ཆུ་དབུལ་བས་བསྒྲུབ་སྟེ། དེའི་རིམ་པ་ཡང་འཕགས་པ་ཛཾ་བྷ་ལའི་ལུག་མ་ལ་རབ་གནས་ལེགས་པར་བྱས་ལ། བྱ་བའི་གོང་མཚམས་སམ་ཉི་མའི་རྩེ་ལ་སྣོད་བཟང་པོ་གས་ཆགས་བུག་རྡོལ་མེད་པ་དེར་གཞུག་ལ་བསྟོད་པ་བཟླས་པ་ཅི་ནུས་བྱས་ཏེ། དེ་ནས་ཆུ་ཕུལ་ལ་དངོས་གྲུབ་གསོལ་བ་གདབ་བོ། །ཞེས་སོ། །འདི་ཛཾ་བྷ་ལ་གཉིས་ཀར་འདྲའོ། །དེ་ནས་ཆུ་སྦྱིན་བྱ་སྟེ། རང་གི་ལག་མཐིལ་དུ་བཾ་སེར་བོ་ལས་གསེར་གྱི་བུམ་པ་ཁ་ཕྱིར་བསྟན་པ་རིན་པོ་ཆེ་སྣ་ཚོགས་པ་སྐྱུགས་པ་བཾ་གྱིས་མཚན་པ། བཾ་གྱི་ནང་དུ་ཛཾ་དང༌། མཁྲིག་མར་ཨོཾ་དང༌། མཛུབ་མོ་ལ་བྷ་དང༌། གུང་མོར་ལ་དང༌། སྲིན་ལག་ལ་ཛ་དང༌། མཐེའུ་ཆུང་ལ་ལེན་དང༌། མཐེ་བོང་ལ་ཏྲ་དང༌། ནོར་བུ་འཆང་བའི་གནས་སུ་ཡེ་དང༌། ལག་མཐིལ་གྱི་ལྟོ་གཡོན་དུ་སྭཱ་དང༌། དེའི་གཡས་སུ་ཧཱ་སྟེ་ཐམས་ཅད་ཀྱང་ཟླ་བར་གནས་ཤིང་འོད་ཟེར་སྔར་ལྟར་བསམ། དེ་ནས་ཆུ་འཁྱོར་བ་གང་ཁ་ལ་ཉེ་བར་གཏུགས་ཏེ། ཨོཾ་ཨིནྡྲ་ནི་མུ་ཁ་བྷྲ་མ་རི་སྭཱཧཱ། ཞེས་སོར་མོ་ལྔ་ལ་ལན་རེ་དང་ཁ་དང་ལག་པ་བྱིན་གྱིས་བརླབས་པ་ལ་གཉིས་ཏེ་ལན་བདུན་གྱིས་བྱིན་གྱིས་བརླབ་པོ། །དེའི་འོག་ཏུ་རྨུགས་འཛིན་ནག་པོའི་སྐུ་ཡོངས་སུ་རྫོགས་པ་ཞིག་མདུན་གྱི་སྣོད་དུ་བཞག་སྟེ། ཨོཾ་ཨཱཿཞེས་བྱ་བས་རང་གི་ཐུགས་ཀ་ནས་ཅི་འདྲ་བའི་སྐུ་ཕྱུང་སྟེ་ཐིམ་པར་བསམ་ལ། མདུན་དུ་རྨུགས་འཛིན་སྔར་འདྲ་བ་རིན་པོ་ཆེའི་ཆར་འབེབས་པའི་རབ་གསལ་བཏབ་ལ། རིན་པོ་ཆེའི་བུམ་པ་ཡོངས་སུ་གང་བས་རྒྱུན་མི་འཆད་པར་ཆུ་སྦྱིན་པར་བྱའོ། །འདི་ལྟར་བྱ་སྟེ། ཨོཾ་ཛླུཾ་སྭཱཧཱ། ཞེས་བྱ་བ་རིན་པོ་ཆེས་བརྒྱན་པའི་ལག་པ་ནས་ཞལ་དུའོ། །ཞལ་ནས་རྡོ་རྗེ་ནོར་བུའི་རྩེ་མོ་རུའོ། །དེ་ལག་མཐིལ་དུ་བབས་པའི་རིམ་པས་མཐར་ཆུ་དབང་གི་ཞལ་དུ་འཇུག་པར་བསམ་སྟེ། ཚུལ་དེས་ཆུ་འཁྱོར་བ་བརྒྱ་རྩ་བརྒྱད་འཁྲུལ་བ་མེད་པར་སྦྱིན་པར་བྱ་སྟེ། སྔགས་ཨོཾ་ཛཾ་བྷ་ལ་ཛ་ལེནྟྲ་ཡེ་དྷ་ན་མེ་དེ་ཧི་དརྷ་པ་ཡ་སྭཱཧཱ། ཞེས་བཟླས་ཤིང་དམིགས་པའི་སྤྲོ་བསྡུ་སྔར་བཞིན་བྱས། ཕྱག་གི་བུམ་པ་དང་ནེའུ་ལེ་དང་ཀླུ་དབང་དང་ནོར་བདག་རྣམས་ཀྱི་ཁ་དང་སྣའི་སྒོ་ལ་སོགས་པ་བུ་གའི་རྣམ་པ་ཐམས་ཅད་ལས་རིན་པོའི་ཆེའི་རིགས་མི་འདྲ་བ་སྡུག་ཅིང་ཡིད་དུ་འོང་བ་རྣམ་པ་དུ་མས་ཆར་ཆེན་པོ་ཕབས་ནས་གནས་ཁང་ལ་སོགས་པ་མཐའ་དག་གཡོགས་ཤིང་ནོན་པར་གྱུར་པར་བསམ་གསུང༌། དེ་ནས་ཡི་གེ་བཅུ་པ་མཆོད་པ་ལྔའི་སྔགས་སྦྱར་བས་མཆོད། ཐུན་མོང་དང་ཁྱད་པར་གྱི་སྒོ་ནས་བསྟོད། གཏོར་མ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་ཡི་གེ་བཅུ་པའི་མཇུག་ཏུ་བ་ལིཾ་པྲ་ཏཱི་ཙྪ་སྦྱར་བས་འབུལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵ་སེ་ན་བཏ་ཡེ། ཏ་དྱ་ཐཱ། ཨོཾ་ཛཾ་བྷ་ལ་ཛ་ལེནྟྲ་ཡེ་སྭཱཧཱ། ཞེས་པ་བདུན་ནམ། བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས་ཏེ། ཇི་ལྟར་འདོད་པའི་གསོལ་བ་གདབ། དེ་ནས་ཡང་མཆོད་ནས་གཏང་རག་ཕུལ་ཏེ། མེ་ཏོག་དབུ་ལ་བཞག་ནས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་ལ་རྟེན་སྤྱི་བོ་དང་ཆུའི་ཕུད་སྲིན་ལག་གིས་རེག་སྟེ་ལྕེ་ལ་བཞག་ཅིང་དངོས་གྲུབ་བླངས་པར་བསམ་ལ། ཆུའི་ཚོགས་རྒྱ་མཚོར་འཇུག་པའི་ངོགས་སུ་དོར་བར་བྱའོ། །འདི་ཡང་རྗེ་ཉིད་ཀྱི་གསུང་ངོ༌། །

                                                                                                                             རྩོམ་སྒྲིག་པ། མང་ར་བ།

 

    གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།