སྒྲུབ་ཐབས་རྒྱ་མཚོ་ལས་རྗེས་གནང་བྱེད་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 21:48:34     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 236388974482820697.jpg

    ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྒྲུབ་ཐབས་རྒྱ་མཚོ་འདི་ལ་རྗེས་གནང་བྱེད་པའི་ཚོམ་བུ་སོགས་བཀོད་ཚུལ་ལ་གསན་ཡིག་གངྒཱའི་ཆུ་རྒྱུན་ལྟར། ལ་ལས་འོག་ཏུ་རྡུལ་ཚོན་སྟེང་དུ་མཉྫིའི་སྟེང་དུ་གཏོར་མ་བྱེད་པ་དང༌། ལ་ལས་རྡུལ་ཚོན་ལ་ཚོན་སྤུངས་དང་ས་བོན་བཀོད་པ་ཙམ་བྱེད་པ་དང༌། ལ་ལས་དྲིའི་ཐིག་ལེ་ལ་ཚོམ་བུ་མཛད་པ་གསུམ་ལ་རང་རང་གི་འདོད་ཞེན་གྱིས་དགག་གཞག་སྣ་ཚོགས་འདུག་ཀྱང༌། འཇམ་མགོན་བླ་མ་ཁྲི་རིན་པོ་ཆེའི་ཞལ་ནས་ཕྱག་ལེན་རྒྱས་བསྡུས་ཙམ་ཡིན་གསུངས་པ་ཤིན་ཏུ་འཐད། ཕྱག་ལེན་ལ་ཚོམ་བུ་སྟབས་བདེ། མཆོད་པ་འགོད་ལུགས་ལ་ཤར་དུ་མཆོད་ཡོན་ཟེར་བ་དེ་བོད་ཀྱི་དུས་འཁོར་བ་ཁ་ཅིག་གི་འདོད་ལུགས་ཡིན་ལ། ཤེས་བྱེད་མེད་ཅིང་མི་དགོས་པར་མཁས་གྲུབ་ཆོས་རྗེས་བཤད། མཆོད་པས་མཐའ་བསྐོར་བ་ནི་རྒྱ་གཞུང་དུ་མ་ལས་བཤད། མཆོད་པ་ལྷ་གྲངས་དང་མཉམ་པ་བྱས་ན་རྒྱུད་དང་རྒྱ་གཞུང་དང་མཐུན། ལྷའི་འབུལ་གཏོར་དཀར་ཅོག་ཟླུམ་པོ་པད་འདབ་ཅན། ཆོས་སྐྱོང་དང་གཞི་བདག་ལ་དཀར་གཏོར་ཆུང་ངུ་གཉིས། བདག་སྐྱེད་ལ་ཚོགས་ཞིང་དང་མཆོད་པ་བྱ། དངོས་གཞི་ལ་མ་བྱས་ཀྱང་ཆད་པར་མི་འགྱུར། བྱས་ཀྱང་ཆོག་གསུངས། བླ་མེད་ཡིན་ན་ནི་དགོས་པར་སེམས། ཐོག་མར་བདག་སྐྱེད་བཟླས་པ་དང་བཅས་པ་བསྒྲུབས་རྗེས་འཁོར་ཡོད་ན་རང་ལ་བསྡུ། ཚོམ་བུ་ལྷ་གྲངས་དང་མཉམ་པ་ལྷ་ལྟར་ཕྱོགས་མཐུན་དུ་དགོད། ལས་བུམ་དུ་བགེགས་མཐར་བྱེད་ཞལ་གཅིག་ཕྱག་གཉིས་པ་བསྐྱེད། བཟླས་བརྗོད་བྱས་ལ་བསང་ཆུ་ལེགས་པར་བསྒྲུབ། དེ་ནས་མདུན་བསྐྱེད་ཀྱི་ཚོམ་བུར་བསང་ཆུ་གཏོར་ལ། རང་གི་ཐུགས་ཀ་ནས་བགེགས་མཐར་བྱེད་ཀྱི་ཚོགས་སྤྲོས་ལ་བགེགས་བསྐྲད་པར་བསམ། སྭ་བྷཱ་ཝས་སྦྱངས། ཚོམ་བུ་ལྷར་མངོན་རྟོགས་ལྟར་བསྐྱེད། གནས་གསུམ་བརླབས། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། དབང་ལྷ་སྤྱན་དྲངས། དབང་བསྐུར། མངོན་རྟོགས་ལྟར་རིགས་བདག་གིས་རྒྱས་གདབ། རིགས་གང་ཡིན་མི་ཤེས་ན་རྡོ་རྗེ་སེམས་དཔས་རྒྱས་གདབ། མཆོད་བསྟོད་བྱ། རྒྱུད་སྡེ་འོག་མ་གསུམ་ལ་རོལ་མོ་དང་བསྟོད་པ་གཉིས་ལ་ཏིང་ཤག་བརྡུང༌། བླ་མེད་ལ་དྲིལ་བུ་དཀྲོལ་ཞིང་ཕྱི་མཆོད་ཀྱི་རྗེས་སུ་ནང་མཆོད་འབུལ། དེ་ནས་བཟླས་པའི་དམིགས་པ་བཞག །བཟླས་པ་བྱ། གཏོར་མ་བསང་སྦྱངས་བསྐྱེད། རྒྱུད་སྡེ་འོག་མ་གསུམ་ལ་བདུད་རྩིའི་རྒྱ་མཚོར་ཕྱིན་གྱིས་བརླབ། བླ་མེད་ལ་ཤ་ལྔ་བདུད་རྩི་ལྔར་བསྐྱེད་ལ་བྱིན་གྱིས་བརླབ། དེ་ནས་གཏོར་མ་ཕུལ། འཕྲིན་ལས་བཅོལ་ལྷ་ལ་མེ་ཏོག་གཏོར་ནས། བདག་དང་སློབ་མ་རྣམས་ལ་བྱིན་གྱིས་རླབས་པར་གསོལ་བ་བཏབ། དཀྱིལ་འཁོར་གྱི་ཁང་བའི་ཕྱི་རོལ་ཏུ་ལས་ཀྱི་རྡོ་རྗེ་བག་དང་ལྡན་པས་ལས་བུམ་གྱིས་སློབ་མ་རྣམས་ལ་ཁྲུས་བྱས་གྲལ་ལ་འཁོད། མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། དལ་འབྱོར་དོན་ཆེ་ཞིང་རྙེད་དཀའ་ཚུལ་རྟེན་ཁྱད་པར་ཅན་འདི་ལྟ་བུ་ཐོབ་པའི་དུས་སུ་ཆོས་བྱེད་དགོས་པའི་རྒྱུ་མཚན། ཆོས་དེ་ཡང་སྙིང་རུས་ཙམ་དང་རང་གི་འདོད་པ་ཙམ་གྱིས་མི་ཆོག་ཚུལ། མུ་སྟེགས་པ་སོགས་ཀྱིས་མེར་མཆོང་བ་དང༌། གཡངས་ལ་མཆོང་པ་དང༌། མདུང་གི་རྩེར་མཆོང་པ་སོགས་ལ་ཐར་བ་ལྟ་ཅི་སྨོས། བདེ་འགྲོ་ཙམ་ཡང་ཐོབ་མ་ནུས་ཚུལ་བཤད་ལ། ཐར་པ་ཐོབ་བྱེད་ཀྱི་ཐབས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རག་ལས་ཚུལ། སྤྲོ་ན་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ། བར་དུ་ཚོགས་བསགས་ཚུལ། མཐར་སངས་རྒྱས་པའི་ཚུལ་སོ་སོ་ནས་ཐེག་པ་ཆེ་ཆུང་སོ་སོའི་ལུགས་མ་འདྲེས་པར་བཤད་ལ་ངེས་ཤེས་བསྐྱེད། དེ་ལྟ་བུའི་སྟོན་པ་དེས་དམ་པའི་ཆོས་ཟབ་པ་དང་རྒྱ་ཆེ་བ་མཐའ་ཡས་པ་གཅིག་བཤད་པ་དག་དགོས་པ་བརྗོད་བྱ་ཅི་རིགས་ཀྱི་སྒོ་ནས་ཆོས་ཀྱི་སྒོ་བརྒྱ་ཁྲི་དང་བཞི་སྟོང་དང༌། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དག་ལས་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས་དང༌། གསུང་རབ་ཡན་ལག་དགུ་དང༌། སྡེ་སྣོད་གསུམ་དང༌། ཐེག་པ་ཆེ་ཆུང་གཉིས་སུ་འདུ་ལ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་འབྲས་བུ་གསང་སྔགས་ཀྱི་ཐེག་པ་གཉིས། སྔགས་ཀྱི་ཐེག་པ་ལ་རྒྱུད་སྡེ་གོང་འོག་གཉིས། བོད་འདིར་འདོད་ཚུལ་མང་ཡང༌། གུར་སཾ་བྷུ་ཊི་རྩ་འགྲེལ་སོགས་ལ་བརྟེན་ནས་རྒྱུད་སྡེ་བཞིར་ངེས་ཤིང༌། དེ་ལྟ་བུའི་རྒྱུད་སྡེ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་སྒྲ་བཤད་སོགས་མང་ཡང༌། འདི་རྒྱུད་སྡེ་དེ་དག་གི་སྨིན་བྱེད་དང་གྲོལ་བྱེད་ཀྱི་ལམ་གཉིས་ཀྱི་སྨིན་བྱེད་དབང་གི་ཆར་གཏོགས་པ་ལྷ་རྣམས་ཀྱི་དངོས་གྲུབ་མྱུར་བའི་ཆེད་དུ་རྗེས་གནང་བྱེད་པ་ཡིན་ཏེ། སྤྱི་རྒྱུད་ལས། སྔགས་ཀྱི་ནུས་པ་བསྐྱེད་པའི་དབང༌། འབྱོར་བ་བསྐྱེད་པའི་དབང༌། བགེགས་ཞི་བའི་དབང༌། སྣོད་རུང་གི་དབང་སྟེ། དབང་བཞི་བཤད་པས་སྔ་མ་གསུམ་ཅི་རིགས་ཀྱི་ནང་དུ་གཏོགས་པས་སོ། །བྱེ་བྲག་ཏུ་ཆོས་འདི་ལ་ཨ་བྷྱ་ཀ་ར་ལ་རྡོ་རྗེ་རྣལ་འབྱོར་མས་གནང་བ་བྱིན་ནས་བསྒྲིགས་ཚུལ་སོགས་བཤད་ལ། དེ་ལྟ་བུའི་ཆོས་གསན་པ་ལ་སྣོད་ཀྱི་སྐྱོན་གསུམ་སྤངས་པ་འདུ་ཤེས་དྲུག་བཞག་པ་ཕུན་སུམ་ཚོགས་པ་བཞི་ལྡན་གྱི་སྒོས་གསན་ཚུལ་བཤད་ལ། ལྷ་ཆེ་གེ་མོའི་རྗེས་གནང་ཞུ་བའི་ཡོན་ཏུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་ལ་མཎྜལ་ཕུལ་བ་དང༌། བླ་མ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡི་དམ་གྱི་ལྷ་ཆེ་གེ་མོ་དང་ངོ་བོ་དབྱེར་མེད་དུ་མོས་ནས། ལྷ་ཆེ་གེ་མོའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་བྱིན་རླབས་མ་ལུས་པ་སྩལ་དུ་གསོལ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད་ཅིག་ཅེས། དུས་གསུམ་སོགས་ལན་གསུམ་བརྗོད། དེ་ནས་བསང་ཆུ་གཏོར་ལ། རང་གི་སྙིང་ཀ་ནས་ཁྲོ་བོའི་ཚོགས་སྤྲོས་ལ་བགེགས་བསྐྲད་པར་བསམ། ངས་སྔགས་བརྗོད་པ་དང་མཉམ་དུ་རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས་སུ་སྦྱངས། འོད་གསལ་གྱི་ངང་ལས་ལྷའི་སྐུར་ལངས་པའི་མོས་པ་མཛོད། སྭ་བྷཱ་ཝ་ནས། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལྷ་ཆེ་གེ་མོའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཆར་བཞིན་དུ་བབས་པས་ལུས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ནས་ལྷའི་སྐུ་དང་བྱིན་རླབས་མཉམ་པ་ཐོབ་སྙམ་པ་མཛོད་ཅེས་པ་ཞི་བ་ལ་བྱ། དྲག་པོ་ལ་སྐུ་ལུས་ལ་ཐིམ་པས། ལུས་ཀྱི་ནད་གདོན་བགེགས་སོགས་བསྲེགས་ཏེ་སྦྱངས་པའི་མོས་པ་མཛོད། དེས་སྐུའི་རྗེས་གནང་ཐོབ་པ་སོགས་བརྗོད། གསུང་གི་རྗེས་གནང་ལ་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཡེ་ཤེས་ཀྱི་ངོ་བོ་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བ་བླ་མའི་ཞལ་ནས་བྱུང༌། དང་པོ་དམ་ཚིག་པའི་ཚུལ། གཉིས་པ་ཡེ་ཤེས་པའི་ཚུལ། གསུམ་པ་བརྟན་བྱེད་ཀྱི་ཚུལ་དུ་ཐིམ་པས་ངག་གི་སྡིག་སྒྲིབ་སྦྱངས། ངག་ལྷའི་གསུང་དང་བྱིན་བརླབས་མཉམ་པ་ཐོབ་བྱུང་སྙམ་པ་ཞི་བ་ལ་བྱ། དྲག་པོ་ལ་སྔགས་ཕྲེང་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོོས་ནས་ནད་གདོན་བགེགས་སོགས་སྦྱངས་པའི་མོས་པ་མཛོད། དེས་ལྷའི་གསུང་གི་རྗེས་གནང་ཐོབ། ཐུགས་ཀྱི་རྗེས་གནང་གི་སླད་དུ་མི་དམིགས་པའི་ངང་ལས་ལྟ་བ་བསྒོམ། སློབ་དཔོན་གྱིས་རོལ་མོ་དཀྲོལ། དེས་ལྷའི་ཐུགས་ཀྱི་རྗེས་གནང་ཐོབ་པ་སོགས་བརྗོད། འཕྲོ་ལ་རྗེས་གནང་མི་བྱེད་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྲུང་དགོས་པར་བཤད་ལ། གཙོ་བོས་ཇི་ལྟར་སོགས་བརྗོད་ལ་དམ་ཚིག་ཁས་ལེན་དུ་གཞུག །གཏང་རག་གི་མཎྜལ་ཕུལ། འགྱུར་ཁྱད་མ་གཏོགས་སཾ་བྷུ་ཊ་གདན་བཞི་སོགས་རྒྱུད་དང་ནག་པོ་པའི་གཞུང་སོགས་རྒྱ་གཞུང་དུ་མ་ནས་བྱུང་བའི་དེང་ནས་བརྩམས་ཏེ་སོགས་བྱ། དགེ་བ་འདི་ཡིས་སོགས་དང༌། ཆོས་ཀྱི་རྒྱལ་པོ་ཙོང་ཁ་བའི། །ཞེས་སོགས་ཀྱི་བསྔོ་བ་དང༌། རྒྱལ་མཚན་རྩེ་མོ་སོགས་ཀྱི་ཤིས་བརྗོད་ཅི་རིགས་བྱའོ། །ཞེས་པ་འདིའང་རྗེ་བཙུན་ཐམས་ཅད་མཁྱེན་པ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་ལས་བྱུང་བའོ། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།