མ་ཎི་རིལ་སྒྲུབ་ཡིད་བཞིན་ནོར་བའི་ཕྲེང་མཛེས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 22:06:54     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 108081867390480039.jpg

    ན་མོ་གུ་རུ་སྱ་ཙ་མཉྫུ་གྷོ་ཥཱ་བྷྱཿ བླ་མ་ཡི་དམ་དཀོན་མཆོག་དང་བཅས་ལ། །ཀུས་པས་བཏུད་དེ་རིལ་བུ་བུམ་སྒྲུབ་ཚུལ། །ཧཾ་མིན་བསྙོན་བྲལ་ལོ་པཎ་ལུགས་ཇི་བཞིན། །ཀུན་ལ་ཕན་ཕྱིར་བརྩེ་བས་འདིར་བརྗོད་བྱ། །རིལ་བུའི་རྒྱུ་དང་སྒྲུབ་ཚུལ་སོགས། །སྦྱོར་དངོས་རྗེས་གསུམ་རྟགས་མཚན་འཆད། །དེ་ལ་འདིར་ལྷ་སྤྱན་རས་གཟིགས་ཡི་གེ་དྲུག་མ་ལྟ་བུའི་སྒོས་རིལ་བུ་བུམ་སྒྲུབ་བྱེད་འདོད་ན། བུམ་པ་བཟང་པོའི་ནང་དུ་སངས་རྒྱས་ཀྱི་གདུང་རིང་སྲེལ་གྱིས་ཐོག་དྲངས་པའི་ཐེག་པ་གསུམ་གྱི་འཕགས་པའི་རིང་སྲེལ་དང༌། རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་སོགས་རྒྱ་གར་གྱི་རྟེན་དང༌། བོད་ཀྱི་ཆོས་རྒྱལ་མེས་དཔོན་རྣམས་ཀྱི་རྟེན་དང༌། ལོ་པཎ་སྐྱེས་ཆེན་མཚན་ཉིད་ལྡན་པ་རྣམས་ཀྱི་སྐུ་གདུང་དབུ་ལོ་རིང་སྲེལ་སོགས་གཙོ་བོར་བྱས་ཏེ། དེ་ནས་བསྒྲུབ་པའི་རྫས། སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ། སྙིང་པོ་ལྔ་དང༌། ཡུངས་དཀར་རྣམ་ལྔ། རུ་རྟ། ཙནྡན་དཀར་པོ། ཨ་རུ་ར་རྣམ་རྒྱལ་རྣམས་ཀྱི་ཕྱེ་མ་ལས་རིལ་བུ་བྱས་ནས་བུམ་པར་བླུག་པར་བྱས་ཏེ། ཛེ་ཏ་རིའི་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ལས། དེ་བས་སྨན་མཆོག་རིལ་བུ་སྒྲུབས། །བུམ་པ་བཟང་པོའི་ནང་དུ་ནི། །ཡུངས་དཀར་བ་ནི་རྣམ་ལྔ་དང༌། །རུ་རྟ་ཙན་དན་དཀར་པོ་དང༌། །རྣམ་པར་རྒྱ་བའི་ཨ་རུ་ར། །སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ། །དྲི་ལྔ་སྙིང་པོ་ལྔ་བཅས་ཏེ། །རྒྱུ་སྐར་རྒྱལ་གྱི་ཉི་མ་ལ། །བུམ་པར་སྩལ་ཏེ་དཀྱིལ་འཁོར་གྱི། །དབུས་སུ་ལེགས་པར་བཞག་པར་བྱ། །ཞེས་གསུངས། མཐང་མཆོད་པ་དང༌། སྟེང་དུ་གདུགས་དང་བ་དན། ཕྱོགས་བཞིར་རྒྱལ་མཚན་དང་བཅས་པ་བྱ་སྟེ། སྒྲུབ་ཐབས་ལས། དེ་སྟེང་གདུགས་དང་བ་དན་དང༌། །ཕྱོགས་བཞིར་རྒྱལ་མཚན་གདགས་པར་བྱ། །ཞེས་སོ། །དེ་ནས་ཆོ་ག་གསུམ་གྱིས་སྤྱན་རས་གཟིགས་གཙོ་འཁོར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་རིགས་བདག་གིས་རྒྱས་བཏབ། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་འདོད་ཡོན་ལྔ་རྒྱལ་སྲིད་སྣ་བདུན་སོགས་འབུལ་ཞིང༌། བསྟོད་པ་རྣམས་བྱ་སྟེ། སྒྲུབ་ཐབས་ལས། དེར་ནི་ལྷ་ཡི་འཁོར་ལོ་ནི། །ཆོ་ག་གསུམ་གྱིས་བསྐྱེད་པར་བྱ། །ཡེ་ཤེས་སྤྱན་དྲངས་ལ་སོགས་པ། །ཆོ་ག་རྫོགས་པར་བྱས་ནས་ནི། །དུས་གསུམ་མཆོད་དང་བསྟོད་པ་བྱ། །ཞེས་གསུངས། དེ་ལྟར་བསྐྱེད་ཅིང་སྤྱན་དྲངས་པའི་ཐུགས་ཀར་པཾ་ལས་པདྨ་དང་ཟླ་བའི་སྟེང་དུ་ཨ་ལས་བུམ་པ་བཟང་པོ་བསྐྱེད། ནང་དུ་ཧྲཱིཿལས་རིལ་བུ་ཧྲཱིཿས་མཚན་པ་བསམ། གཙོ་བོ་ལ་སོགས་པའི་ལྷ་རྣམས་ཀྱིས་ཐུགས་ཀ་ལས་སྙིང་པོ་ཉེ་སྙིང་སྤྲོས་ནས་རིལ་བུར་བསྟིམ། ཐུན་མཚམས་སུ་བསྐོར་བ་སོགས་བྱ་སྟེ། སྒྲུབ་ཐབས་ལས། འཇིག་རྟེན་མགོན་པོའི་ཐུགས་ཀར་ནི། །པཾ་བསྐྱེད་པདྨ་ཟླ་བའི་སྟེང༌། །ཨ་ལས་བུམ་པ་བཟང་པོར་གྱུར། །ནང་དུ་ཧྲཱིཿས་མཚན་རིལ་བུ་བསམ། །གཙོ་བོ་ལ་སོགས་ལྷ་རྣམས་ཀྱི། །ཐུགས་ལས་རྩ་བའི་སྙིང་པོ་དང༌། །ཉེ་སྙིང་སྤྲོས་ནས་རིལ་བུར་བསྟིམ། །ཐུན་མཚམས་བསྐོར་པ་བརྒྱ་ཕྲག་བྱས། །ཞེས་སོ། །དེའི་དོན་ལྷ་ཡི་གེ་དྲུག་མར་སྦྱར་ནས་བཤད་ན་བདག་བསྐྱེད་དང༌། མདུན་བསྐྱེད་རིལ་བུ་བུམ་སྒྲུབ་དང་བཅས་པ་དང་འགྲུབ་པའི་རྟགས་མཚན་མ་བཤད་པ་གསུམ་ལས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ་མཆོད་པ་རྣམས། ཨོཾ་བཛྲ་ཨམྲྀ་ཏེ་ཧཱུཾ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ལྦ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། སོ་སོའི་ཕྱག་རྒྱ་བྱ་ཞིང༌། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ་ནས། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ་གིས་བྱིན་བརླབས། རོལ་མོ་བྱ། བདག་ཅག་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པ་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྣམས་ལ་༝ དམ་པའི་ཆོས་༝ འཕགས་པའི་དགེ་འདུན་༝ ཞེས་པ་ལྔ་སོགས་བརྗོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་བརྗོད་དེ་སེམས་བསྐྱེད། རང་ཉིད་སྐད་ཅིག་གིས་འཇིག་རྟེན་དབང་ཕྱུག་ཏུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། འཕགས་པ་འཇིག་རྟེན་དབང་ཕྱུག་གཙོ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ནས། ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །སོགས་བརྗོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ཀྱིས་ཚད་མེད་བཞི་བསྒོམས་ཏེ། ཨོཾ་སྭ་བྷཱ་ཝ་ནས་ཀོ྅་ཧཾ། རང་ཉིད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འཕྲོས་པའི་འོད་ཀྱིས་འོག་རྡོ་རྗེའི་ས་གཞི། ལོགས་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་རེ། ཕྱི་རོལ་ཏུ་བསྐལ་པའི་མེ་ལྟ་བུས་བསྐོར་བའི་དབུས་སུ། པཾ་ལས་པདྨའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར། བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི། རྟ་བབས་བཞི་དང་བཅས་པའི་རྩིག་པ་རིམ་པ་ལྔའི་སྟེང་དུ་རིན་པོ་ཆེའི་ཕ་གུ་དང༌། དེའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་དྲ་བ་དྲ་ཕྱེད་དང༌། བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའིི་ཤར་བུ་དང་། མདའ་ཡབ་པུ་ཤུ་དང་བཅས་པ། རྩིག་པའི་མཐའ་ནས་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་ལྷ་མོས་བསྐོར་པའི་གཞལ་ཡས་ཁང་གི་ནང་ཀ་བ་བརྒྱད་དང་ལྡན་ཅིང་སྟེང་རྡོ་རྗེའི་གདུང་ཟླུམ་གྱིས་མཛེས་པར་ཕུབ་པའི་རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེས་མཚན་པ། གཞལ་ཡས་ཁང་གི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་པད་ཟླའི་སྟེང་དུ་ཧྲཱིཿལས་རང་ཉིད་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དཀར་པོ་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་འཕྲེང་དང༌། གཡོན་འོག་མས་པདྨ་འཛིན་པ། ག༷ཡོན་གྱི་པད་འདབ་ལ་ནོར་བུ་འཛིན་པ་དཀར་པོ་དང༌། མུ་ཏིག་འཛིན་པ་སེར་པོ་གཉིས་ཞལ་གཅིག་ཕྱག་བཞི་པ་ཕྱག་མཚན་འདྲ། རྒྱབ་ཏུ་སྤྱན་རས་གཟིགས་དཀར་པོ་དང༌། མདུན་དུ་དབང་གི་རྒྱལ་པོ་དམར་པོ་གཉིས་བགྲང་འཕྲེང་དང་ཨུཏྤལ་ཐོགས་པ། གྲྭ་བཞིར་ཤར་ལྷོར་བདུག་པ་མ་དཀར་མོ་བདུག་སྤོས་ཐོགས་པ། ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ་མེ་ཏོག་ཐོགས་པ། ནུབ་བྱང་དུ་མར་མེ་མ་དམར་པོ་མར་མ་ཐོགས་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་ཀུ་དྲི་ཆབ་ཐོགས་པ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་བསྣམས་པ། ལྷོ་སྒོར་ཞགས་པ་མ་སེར་མོ་ཞགས་པ་བསྣམས་པ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་འབེབས་མ་ལྗང་གུ་དྲིལ་བུ་འཛིན་པ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཾཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་སོགས་ཀྱིས་མཆོད། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་པས་ལྷ་མོ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས་གཙོ་བོ་ལ་འོད་དཔག་མེད། ཤར་དང་ཤར་ལྷོ་བ་རྣམས་ལ་རྣམ་སྣང༌། ལྷོ་དང་ལྷོ་ནུབ་པ་རྣམས་ལ་རིན་འབྱུང༌། ནུབ་དང་ནུབ་བྱང་པ་རྣམས་པ་འོད་དཔག་མེད། བྱང་དང་བྱང་ཤར་བ་རྣམས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་ཅིང༌། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། ཨོཾ་ཨཱརྱ་ཨ་བ་ལོ་ཀེ་ཏེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། ཡོན་ཏན་དམ་པ་ཀུན་གྱིས་བརྒྱན། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿའི་མཐའ་བསྐོར་དུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པས་བསྐོར་བ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། རིགས་དྲུག་གི་སྒྲུབ་པ་སྦྱངས། ལྷར་བཀོད་པར་བསམ་ལ་ཡིག་དྲུག་བགྲང༌། མཆོད་བསྟོད་ལ་ཡི་གེ་བརྒྱ་བས་བརྟན་པར་བྱས། མདུན་བསྐྱེད་ནི། རབ་ཆུ་ཚོན་ནམ་རྡུལ་ཚོན་གྱིས་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་རྡོ་རྭ་མེ་རི་དང་བཅས་པའམ། ཡང་ན་སྒྲུབ་ཐབས་ལྟར་གུ་གུལ། ཙན་དན་དང་ཨ་ཀ་རུ་སོགས་ཀྱི་དྲི་ཆུ་ལ་གཟུང་སྔགས་སྟོང་བཟླས་པས་དཀྱིལ་འཁོར་ཁྲུ་གང་སོགས་བྱུགས། པདྨ་འདབ་བརྒྱད་བྲིས་པར་ལྷ་གནས་སུ་མེ་ཏོག་དཀར་པོའི་ཚོམ་བུ་བཀོད། ཨ་ཀ་རུ་དང་ཤེལ་སྤང་ཀ་དང་འབྲམ་ཙ་རི་ལ་སོགས་པའི་སྤོས་དང༌། པདྨ་དཀར་པོ་དང༌། ཙམ་པ་ཀ་དང༌། ཛ་ཡ་ཀུནྟ་སོགས་མེ་ཏོག་དང༌། ག་བུར་དང་གོ་རོ་ཙ་ན་དང༌། ཙན་དན་དཀར་བོ་དང་ལྡན་པའི་དྲི་ཞིམ་པའི་མར་མེ་དང༌། དྲི་ཞིམ་དཀར་པོའི་དྲི་ཆུ་དང༌། བ་ལུ་དཀར་པོ། ཞོ་ཟན་སྦྲང་བཅས་འོ་མ་སོགས་ཀྱི་ཞལ་ཟས་དང༌། ན་བཟའ་རྒྱན་དང༌། མེ་ཏོག་གི་ཕྲེང་བ་དང༌། གདུགས་རྒྱལ་མཚན་བ་དན་རླུང་ཡབ་ལ་སོགས་པའི་རྒྱན་རྣམས་དང༌། དྲིལ་བུ། པི་ཝང༌། རྫ་རྔ་དང༌། གླིང་བུ་དང༌། རྔ་རིངས་དང༌། རྔ་བ་ཊ་ཧའམ། རྔ་བོ་ཆེ་སོགས་ཀྱི་རོལ་མོ་རྣམས་འབུལ་དགོས་ཏེ། སྒྲུབ་ཐབས་ལས། ཨ་ཀ་རུ་དང་ཤེལ་སྤངས་ཀ །ཞེས་པ་ནས། ན་བཟའ་རྒྱན་དང་མེ་ཏོག་ཕྲེང༌། །གདུགས་དང་རྒྱལ་མཚན་བ་དན་དང༌། །རླུང་ཡབ་ལ་སོགས་རྒྱན་རྣམས་འབུལ། །དྲིལ་བུ་པི་ཝང་རྫ་རྔ་དང༌། །གླིང་བུ་རྔ་རིངས་པ་ཊ་ཧ། །སྒྲ་མཆོག་རྣམས་ཀྱིས་མཆོད་པར་བྱ། །ཞེས་གསུངས་པ་ལྟར། སླ་ཆོས་དང་སེར་སྣ་སོགས་ཀྱིས་མ་བསླད་པ་ཞིག་བྱས་ན་ལེགས་པར་གོ་སྟེ་རྟོགས་ལྡན་བློ་གྲོས་ཅན་གྱིས་བསྟན་པ་དང་གཞན་དོན་དུ་བསམ་པར་རིགས་སོ། །དེ་ནས་མཆོད་རྫས་རྣམས་ཨྀ་མྲ་ཏས་བསངས། ཨོཾ་སྭ་བྷཱ་ཝ་ཤུད་དྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧཾ། མདུན་བསྐྱེད་ཀྱི་རྟེན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། ཅེས་པ་ནས། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་བར་བསམ་ལ། མ་ལུས་སེམས་ཅན་༝ ཞེས་སོགས་ཤོ་ལོ་ཀ་གསུམ་དང༌། བཅོམ་ལྡན་འདིར་ནི་༝ ཞེས་སོགས་ཀྱིས་གསོལ་བ་བཏབ་སྟེ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་གྱུར་པར་བསམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་པ་ནས། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པ་གྱུར་པར་བསམ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་ཚིགས་བཅད་དབྱངས་བཅས་སྔགས་དང་བཅས་པས་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་ཕུལ་ཏེ། དེ་ལས་གཞན་ཡང་༝ རོལ་མོ་༝ སེམས་ཅན་སྡུག་བསྔལ་༝ སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་ས་བ་རི་ཝཱར་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་བརྗོད་ལ། དྲིལ་བུ་པི་ཝང་རྫ་རྔ་དང༌། །ནས། རྔ་ཆེན་གྱི་བར་གྱི་རོལ་མོ་ཕུལ། །ཁ་དོག་དབྱིབས་ལེགས་༝ ཕྱོགས་དུས་༝ མོས་བློས་༝ བཞེས་ཤིང་༝ ཨོཾ་ཨཱརྱ་ནས་རཱུ་པ་ཀ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱ་ཧཱུཾ་སྭཱཧཱ། ཕྱོགས་དུས་ཀུན་ན་ཟིན་དང༌༝ ཡོན་ཏན་ཡིད་འོང་༝ མོས་བློས་༝ བཞེས་ཤིང༌༝ ཨོཾ་ཨཱརྱ་ནས་ཤབྟ་ཀ་མ་གུ་ཎ་བཱུ་ཛི་ཏཱེ་ཨཱཿཧཱུཾ་སྭཧཱ། ཕྱོགས་དུས་ཀུན་ན་ཙནྡན་༝ ཨ་ཀར་ལ་སོགས་༝ མོས་བློས་༝བཞེས་ཤིང༌༝ ཨོཾ་ཨཱརྱ་ནས་གནྡྷེ་ཀ་མ་གུ་ཎ་བཱུ་ཛི་ཏེ་ཨཱཿཧཱུཾ་སྭཱཧཱ། ཕྱོགས་དུས་ཀུན་ན་རོ་དང༌། །ལུས་སེམས་༝ མོས་བློས་༝ བཞེས་ཤིང༌༝ ཨོཾ་ཨཱརྱ་ནས་ར་ས་ཀ་མ་གུ་ཎ་བཱུ་ཛིི་ཏེ་ཨཱཿཧཱུཾ་སྭཱཧཱ། ཕྱོགས་དུས་ཀུན་ན་འཇམ་མཉེན་༝ རེག་བྱའི་ཁྱད་པར་༝ མོས་བློས་༝ བཞེས་ཤིང༌༝ ཨོཾ་ཨཱརྱ་ནས་སྤརྴ་ཀ་མ་གུ་ཎ་བཛྲ་བཱུ་ཛི་ཏེ་ཨཱཿཧཱུཾ་སྭཱཧཱ། ཞིང་འདིར་འཁོར་ལོ་རིན་ཆེན་གྱི། །ཞེས་སོགས་རྒྱལ་སྲིད་སྣ་བདུན་ཕུལ། སྲབ་འཇམ་ཡང་བ་༝ ནས་སྐུ་ཐོབ་ཤོག །ཨོཾ་ཨཱརྱ་ནས་ཝ་སྷྲ་བཱུ་ཛ་མེ་གྷ་བཱུ་ཛི་ཏེ་ཨཱཿསྭཱཧཱ། རྒྱལ་བ་མཚན་དཔེའི་༝ ནས་ཐོབ་པར་ཤོག །ཨོཾ་ཨཱརྱ་ནས་ཨ་ལི་ཀར་བཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ཨི་མི་བྲ་ཏཱི་ཙྪ་སཱཿཧཱཾ་སྭཱཧཱ། བརྩེ་བའི་འཁོར་ཡུག་སྙན་པའི་བ་དན་དང༌། །ཏིང་འཛིན་བླ་རེ་སྤོབས་པའི་འོད་གསལ་བ། །ཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ཨོཾ་ཨཱརྱ་ནས་ཚཱ་ཏྲ་པཱ་ཏྲཀ་བྷྲ་ཛ་མེ་ཏཱ་ནཱ་དཱི་བཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱཧཱ། དྲིལ་བུ་བི་ཝ་རྫ་རྔ་དང༌། །གླིང་བུ་རྔ་རིངས་པ་ཊ་ཧ། །ལ་སོགས་ལྷ་ཡི་རོལ་མོ་འབུལ། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩོལ། །ཨོཾ་ཨཱརྱ་ནས་གཎྚ་པི་ནི་བི་ཤེ་མྲྀ་ཏངྒ་མུར་ཛེ་པ་ཊ་ཧ་དི་བཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱཧཱ། ཞེས་སོགས་ཀྱིས་མཆོད་དེ། བསྟོད་པ་ནི། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ནས། དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །གཞོན་ནུའི་སྐུ་ལུས་༝ སྐྱོན་གྱིས་མ་གོས་༝ ལྕང་ལོ་ཅན་གྱི་༝ ཤེས་བྱ་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་བུ་གཅིག་ལྟ་བུར་བརྩེ། །ལྷུན་གྲུབ་རྒྱུན་མི་འཆད་པའི་འཕྲིན་ལས་ཅན། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སེམས་ཅན་སྡུག་བསྔལ་མེ་ཚོགས་ཀྱིས་གདུང་ལ། །ཐུགས་རྗེའི་ཆར་རྒྱུན་བསིལ་བས་ཞི་མཛད་ཅིང༌། །རབ་ཞི་བདེ་ལྡན་གནས་སུ་འདྲེན་མཛད་པའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌། །ནས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །ནས། ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའིསངས་རྒྱས་ཀུན་དངོས་སྤྱན་རས་གཟིགས་དབང་བསྟོད། །འཕགས་པ་སེང་གེ་སྒྲ་དང་ཡིད་བཞིན་ནོར། །པདྨ་གར་དབང་ཐུགས་རྗེས་མི་བཤོལ་དང༌། །དོན་ཡོད་ཞགས་པ་ཧ་ལ་ཧ་ལ་སྟེ། །སྤྱན་རས་གཟིགས་དབང་རྣམས་ལ་ཕྱག་འཚལ་ལོ། །པདྨ་རྒྱན་དང་རྡོ་རྗེ་ཆོས་དབང་ཕྱུག །ཧ་རི་ཧ་རི་ལ་ཞོན་མགྲིན་སྔོན་ཏེ། །ཕྱོགས་བཅུར་བཞུགས་པའི་འཕགས་པ་ཐུགས་རྗེ་ཅན། །སྤྱན་རས་གཟིགས་དབང་རྣམས་ལ་ཕྱག་འཚལ་ལོ། །ལྟེ་བ་ཟླ་བས་བརྒྱན་པའི་པདྨ་ལ། །འབར་བའི་རྒྱན་མངའ་ཀུན་ནས་མུན་བསལ་ཅིང༌། །ཁ་བའི་རི་འདྲ་རི་དྭགས་པགས་འཛིན་པ། །འཛུམ་བཅས་བཞུགས་པའི་འཇིག་རྟེན་མགོན་དེར་འདུད། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །འདས་པའི་དུས་སུ་མངོན་བར་སངས་རྒྱས་ཀྱང༌། །ཐུགས་རྗེའི་དབང་གིས་ས་བཅུའི་ཚུལ་སྟོན་པ། །ཐབས་ཚུལ་དཔག་མེད་མངའ་ལ་ཕྱག་འཚལ་ལོ། །དེ་ནི་སྒྲུབ་ཐབས་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །བླ་མ་འཁོར་ལོར་བཅས་པ་ལ། །བསྟོད་ནས་གསོལ་བ་གདབ་བར་བྱ། །ཞེས་པའི་དོན་ཡིན་ནོ། །ཆོ་ག་དེ་ལྟར་དུས་གསུམ་དུ་བྱ་དགོས་ཏེ། སྒྲུབ་ཐབས་ལས། དེར་ནི་ལྷ་ཡི་འཁོར་ལོ་ནི། །ཆོ་ག་གསུམ་གྱིས་བསྐྱེད་པར་བྱ། །ཡེ་ཤེས་སྤྱན་དྲངས་ལ་སོགས་པ། །ཆོ་ག་རྫོགས་པར་བྱས་ནས་ནི། །དུས་གསུམ་མཆོད་དང་བསྟོད་པ་བྱ། །ཞེས་སོ། །

    བཟླས་པ་ནི། དཀྱིལ་འཁོར་གྱི་གཙོ་བོ་སྤྱན་རས་གཟིགས་ཕྱག་བཞི་བའི་ཐུགས་ཀར་བཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ་མཾ་ཨ་ལས་བུམ་པ་བཟང་བོའི་ནང་དུ་རིལ་བུ་ལྷ་ཡེ་ཤེས་པའི་ངོ་བོ་ཐུགས་ཡེ་ཤེས་ལྔའི་རང་བཞིན་གྱི་ས་བོན་ཧྲཱིཿཡིག་འཇའ་འོད་དང་བདུད་རྩིའི་ཚོགས་འཕྲོ་བཞིན་པར་རྩེ་གཅིག་ཏུ་དམིགས་ལ། དེའི་འོད་ཟེར་གྱིས་གཙོ་འཁོར་གྱི་ལྷ་རྣམས་དང་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ལས་རྩ་སྔགས་དང་སྙིང་པོ་དང་ཉེ་སྙིང་སྤྲོས་ནས་རིལ་བུར་ཐིམ་པར་གྱུར་བར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཡིག་དྲུག་གི་ཕན་ཡོན་ལ་ཡིད་ཆེས་བསྐྱེད་ནས་བགྲང་ཞིང༌། གཟུངས་ཐག་བུམ་བའི་སྟེང་དུ་ཕྱག་ལེན་ལྟར་བཏགས་པའི་སྣེ་ནས་སྒྲུབ་པ་པོ་རྣམས་ཀྱིས་བཟུང་ནས། གྲུབ་རྟགས་ཐོན་བར་དུ་བཟླས་པར་བྱ་ཞིང༌། གཏོར་མ་བྱིན་གྱིས་བརླབས་ལ་དབུལ། མཆོད་ཅིང་བསྟོད་དེ། ཐུན་མཚམས་སུ་ཡང་ཕྱག་དང་སྐོར་བ་བྱ་བ་ཡིན་ཏེ། སྒྲུབ་ཐབས་ལས། འཇིག་རྟེན་མགོན་པོའི་ཐུགས་ཀར་ནི། །པཾ་བསྐྱེད་པདྨ་ཟླ་བའི་སྟེང༌། །ཨ་ལས་བུམ་པ་བཟང་པོར་གྱུར། །ནང་དུ་ཧྲཱིཿས་མཚན་རིལ་བུ་བསམ། །གཙོ་བོ་ལ་སོགས་ལྷ་རྣམས་ཀྱི། །ཐུགས་ལས་རྩ་བའི་སྙིང་པོ་བསམ། །ཉེ་སྙིང་སྤྲོས་ནས་རིལ་བུར་བསྟིམ། །ཐུན་མཚམས་སྐོར་བ་བརྒྱ་ཕྲག་བྱས། །ཞེས་སོ། །གྲུབ་རྟགས་རིལ་བུ་ལྷར་མཐོང་ན་འཇིག་རྟེན་མགོན་པོ་འགྲུབ་པར་འགྱུར་བ། རིལ་བུ་རྒྱལ་ཆེན་བཞིར་མཐོང་ན་ཞི་སོགས་ལས་བཞི་འགྲུབ་པ་དང༌། རིལ་བུ་ཉི་ཟླར་མཐོང་ན་མཁའ་ལ་འགྲོ་བ་ནས། རིལ་བུར་འོད་མཐོང་ན་ལྷའི་སྤྱན་དང༌། རིལ་བུར་སྒྲ་བྱུང་ན་ལྷའི་སྙན་དང༌། རིལ་བུ་རལ་གྲིར་མཐོང་ན་ཤེས་རབ་འཕེལ་བ་དང༌། དུ་བ་བྱུང་ན་ཚེ་འཕེལ་བ་དང༌། དྲི་བཟང་བྱུང་ན་ནད་རྣམས་ཞི་བ་སོགས་ཡིན་ཏེ། སྒྲུབ་ཐབས་ལས། དེ་ཚེ་རིལ་བུ་ལྟར་མཐོང་ན། འཇིག་རྟེན་མགོན་པོ་འདྲ་བར་འགྱུར། །རིལ་བུ་རྒྱལ་ཆེན་བཞིར་མཐོང་ན། །ཞི་སོགས་འཕྲིན་ལས་འགྲུབ་པར་འགྱུར། །རིལ་བུ་ཉི་མ་ཟླ་བར་མཐོང༌། །མཁའ་ལ་འགྲོ་འགྱུར་ཐེ་ཚོམ་མེད། །རིལ་བུ་འཁོར་ལོ་ནོར་བུར་མཐོང༌། །ཡིད་བཞིན་དངོས་གྲུབ་འགྲུབ་པར་འགྱུར། །ནས། འོད་མཐོང་ལྷ་ཡི་སྤྱན་དང་འདྲ། །སྒྲ་བྱུང་ལྷ་ཡི་སྙན་དང་འདྲ། །རལ་གྲི་ཤེས་རབ་འཕེལ་བར་འགྱུར། །ཞེས་སོགས་དང༌། སྤྱིའི་གྲུབ་རྟགས་ཡང༌། སྒྲུབ་ཐབས་ལས། དེ་ཚེ་ཐུགས་རྗེ་བྱིན་རླབས་ཀྱིས། །འཁོར་ལོ་ཞལ་སྟོན་ཡང་ན་ནི། །དངོས་གྲུབ་རྗེས་སུ་གནང་བ་བྱིན། །ལུས་ལ་འོད་ཟེར་འབྱུང་བ་དང༌། །དྲི་ཞིམ་ཤེལ་གྱི་མདོག་དང་མཚུངས། །སེམས་ཅན་ཐམས་ཅད་དད་གྱུར་ཅིང༌། །ནས། རང་མདོག་དཀར་པོ་ཁྲུས་བྱེད་ན། །དེ་ནི་འགྲུབ་པའི་རྟགས་སུ་བཤད། །ཅེས་གསུངས་པས། ལྷ་ཐུགས་རྗེས་ཆེན་པོ་བྱིན་རླབས་མངོན་རྒྱུགས་ཡིན་པས་གྲུབ་རྟགས་ཐོན་ངེས་ཀྱི་རིལ་གྲུབ་བགྱིས་ན་དོན་གཉིས་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ། །སྤྱན་རས་གཟིགས་ཀྱི་ཞལ་མཐོང་གསུང་ཐོས་ནས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ཅེས་མ་ཎི་རིལ་སྒྲུབ་ཡིད་བཞིན་ནོར་བའི་ཕྲེང་མཛེས་འདི་ཡང་སྐུ་འབུམ་དཀའ་བཅུ་ཆོས་རྗེས་ལྷ་རྫས་ཆེ་ལེགས་གསེར་ཞོ་མཎྜལ་དང་བཅས་ཡང་ཡང་ནན་ཆེར་བསྐུལ་བ་དང་། བཀྲ་ཤིས་འཁྱིལ་གྱི་དཀའ་རམས་མདོ་སྔགས་ཡོངས་རྫོགས་ཀྱི་དགེ་བཤེས་དུ་མས་བསྐུལ་པ་ལྟར། འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་ལ་དད་པ་དང་ལྡན་པ། སྙིགས་དུས་ཀྱི་དགེ་སློང་མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར་བ་འདིས་མཁའ་ཁྱབ་ཀྱི་འགྲོ་བ་རྣམས་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག།

                                                                                                                             རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།