རི་ཁྲོད་ལོ་མ་ཅན་རྣམ་གསུམ་གྱི་སྒྲུབ་ཐབས་ནད་རིམས་ཀུན་སེལ་བདུད་རྩིའི་ཆུ་རྒྱུན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 21:57:43     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 193020473643635551.jpg

    བླ་མ་དང་མགོན་པོ་འཇམ་པའི་དབྱངས་དབྱེར་མེད་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒུད་པའི་ཉེར་འཚེ་འཁྲུད་པའི་ཆོ་ག་མཁན། །རི་ཁྲོད་ལྷ་མོའི་སྒྲུབ་ཐབས་ལས་སྦྱོར་རྣམས། །འཁྲུལ་བྲལ་བླ་མའི་ཉམས་བཞེས་ཕྱག་ལེན་བཞིན། །བསྟན་འགྲོའི་འཚོ་བྱེད་བདུད་རྩིའི་རྒྱུན་འདི་སྤེལ། །དེ་ལ་འདིར་སྤྱིར་སྔགས་ཀྱི་འཇུག་སྒོ་དམ་པ་རྒྱུད་སྡེ་ནས་བཤད་པའི་དབང་ལེགས་པར་ཐོབ་པ་དང༌། ཁྱད་པར་དུ་རི་ཁྲོད་མ་གཙོ་འཁོར་གསུམ་གྱི་རྗེས་གནང་དང་མན་ངག་ལེགས་པར་ཐོབ་པའི་རྣལ་འབྱོར་པས་ཉམས་སུ་ལེན་པ་ལ། ཐོག་མར་བསྙེན་པ་བྱ་ཚུལ་དང༌། བསྙེན་པ་སོང་ནས་ལས་ཚོགས་རྣམས་བྱ་ཚུལ་གཉིས། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་འདྲ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་དང༌། ལྗོན་ཤིང་སྣ་ཚོགས་ཀྱི་ནགས་ཚལ་དང༌། མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པའི་དབུས་སུ་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་ཉིད་ཀྱི་རྣམ་པར་ཤེས་པ་བཾ་ཡིག་གསེར་གྱི་མདོག་ཅན། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་གསེར་གྱི་མདོག་ཅན། གཡས་ཞལ་དཀར་པོ་ཞི་བ། གཡོན་ཞལ་དམར་པོ་ཆགས་པའི་ཉམས་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། དབུས་སྐྲ་དམར་སེར་གྱེན་དུ་རྫེས་པ་ལ་སྦྲུལ་དཀར་པོས་དཀྲིས་པ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་ལྔ་པ། གཉིས་པས་དགྲ་སྟ་འདེབས་པའི་ཚུལ་དུ་མཛད་པ། གསུམ་པས་མདའ་གསོར་ཞིང་འཛིན་པ། གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། གཉིས་པས་ཤིང་ལོ་གསར་བའི་སྦྲང་གཡབ་གཡོབ་པ། གསུམ་པས་གཞུ་བསྣམས་པ། ཞབས་གཡས་ཀྱི་རྟིང་པས་འོག་ཕྱོགས་བརྟེན་ཅིང་པུས་མོ་གདན་དུ་བཙུགས་པ། གཡོན་བཞེངས་སྟབས་སུ་བཞུགས་པས། དར་དཀར་པོའི་སྟོད་གཡོགས་དང༌། ཤིང་ལོ་གསར་བའི་སྨད་གཡོགས་ཅན། སྦྲུལ་དཀར་པོའི་ཕྲེང་བས་སེ་རལ་ཁ་བྱས་པ། དེའི་.....སེར་མོ་སྐུའི། དམར་མོ་གསུམ་གི། སྔོན་མོ་ཐུགས་ཀྱི་ལྷ་མོ་སྟེ། གསུམ་ཀ་འགོད་ཚུལ་ལ་སེར་མོ་དབུས། དམར་མོ་དང་སྔོན་མོ་གཡས་གཡོན་དུ་འགོད་པའམ། འདི་ལྟར་བཀོད་ལ་ཞལ་ཕྱག་རྒྱན་ཕྱག་མཚན་སོགས་གཙོ་བོ་ལྟ་བུའམ། ཡང་ན་གཞན་གཉིས་ཞལ་གཅིག་ཕྱག་གཉིས་པ། གཡས་གཡོན་གྱིས་གཙོ་བོའི་རྩའི་ཕྱག་མཚན་བསྣམས་པ་བཞུགས་ཚུལ་རྒྱན་སོགས་ལྷག་མ་མཐུན་པར་བྱ། རྒྱུད་ཆེན་སངས་རྒྱས་ཀྱི་སྒྲུབ་ཐབས་སོགས་ཡོད་གསུང་ངོ༌། ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་རྗེ་བཙུན་མ་ནག་མོ། མགྲིན་པར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་རྗེ་བཙུན་མ་དམར་མོ་སྐུ་མདོག་ཕྱག་མཚན་རྒྱན་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིགས་གསུམ་གྱི། སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་འདྲའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཤོ་ལོ་ཀ་གསུམ་མམ་དང་པོ་གང་རུང་གི་རྗེས་སུ། ཨོཾ་བརྞ་ཤ་བ་རི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཛཿཿཛཿ.....མཁན་ཆེན་འཇམ་དབྱངས་བསྟན་འཛིན་གྱི་ཟིན་བྲིས་ལས་ཛཿའདི་གསུམ་མམ། ཉེར་གཅིག་སྐབས་སྦྱར་བྱེད་གསུངས་ཟེར་སྣང༌། ཿཧཱུཾ་བཾ་ཧོཿདམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་པ་བཏབ་པས་དེ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ཏ་ཨ་བྷི་་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་རིགས་གསུམ་ག་ལ་མི་བསྐྱོད་པས་དབུ་བརྒྱན། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། མཆོད་པ་བྱིན་བརླབ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ་ནས་ཨོཾ་ཤཔྟཨཱཿཧཱུཾ་གི་བར་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ཀ་ནས་མཆོད་ལྷ་སྤྲོས་ཏེ། ཨོཾ་བརྞ་ཤ་བ་རི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ནས། ཤཔྟ་པྲ་ཏཱི་ཙྪ་ཧཱའི་བར་གྱིས་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་ལས་ཤ་བ་རི། །ལྷ་མོ་གང་གིས་བསྒྲུབས་པས་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རིགས་.....ལྷ་མོ་གསུམ་གྱི་ཐུགས་ཀར་བཾ་ཡིག་རང་མདོག་ཅན་གྱི་མཐར་རང་སྔགས་རང་མདོག་ཅན་འོག་ནས་འཆད་པ་ས་བསྐོར་བར་དམིགས་ལ། རང་འདྲའི་སྤྲོ་བསྡུ་བྱ་གསུངས། སོ་སོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་རང་གི་ས་བོན་གྱི་མཐར་རང་རང་གི་སྐུ་མདོག་དང་མཚུངས་པའི་སྔགས་འཕྲེང་གིས་བསྐོར་བའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་རང་འདྲའི་སྤྲུལ་བ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་ནད་བདག་གི་ལྷ་མོ་.....ཟེར་ཡང་མ་མོ་དང་མཁའ་འགྲོའི་རིགས་ཡིན། ནད་དང་བཅས་པ་རྣམས་སྐུའི་འོད་ཟེར་གྱིས་བསྲེགས། ཞལ་དུ་གསོལ། ཕྱག་མཚན་གྱིས་ཐལ་བ་རྡུལ་ཕྲན་བཞིན་དུ་བརླགས། ཡང་སྐུ་ལས་འོད་ཟེར་འཕྲོས། ལྷག་མ་བསྲེགས་པའི་ཐལ་བ་རྣམས་རླུང་གིས་གཏོར།.....མཁན་ཆེན་ཟིན་བྲིས་ལ་བསྐྱོད་ཟེར། སླར་ཡང་སྔགས་འཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས་པའི་རྩེ་ལས་བདུད་རྩིའི་རྒྱུན་བབས་པས་དྲི་མ་བག་ཆགས་ཙམ་ཡང་མེད་པར་དག་པར་བསམ་ལ། ཨོཾ་པི་ཤ་ཙི་བརྞ་ཤ་བ་རི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱཧཱ། ཨོཾ་ཐིཾ་ཐར་.....མཁན་ཆེན་བྷཾ་ཟེར། ཏེ་ས་དུ་ན་ཏེ་ཛྭ་ལ་སཾ་བྷ་རཾ་སྭཱཧཱ། ཨོཾ་ཀུན་དྷེ་ཀུན་བྷན་ལཾ་ཀྲུཾ།.....མཁན་ཆེན་བྷྲུཾ་ཟེར། ཤལ་ཤལ་དུག་སོད། རྒྱུ་གཟེར་ལ་སྭཱཧཱ། ཞེས་པ་ཅི་མང་བཟླ་ཞེས་མཁན་ཆེན་ཟེར་སྣང༌། སྔགས་འདི་གསུམ་གྱི་དང་པོ་རི་ཁྲོད་མ་སེར་མོའི་དང༌། གཉིས་པ་དམར་མོའི་དང༌། གསུམ་པ་སྔོན་མོའི་ཡིན་ཅིང༌། ཕྱི་མ་གཉིས་སྤྱི་འཇོམས་ཀྱི་སྔགས་དང༌། ཁྱད་པར་གསུམ་པ་རྒྱུ་གཟེར་སོགས་རིམས་ལ་བསྔགས་ཞེས་བླ་མ་གསུང་ངོ༌། གྲངས་ནི་བྱེ་བའམ་མཚན་མ་མཐོང་གི་བར། འབྲིང་འབུམ་ཐེར་བཅུའམ་འབུམ་ཐེར་ཁ་ཡར་སོང༌བ། ཐ་མའང་འབུམ་ཐེར་གཅིག་གམ་ཁྲི་ཕྲག་བརྒྱད་སོགས་ནི་ལས་ཚོགས་སྒྲུབ་པ་ལ་དགོས་གསུང་ངོ༌། །འདིར་མི་གཏོགས་ཀྱང་རིམས་ལ་བསྔགས་པས་འདི་ཡང་བཟླ་སྲོལ་ཡོད་ལ། ཨོཾ་དཾ་བྷྱོཿཡག་བྷྱོཿའབྲུམ་གཟེར་བྷྱོཿསྙིང་གཟེར་བྷྱོཿལྷོག་གཟེར་བྷྱོཿརྒྱུ་གཟེར་བྷྱོཿམ་ར་ཡ་ཁ་ཐཾཿ.....མཁན་ཆེན་གྱིས་ཁ་དྷཾ་ཟེར་སྣང༌། ཡང༌། ཨོཾ་ཚི་རྡུལ་རྡུལཿརྨུགས་ཤིག་ཤིགཿཧྲི་རཾ་ཙག་ཏྲི་སད། རྦད་མ་ལ་ཡ་རྦདཿསརྦ་མ་ལ་ཡ་རྦད། ཧཱུཾ་ཕཊ་སྭཱཧཱ། ཞེས་ཀྱང་བཟླས། སྔགས་འདི་གཉིས་འདིའི་སྒོས་སྔགས་མིན་ཀྱང་གཞན་ནས་འབྱུང་བ་ཁ་ཚར་ལ་དམ་པ་རྣམས་ཀྱིས་བཏགས་པ་ཡིན་འདྲ། གཏོར་མ་འབུལ་བར་འདོད་ན། དཀར་གཏོར་ཟླུམ་པོའམ། སྙིང་གཟུགས་གསུམ་མམ་གཅིག་གང་རུང་བཤམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱཿནཾ་ཨ་ཏྱ་ནུཏྭན་ན་ཏྭ་ད་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་བརྗོད་ལ་བྱིན་གྱིས་བརླབས། མཁན་ཆེན་གྱི་དེ་ལ་འདི་གཉིས་མི་འདུག་པ་ཆད་དམ་བརྟགས། ཡང་མཁན་ཆེན་གྱི་དེ་ལས་ཨ་ཀ་རོ་གསུམ་བརྗོད་རྗེས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥཱུསརྦ་ཨརྠ་ས་དྷ་ནི་ཧཱུཾ་ཕཊ། ལན་གསུམ་གྱིས་བྱིན་གྱིས་བརླབས་གསུང་བ་གཅིག་སྣང་ཞིང༌། བདག་ལ་འདི་མ་གསུངས་པ་དང་མི་དགོས་པ་ཡང་འདྲ་སྙམ་ཞིང་སྔགས་ཆད་པ་དང་མ་དག་པ་འདྲ་སྙམ་པས་དཔྱད་དོ། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་གཏོར་མགྲོན་གྱི་ལྷ་མོ་སྤྱན་དྲངས་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་བི་ཤ་རྩི་བརྞ་ཤ་བ་རི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་དབུལ། མཆོད་པ་དང་བསྟོད་པ་སྔར་བཞིན་བྱ། གཏོར་མགྲོན་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས་གསོལ་བྱ། བསྔོ་བ་སྨོན་ལམ་ཤིས་བརྗོད་བྱའོ། །

    གཉིས་པ་བསྙེན་པ་སོང་ནས་ལས་ཚོགས་བྱེད་ཚུལ་ལ། བུམ་ཆོག་ལ་བརྟེན་ནས་རིམས་བསྲུང་ཞིང་མཚམས་གཅོད་པ་དང༌། བརྒྱད་ཐོད་ལ་བརྟེན་ནས་གག་ལྷོག་གཟེར་གསུམ་སོགས་རིམས་ཀྱི་རིགས་མཐའ་དག་བསྲུང་བ་དང༌། སྤྱི་འཇོམས་རིལ་བུ་ལ་བརྟེན་ནས་གག་ལྷོག་གཟེར་གསུམ་ཆམ་པ་སོགས་ནད་རིགས་གང་ལའང་ཕན་པའི་སྨན་བཅོས་དང༌། བསྲུང་ཞིང་མཚམས་གཅོད་པ་སོགས་ལས་སྣ་གཅེས་བསྡུས་ཐོར་བུའི་སྐོར་དང་བཞི། དང་པོ་ནི། རང་གི་མདུན་དུ་སྟེགས་ཀྱི་སྟེང་སྣ་ཚོགས་པདྨའི་གདན་ལ་བུམ་པ་མཚན་ལྡན་མགུལ་ཆིངས། ཁ་རྒྱན། དུང་ཆོས། གཟུངས་རྡོར་དང༌། ནང་དུ་བུམ་རྫས་ཉེར་ལྔའི་སྟེང་དུ། ཛཱ་ཏི་གླ་རྩི། ཤུ་དག་གསུམ་བསྣན་པ་བཏབ་པའི་ཆུས་གང་བ་བཞག །དེའི་མདུན་དུ་མཆོད་པ་གཏོར་མ་དང་བཅས་པ་བཤམས། དེ་ནས་རང་ཉིད་བདག་བསྐྱེད་བཟླས་པ་ཡན་གྲུབ་རྗེས། མཆོད་པ་བསང་སྦྱངས་བྱིན་རླབས་སྔར་བཞིན་བྱས། དེ་ནས་བུམ་བ་བསང་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་རིང་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་དཀྲིས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བ་དེའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་དང་། ལྗོན་ཤིང་སྣ་ཚོགས་ཀྱི་ནགས་ཚལ་དང༌། ཞེས་པ་ནས་མཆོད་བསྟོད་བཟླས་པའི་བར་སྔར་ལྟར་ལས་རང་ཉིད་ཅེས་པའི་ཚིག་ཕྲད་སོགས་ཅི་རིགས་དོར། བུམ་པའི་ལྷ་ལ་གཏོར་མ་དབུལ་བ་དང༌། ཡང་མཆོད་བསྟོད་སྔར་བཞིན་བྱས། བུམ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་བུམ་པའི་ཆུ་དང་གཉིས་སུ་མེད་པར་གྱུར། ཞེས་བརྗོད་དེ་ཆུ་ལྷ་མོའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་མོས། དེ་ལྟར་བསྒྲུབས་པའི་བུམ་ཆུ་གནས་ཁང་གི་ཕྱི་ནས་རིམ་བཞིན་འཐོར། དམིགས་པ་ནི། རི་ཁྲོད་མ་གསུམ་གྱི་སྐུ་དཔག་ཏུ་མེད་པ་སྤྲོས། དེ་དག་གིས་ནད་བདག་མ་མོ་མཁའ་འགྲོ་ནད་དང་བཅས་པ་ཐམས་ཅད་ཕྱག་མཚན་གྱིས་བཅད་ཅིང༌གཏུབས། ཞལ་དུ་གསོལ། མེས་བསྲེགས། བདུད་རྩིས་བཀྲུས་པར་བསམ། ཡང་ནད་མཆེད་དོགས་པ་ལ་སོགས་པ་ཡོད་ན་ཕྱོགས་མཚམས་ནས་དབུས་སུའང་བསྡུས་ཏེ་བུམ་ཆུ་མང་ཙམ་བླུག །རི་ཁྲོད་མར་བསྐྱེད། སྐུ་དཔག་མེད་སྤྲོས། གཏུབས་བསྲེགས། བཀྲུས་པ་སོགས་བྱ། ནད་པ་ཡོད་ན་སྦྱིན་ནོ། །གཉིས་པ་ནི། རྫས་ཀྱི་གཙོ་བོ་བརྒྱད་ནི། འབྲུམ་.....མཁན་ཆེན་གྱི་དེར་རྒྱུ་གཟེར་གྱིས་ཤི་བ་ལས་མི་འདུག་ཀྱང་བདག་ལ་རིམས་སོགས་ཀྱིས་ཤི་བ་དང་དེའི་ནང་ནས་གཙོ་བོ་གཟེར་འབྲུམ་གཉིས་ཀ་གསུངས་པའམ་རྒྱུ་གཟེར་གྱིས་ཤེ་བའི་ཁྱེའུ་ལོ་བརྒྱད་པའི་ཐོད་པ། དེ་གླ་བའི་རིལ་མ་ཙམ་གྱི་ཐོད་ཚལ་ལ། ཛ་ཏི་བ་དར་བའི་ཆུ་བྱུགས་ལ་གྲིབ་སྐམ་བྱས། དེ་བཞིན་དུ་དེའི་སྟེང་དུ་གླ་རྩིའི་ཆུ་དང༌། དེའི་སྟེང་དུ་ཤུ་དག་གི་ཆུ་བྱུགས། རྫས་སོ་སོ་བྱུགས་པའི་སྟེང་དུ་སྔགས་མང་དུ་བཏབ། དེ་ནས་ཡང་ཐོད་ཚལ་གླ་རིལ་ཙམ་དང༌། ཛ་ཏི་གླ་རྩེ་ཤུ་དག་རྣམས་ཞིབ་པར་བརྡུངས་ཏེ་མར་དང་བསྲེས་ལ་སྔགས་བཏབ། གོང་གི་ཐོད་ཚལ་བཅུ་འགྱུར་ཙམ་གྱི་དཀར་.....རྡོ་དཀར་པོའི་སྟེང་དུ་ནག་པོ་སོགས་མེད་པའི་མིང་ཡིན་གསུངས། གོང་སྲིན་མེད་ངོས་འཇམ་པོ་གཅིག་ལའང་སྔགས་བཏབ། མར་གྱིས་དཀར་གོང་དང་ཐོད་པ་སྦྱར། དེའི་ཕྱི་མར་གྱིས་བཏུམ་པ་སྡེར་ཁ་ཆེ་བ་ཙམ་དེ་ལའང་སྔགས་བཏབ། དེ་ནས་རས་དཀར་པོ་དྲི་མེད་ཀྱིས་བཏུམས། དར་སྐུད་དམ་རས་སྐུད་ཀྱིས་ཁ་བཅིངས། དེ་ལའང་སྔགས་མང་དུ་བཏབ་པ་དེ་ཆུ་མིག་གམ་ཆུར་མ་ལྟ་བུ་ལ་བཅུག་པས་ཆུ་འཐུང་པ་ཀུན་ལ་ནད་རིམས་དེ་དག་འགོ་མི་སྲིད་དོ། །ཐུམ་བུ་དེའང་ཆུ་ནང་དུ་ཞག་གསུམ་ཙམ་ལས་མང་བར་བཞག་ན་རུལ་ཡོངས་པས། རྒྱུན་པར་འཇོག་མི་དགོས་པར་ཆུ་འཆུ་བ་སོགས་ཀྱི་སྐབས་སུ་བཞག་ལ། མི་དགོས་པའི་དུས་རས་ཀྱི་ཆུ་བསྐམས་ཏེ་བར་བུ་ལྟ་བུར་བཅུག་པས་ནམ་དགོས་དུས་སྤྱད་པར་བྱའོ། །གསུམ་པ་ནི། སྨན་ཁྱུང་ལྔ་ཡོངས་གྲགས་ལྟར་གྱི་སྟེང་དུ། གླང་ཆེན་གྱི་གྷི་ཧཾ། ཤིང་ཀུན། སྟག་ཤ་ནག་པོ། སྡིག་སྲིན། ཐར་ནུར། མ་ནུ། བྱི་ཏང་ཀ །ཅུ་གང༌། བུ་རམ། གུ་གུལ། ཆུ་རྩ། ག་བུར། སུག་སྨེལ། ལི་ཤི །ཤ་ཆེན། བླ་མའམ་སྔགས་པ་ནུས་པ་ཅན་ནམ། དགེ་སློང་གཙང་མ་གང་རུང་གི་དྲི་ཆེན་དྲི་ཆུ། དེ་རྣམས་ཞིབ་པར་བཏགས། རིལ་བུ་སྲན་མ་ཆུང་ཤོས་ཙམ་དྲིལ་བགྲིབ་སྐམ་བྱས་པ་རིན་པོ་ཆེའི་སྣོད་དུ་རིལ་ཅགས་བྱས། རིལ་བུ་རྣམས་བུམ་པར་བླུག །བདག་མདུན་བསྒྲུབས། སྔགས་མང་དུ་བགྲངས། ཞུ་བ་ལས་བྱུང་བའི་རིལ་བུར་གྱུར་པར་བསམ། ནད་སྟོབས་དང་བསྟུན་པའི་རིལ་བུ་གཅིག་གཉིས་གསུམ་ཙམ་བཏང་བས་ཕན་ངེས་སོ། བཞི་པ་བསྲུང་ཞིང་མཚམས་གཅོད་པ་ནི། ལུང་པའམ་གནས་གཞི་གང་ཡིན་དེའི་དབུས་སུ། རི་ཁྲོད་མ་བསྐྱེད། སྐུ་ལས་རང་འདྲ་དཔག་མེད་སྤྲོས་པས་གཏུབ་གསོལ་བསྲེགས་བཀྲུས་སོགས་བྱས། སླར་ཡང་སྐུ་ལས་འོད་འཕྲོས་པས་པདྨ་དམར་པོའི་རྭ་གུར། དེའི་ཕྱིར་ཁྲོ་བོའི་རྡོ་རྗེ་སེར་ནག་གང་རུང་གི་རྭ་གུར། དེའི་ཕྱིར་ཁྲོ་ཆུའི་རྭ་གུར། དེའི་ཕྱིར་མེ་ཁ་དོག་སྣ་ལྔའི་རྭ་གུར། དེའི་ཕྱིར་རླུང་ནག་འཚུབ་མའི་རྭ་གུར་བསམ། བསྡུས་ན་པདྨ་རྡོ་རྗེ་མེ་རིས་ཀྱང་ཆོག་གོ །མཚམས་གཅོད་བསྲུང་བའོ། རིམས་ཀྱིས་གཙེས་པའི་སར་འགྲོ་ན། རང་ལ་ཐོག་མར་གང་སྦྱིན་གྱི་བཟའ་བཏུང་ལ་མཐེབ་སྲིན་གཏད། སྲིན་ལག་རི་ཁྲོད་མར་བསྐྱེད། དེ་ལས་སྤྲུལ་པས་གཏུབ་བསྲེགས་བཀྲུས་སྔགས་བཟླས། ཡང་ན་རྡོས་པའི་བྱེ་མ། ཡུངས་དཀར། ཡུངས་ནག །སྐེ་ཚེ། ལྕགས་སོལ་.....འདི་ཁོལ་ཚ་ཡིན། རྡོ་ནག་བསྲེས་པའམ། མ་འཛོམས་ན་བྱེ་མ་དུལ་མ་ལྷ་མོར་བསྐྱེད། སྔགས་མང་དུ་བཟླས། ཞུ་བ་ལས་བྱུང་བའི་རྡུལ་ཕྲ་རབ་ཀྱི་ལྷ་མོར་བསམ། མཐའ་ནས་གཏོར། དམིགས་པ་སྔར་བཞིན་ནོ། །ནད་བྱུང་བའི་གྲོོོང་མཐའ་བསྐོར་ནས་བྱེ་མ་སོགས་སྔགས་དམིགས་བྱས་པས་ནད་མཆེད་མི་ཐུབ་པར་ཡང་བདག་ལ་བླ་མ་དང་དམ་པ་གསུང་ངོ༌། །རང་བསྲུང་ཟབ་མོའོ། །རིམས་ཀྱིས་ཤི་བའི་རུས་བུ་ལྟ་བུ་ནས་ནད་རིམས་མཆེད་དོགས་ན་མཐའ་ནས་རུས་བུ་དངོས་ལའང་འཐོར། ཤི་ཁ་གཅོད་པའི་ཐབས་ནི་ཤིང་ལེབ་མཐོ་གང་གྲུ་བཞི་པའི་དབུས་སུ་གཡུང་དྲུང་གཡས་བསྐོར་སྤྱི་ལྟར་བརྐོས། གཡུང་དྲུང་ལྟེ་བ་དང་མཚམས་བཞིར་ཁུང་བུ་རེ་བྲུས། མཁན་ཆེན་གྱིས་རྒྱ་ཐོད་ཟེར་སྣང༌།.....བརྒྱད་ཐོད་གླ་རིལ་ཙམ་ལ་ཛ་ཏི། གླ་རྩི། ཤུ་དག་གི་ཆུ་བྱུགས། གྲིབ་སྐམ་བྱས་སྔགས་བཏབ། སྨན་གསུམ་བརྒྱད་ཐོད་དང་བཅས་པ་ཞིབ་པར་བཏགས་མར་ལ་སྦྱར་ནས་སྔགས་བཏབ། གཡུང་དྲུང་གི་ལྟེ་བར་མར་ཅུང་ཟད་དེའི་སྟེང་དུ་བརྒྱད་ཐོད་གླན། དེའི་སྟེང་མར་འབུར་ཙམ། གཡུང་དྲུང་གི་ལོགས་དང་མཚམས་ཀྱི་ཁུང་བུ་ཀུན་ལ་མར་གླན། མར་རྣམས་ཀྱི་སྟེང་བྱེ་མ་དུལ་མས་བཀབ། དེ་ཉིད་ཕྱི་སྒོའི་ཡ་ཐེམ་སྟེང་བཞག་པས་ཕན་ནོ། །ཕྱུགས་ནད་གཅོད་ན་གཡུལ་དྲུང་གཡོན་བསྐོར་ཡིན། གཞན་རྣམས་འདྲ་བ་ལྟར་བསྒྲུབ་པ་བྱས་པ་དེ་ཕྱུགས་རྣམས་ཡོང་བའི་སྒོ་སྟེང་ནས་གཡུང་དྲུང་གི་ཁར་ཆུར་བླུགས་ལ་ཆུ་དེ་ཕྱུགས་རྣམས་ཀྱི་མགོ་ལ་གཏོར་ཞིང་དམིགས་པ་སྔར་ལྟར་བྱས་པས་ཕན་ངེས་སོ། །འདི་དག་ནི་ཉམས་མྱོང་ཐོན་ངེས་ཡིན་པའི་གཏན་ཚིགས་ལོ་རྒྱུས་སོགས་ཡོད་དོ། །

 

    སྨྲས་པ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཆུ་མཚོ་ལས། །འཐོན་པའི་རི་ཁྲོད་དབང་མོའི་ཟླ་བ་ནི། །ནང་རིམས་གདུང་བ་སེལ་ལ་ག་བུར་རྒྱུན། །སྒྲུབ་པའི་ཐབས་སུ་འཛགས་པ་འདི་ཡིན་ཟུངས། །ཆུ་འདོད་སྨིག་རྒྱུ་འཐུངས་ལ་བྲེལ་བ་བཞིན། །སྲོག་འཕྲོག་ཧ་ལའི་རྐྱལ་པ་ཐོགས་པ་ལས། །གཅིག་ཆོག་ལྷ་མོའི་འཕྲུལ་འདི་ཟུངས་ཤིག་དང༌། །གཞུང་ནས་བཤད་བཞིན་འབྱུང་བ་མངོན་སུམ་གྲུབ། །ཚུལ་འདིར་འབད་དགེས་སྤྱི་དང་ཙོང་ཁ་པའི། །མདོ་དང་སྔགས་ཀྱི་བཤད་སྒྲུབ་ཟླ་མེད་པ། །གང་དང་དེ་འཛིན་སྦྱིན་བདག་བཅས་པ་ཀུན། །འཕེལ་རྒྱས་ཕྱོགས་དུས་ཀུན་ཏུ་དགེ་གྱུར་ཅིག །ཅེས་རི་ཁྲོད་ལོ་མ་ཅན་རྣམ་གསུམ་གྱི་སྒྲུབ་ཐབས་ནད་རིམས་ཀུན་སེལ་བདུད་རྩིའི་ཆུ་རྒྱུན་འདི་ནི། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་རྡོ་རྗེ་འཆང་དཀོན་མཆོག་ཡར་འཕེལ་གྱིས་བླ་མ་གོང་མའི་གསུང་རྒྱུན་ཕྱག་ལེན་ལ་གནང་བ་རྣམས་བདག་ལ་སྩལ་པ་དང༌། མཁན་ཆེན་འཇམ་དབྱངས་བསྟན་འཛིན་གྱི་ཟིན་བྲིས་གཉིས་མི་མཐུན་པ་རྣམས་མཆན་བུར་བྱས་ཏེ་རིག་སྔགས་འཆང་བ་འཇམ་དབྱངས་བཞད་པའི་རྡོ་རྗེས་ཡི་གེར་བཀོད་པ་འདིས་ཀྱང་ཀུན་མཁྱེན་ཙོང་ཁ་པའི་བསྟན་པ་སྤྱི་དང་ཁྱད་པར་དཔལ་ལྡན་སྲད་རྒྱུད་ཀྱི་བཤད་སྒྲུབ་ཕྱོགས་དུས་ཀུན་ཏུ་དར་བར་གྱུར་ཅིག །སྤྱི་འཇོམས་རིལ་བུའི་སྡེ་བ་སྦྱོར་ནི། སྨན་ཆེན་གླ་རྩི། ཤུ་དག །ཨ་རུ་ར་གསེར་མདོག །ཤ་བོ་རུ་རྟ། ཤ་ཆེན། དྲི་ཆེན། གྷི་ཧཾ། ཅུ་གང༌། བྱི་ཏཾ་ཀ །ལི་ཤི །སུག་སྨེལ། སྡིག་སྲིན། སྟག་ཤ །བུ་རམ། ཤིང་ཀུན། གུ་གུལ། ཐ་ནུ་ར་ར། ཆུ་རྩ། མ་ནུ་འདི་རྣམས་ཞིབ་པར་བཏགས་ལ། རིལ་བུ་སྲན་མའི་ཕྱེད་ཙམ་སྒྲིལ། མཚལ་ལམ་ལི་ཁྲིའི་ན་བཟའ་གསོལ། རབ་གནས་བྱས། དགེ་སློང་གཙང་མའི་དྲི་ཆུས་རིལ་བུ་བྱ། ཨོཾ་བི་ཤ་ཙི་བ་རྞ་ཤ་བ་རི་སརྦ་ཛྭ་ར་བྲ་ཤ་མ་ནཿཡ་སྭཱཧཱ། སེར་མོའི་སྔགས་སོ། །ཨོཾ་ཐི་མ་ཐར་ཏི་སྟུན་ཏེ་ཛྭ་ལ་ཤཾ་བ་རི་སྭཱཧཱ། དམར་མའི་སྔགས་སོ། །ཨོཾ་ཀུན་དྷེ་ཀུན་བྷན་ལཾ་ཀྲུལ་ཤལ་ཤལ་དུག་སོང་རྒྱུ་གཟེར་ལ་སྭཱཧཱ། སྔོན་མོའི་སྔགས་གཤམ་བུ་དང་བཅས་པའོ། །སྔགས་རྐྱང་ལ་ཤལ་ཤལ་སྭཱཧཱ་ཡན་ཆད་ཀྱིས་ཆོག་ཟེར། སེར་མོ་དབུས། དམར་མོ་གཡས། སྔོན་མོ་གཡོན་དུ་འདུག་གསུངས། ཕྱག་ལེན་སེར་མོའི་མགྲིན་པ་དང་ཐུགས་ཀར་དམར་སྔོ་གཉིས་འགོད་པར་མཛད་གསུངས། སྔགས་ཀྱི་གྲངས་ནི་བྱེ་བའམ། མཚན་མ་མཐོང་གི་བར། འབྲིང་འབུམ་ཐེར་བཅུའམ། འབུམ་ཐེར་ཁ་ཡར་སོང་པ། ཐ་མའང་འབུམ་ཐེར་གཅིག་གམ་ཁྲིད་ཕྲག་བརྒྱད་སོགས་ནི་ལས་ཚོགས་བསྒྲུབ་པ་ལ་དགོས་གསུངས་སོ། །འདིའི་བརྒྱུད་པ་ནི། རྒྱ་གར་གྱི་གྲུབ་ཆེན་གཅིག་གིས་འབྲི་མཚམས་ཀྱི་སྔགས་པ་གཅིག་ལ་གནང༌། དེ་ནས་རང་གི་རིགས་རྒྱུད་ཁོ་ན་ལས་གཞན་སུ་ལ་མི་སྟེར་བའི་བཀའ་རྒྱ་བྱས་ཏེ་རིམ་པར་བརྒྱུད་པ་ལས། དུས་ཕྱིས་ཞིག་ན་པཎ་ཆེན་བསམ་འགྲུབ་རྒྱ་མཚོས་དེའི་སྔགས་པ་གཅིག་ལ་གདམས་པ་དེ་ང་ལ་སྟེར་དགོས་བྱས་པས། །ཁྱེད་ངེད་ཅག་གི་སྐྱབས་མགོན་ཡིན་པས་སྟེར་དགོས་མོད་ཀྱང༌། གཞན་ལ་མི་སྤེལ་པའི་དམ་བཅའ་བཞེས་དགོས་ཞུས་པས། ཁོ་བོས་འགྲོ་བ་ལ་ཕན་ཨེ་ཐོག་ཡིན། གཞན་ལ་སྤེལ་མི་རུང་ན་མི་དགོས་གསུངས་མ་བཞེས། སླར་རྒྱུ་ཆེན་སངས་རྒྱས་རྒྱ་མཚོ་དེའི་རིགས་རྒྱུད་དུ་འཁྲུངས་པས། དུས་ཕྱིས་རང་གི་ཨ་ཁུ་སྔགས་བཙུན་གཅིག་ལ་ང་ལ་སྟེར་དགོས་གསུངས་པས། ཁྱོད་ལ་སྟེར་ཀྱང་གཞན་ལ་མ་སྤེལ་གསུངས་ནས། དེ་རིང་ཁྱེད་ཀྱི་བརྩམས་པའི་ཉིན་འདིར་སྐྱོར་བ་དང་འདྲི་བ་བྱེད་དགོས། གཞན་མི་བྱེད་ཅེས་གསུངས་ནས། རྒྱུད་ཆེན་དཀོན་རྒྱམ་ལ་ཡོལ་བའི་ཕག་ཏུ་གསན་བཅུག་ནས་གནང༌། རྒྱུད་ཆེན་དེས་དཀོན་མཆོག་ཡར་འཕེལ་སོགས་ཤིན་ཏུ་མང་པོ་ལ་སྒྲུབ་ཐབས་དང་རྗེས་གནང་ལས་ཚོགས་གནང་སྟེ་སྤེལ་པ་ཡིན་གྱི། རྒྱུད་ཆེན་རྡོ་རྗེ་འཆང་སངས་རྒྱས་རྒྱ་མཚོས་ཀྱང་ཉིན་དེར་ཚར་གཅིག་ལས་མ་གསུང་གསུངས། རྗེ་དེ་ལ་བདག་འཇམ་དབྱངས་བཞད་པའི་རྡོ་རྗེས་ལས་ཚོགས་དང་བཅས་པར་ལེགས་པར་ཞུས་སོ། །

    ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འབབ་མ་སྟོང་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཆོས་ཐམས་ཅད་མཐའ་དབུས་མེད་པར་སྟོན་པར་བྱེད་པའི་ཡི་གེ་ཨ་དཀར་པོ་འོད་དུ་ཞུ་བ་ལས་བྱུང་པའི་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧཱུཾ་རིན་པོ་ཆེ་མི་དཔོག་པའི་མདོག་ལྟ་བུ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་ཧཱུཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་སྐུ་མདོག་རིན་པོ་ཆེ་མི་དཔོག་པའི་མདོག་ལྟ་བུ་དྲི་མ་མེད་པ་ནམ་མཁའ་ལྟར་དྭངས་ཤིང་ཞལ་ཟླ་བ་ལྟར་དཀར་བ། དབུ་ལ་སྦྲུལ་མགོ་བདུན་གྱི་གདེངས་ཀས་རྒྱབ་ཡོལ་བྱས་པ། སྐུ་ལ་ཆོས་གོས་ངུར་སྨྲིག་གསོལ་པ། དབུ་གཙུག་ཏོར་དང་ལྡན་པ། ཀླུ་ཐམས་ཅད་ཀླུའི་སྐྱེ་གནས་ལས་ཐར་པར་བྱེད་པའི་ཕྱག་རྒྱ་དང་ལྡན་པ། ཞལ་འཛུམ་པ་དང་བཅས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འོད་ཀྱི་དྲ་བའི་དབུས་ན་བཞུགས་པ། དེའི་མདུན་དུ་པད་ཟླ་ལ་བྱང་ཆུབ་སེམས་དཔའ་སྒྲིབ་སེལ་སྐུ་མདོག་དཀར་པོ། ཕྱག་གཡས་རིན་པོ་ཆེའི་མྱུ་གུ་དང་གཡོན་བུམ་པ་བསྣམས་པ། གཡས་སུ་པད་ཟླ་བྱང་ཆུབ་སེམས་དཔའ་བྱམས་པ་དམར་སེར། གཡས་ཀླུ་ཤིང་གི་མེ་ཏོག་དང༌། གཡོན་རིལ་པ་སྤྱི་བླུགས་བསྣམས་པ། རྒྱབ་ཀྱི་པད་ཟླ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཨུཏྤལ་བསྣམས་པ། གཡོན་གྱི་པད་ཟླ་ལ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་པདྨ་བསྣམས་པ། བཞི་ཀའང་གཙོ་བོ་ལ་བལྟ་བ་གཡས་ཕྱོགས་སུ་བྱང་སེམས་དཔག་མེད། གཡོན་ཕྱོགས་སུ་དགྲ་བཅོམ་པའི་ཚོགས་དཔག་མེད། འོག་ཕྱོགས་སུ་ཀླའི་ཚོགས་དཔག་མེད་ཀྱིས་རིན་པོ་ཆེ་ཐོགས་ཏེ་ཐལ་མོ་སྦྱར་ནས་གཙོ་བོ་ལ་བལྟ་བ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྔའི་རྣམ་པར་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་དང༌། བསྟོད་པ་ནི། མཚོ་སྔོན་དྭངས་པའི་དབུས་སུ་ཆུ་སྐྱེས་དཀར། །རབ་ཡངས་དབུས་སུ་རི་བོང་འཛིན་གདན་སྟེང༌། །ཧཱུཾ་ཡིག་ལས་འཁྲུངས་བཻཌཱུར་མདོག་ལྡན་པའི། །བདག་གི་སྐྱབས་གཅིག་ཀླུ་དབང་ཁྱོད་ལ་བསྟོད། །འཁོར་གྱི་གཙོ་བོ་བྱང་སེམས་རྣམ་བཞི་དང༌། །གཡས་གཡོན་བྱང་སེམས་ཉན་ཐོས་དུ་མས་བསྐོར། །མདུན་དུ་ཀླུ་ཚོགས་ཡིད་བཞིན་ནོར་བུ་འབུལ། །འཁོར་དང་བཅས་ལ་གུས་པས་བསྟོད་པར་བགྱི། །ཞེས་དང༌། ཐུགས་ཀར་ཧཱུཾ་གི་མཐར། ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏ་བྷ་ག་ཝན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛཱ་ན་ཨདྷིཥྛཱ་ཏེ་སྭཱཧཱ། སྔགས་ཀྱི་སྤྲོ་བསྡུ་སོགས་ལས་མཐུན་གྱི་དམིགས་པ་སྐབས་དང་སྦྱར་ནས་བཟླའོ། །གཏོར་མ་བྱིན་གྱིས་བརླབས་ལ། བཅོམ་ལྡན་འདས་འཁོར་བཅས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བར་གྱུར། སྙིང་པོའི་མཇུག་ཏུ། ཨ་ཀ་རོ་བཏགས་ལ་བདུན་ནམ་ཉེར་གཅིག་གིས་འབུལ། མཆོད་བསྟོད་ཡིག་བརྒྱས་བརྟན་པར་བྱའོ། །འདི་ཡང་ཐམས་ཅད་མཁྱེན་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའོ། །བུམ་གཏེར་ལ་དེ་བཞིན་གཤེགས་པ་གཙོ་འཁོར་ལྔའི་ཐུགས་རྗེ་ལ་བརྟེན་ནས་སྦྱིན་བདག་མི་ནོར་འཁོར་བཅས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རིགས་རྒྱུད་སོགས་རྒྱས་ཤིང་ཀླུས་བདག་སོགས་ཀྱི་གནོད་འཚེ་ལས་སྲུང་ཅིག །ཀླུ་ལ་ཀླུ་ཆེན། དེ་བཞིན་གཤེགས་པ་གཙོ་འཁོར་ལྔའི་ཐུགས་རྗེ་ལ་བརྟེན་ནས་སྦྱིན་པའི་བདག་པོའི་མཐུན་རྐྱེན་ཚེ་དང་བསོད་ནམས་རིགས་རྒྱུད་སྟོབས་འབྱོར་མངའ་ཐང་རྣམས་ཡར་ངོའི་ཟླ་བ་ལྟར་རྒྱས་ཤིང་འགལ་རྐྱེན་ནད་རིམས་གདོན་བགེགས་ཀླུས་བདག་གི་གནོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། ཅེས་པ་ཡང་ངོ༌། །

                                                                                                                              རྩོམ་སྒྲིག་པ། མང་ར་བ།

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།