དཔལ་གསང་པ་འདུས་པའི་སྒོ་ནས་མ་ཎིའི་རིལ་བུ་སྒྲུབ་ཚུལ་དགེ་ལེགས་ཆར་འབེབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 21:44:53     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

230054914357945391.jpg 

    པྲ་ན་མ་མྱེ་ཀ་པི་ཏྲ་གུ་རུ་མཉྫུ་གྷོ་ཥཱ་ཡ་ཙ་སྭ་ར་སྭ་སྟྲཻ། ནམ་མཁའི་དབྱིངས་ཀུན་ཏིལ་གང་ལྟར་ཁྱབ་ལྷ་རྫས་བཞིན་བཀྲ་བར། །ལུས་ཕྱོགས་བཅུའི་རྒྱལ་དང་དེ་སྲས་བཅས་བཏུད་ཕུན་ཚོགས་དབུས བདུན་ལྡན་མཛད་པས་མཁའ་ཁྱབ་འགྲོ་འདྲེན་མཛད་ཚེ་རྒྱལ་རྣམས་ཀྱང༌། །གུས་པས་རབ་བཏུད་རྒྱུད་རྒྱལ་གསང་འདུས་མཆོག་གསུམ་ལ་ཕྱག་འཚལ། །རྨད་བྱུང་གསང་པའི་གནད་རྣམས་ཤེས་ཙམ་གྱིས། །མདོ་རྒྱུད་ཀུན་གྱི་གནད་དོན་རྟོགས་འགྱུར་པའི། །རྒྱུད་རྒྱལ་གསལ་མཛད་ཡབ་གཅིག་འཇམ་དབྱངས་ཞབས། །ལྷན་སྐྱེས་བཞིན་དུ་སྙིང་དབུས་རྟག་བཞུགས་གསོལ། །གསང་བ་ཀུན་སྡུད་གསང་བའི་བདག་པོ་དང༌། །ཨིནྟྲ་བྷུ་ཏི་ཀླུ་ཡི་རྣལ་འབྱོར་མ། །མཆོག་བརྙེས་ས་ར་ཧ་དང་ཀླུ་སྒྲུབ་སོགས། །རྒྱ་བོད་མཁས་གྲུབ་མ་ལུས་ཕྱག་གི་ཡུལ། །ཁྱད་པར་རྒྱལ་ཀུན་ཡབ་གཅིག་མི་ཡི་གར། །ལྷུར་མཛད་རྒྱལ་བ་གཉིས་པ་ཡབ་སྲས་དང༌། །རྒྱལ་བ་ཡབ་སྲས་ལ་སོགས་ཟབ་ཆོས་འདིའི། །དབང་ལུང་མན་ངག་འཛིན་རྣམས་ཐུབ་བསྟན་སྲོག །བླ་མེད་རྒྱུད་ལས་གསུངས་པའི་རིལ་བུའི་ལས། །སྒྲུབ་ཚུལ་འཁྲུལ་མེད་རྒྱུད་ཀྱི་དངོས་ཟིན་ལྟར། །འབྲི་ལ་གནས་གསུམ་མཁའ་འགྲོ་སྲུང་མར་བཅས། །བརྩེར་དགོངས་བཟོད་བཞེས་དངོས་གྲུབ་ཆར་དུ་བསྙིལ། །འདིར་རྒྱུད་ཐམས་ཅད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་སྒོས་རིལ་བུ་སྒྲུབ་པ་ལ་ད་ལྟ་མང་པོ་ཞིག་རྒྱུད་དོན་ཤེས་པ་ལྟ་ཅི་རང་གིས་དབང་ཙམ་ཡང་མ་ཐོབ་པར་མ་ཎི་རིལ་སྒྲུབ་ཀྱི་ཆོ་ག་རྩོམ་པ་དང་ཆོ་ག་ཡང་ལྷ་དང་བུམ་པའི་སྐྱེད་ཆོག་མ་དག་པ་དང་འདྲ་བཅོས་དག་བྱེད་པ་ནི་ཤིན་ཏུ་མི་རུང་སྟེ། དེ་ལྟར་བཤད་པའི་མདོ་རྒྱུད་ཀྱི་ཟིན་སོ་མེད་ཅིང༌། སྔགས་སོགས་རྩོམ་པ་ལ་བྱིན་རླབས་ཀྱི་བརྒྱུད་པ་བར་མ་ཆད་པས་སོགས་ཁྱད་པར་དུ་མ་དགོས་པའི་ཕྱིར། དེ་འདྲ་ལ་དགོངས་ནས་རྒྱལ་བ་གོང་མའི་རིལ་སྒྲུབ་ཉུང་གསལ་ལས། གསར་མ་རྒྱུད་འབུམ་གྱི་ནང་ནས་ཀྱང་མ་ཎི་རིལ་སྒྲུབ་ཀྱི་ཁུངས་གསལ་བར་མ་རྙེད་ཅེས་པ་ནས། ཆོས་ལ་དབང་ཟ་བ་ཞེས་སོགས་དང༌། ལྷག་ཏུ་དབང་མ་ཐོབ་པ་དེ་འདྲ་ལ་དགོངས་ནས། དེ་ཉིད་ལས། ཁྱད་པར་མཚན་ཉིད་ཀྱི་གྲ་སར་གསར་རྙིང་ལ་མ་ལྟོས་སོགས་གསུངས་སོ། །འོ་ན་གསུང་འདིེས་མ་ཎི་རིལ་སྒྲུབ་ཀྱི་ཁུངས་མ་རྙེད་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ཤིན་ཏུ་མིན་ཅིང་འདི་ནི་རང་གཞན་གྱི་བླ་མ་འགའ་ཞིག་གི་ཁུངས་དང་མི་མཐུན་པའི་རིལ་སྒྲུབ་ལ་ཟུར་ཟ་བ་ཡིན་གྱི་དེ་ལས་གཞན་དུ་མ་ཡིན་ཏེ། ཐུབ་མི་ཐུབ་སོགས་ཡོད་ཀྱང་ལྷ་སོ་སོའི་སྒོས་རལ་གྲི་རིལ་བུ་སོགས་དངོས་གྲུབ་བརྒྱད་སྒྲུབ་པའི་རྒྱུད་དང་བཤད་རྒྱུན་དང་དེའི་དབང་སོགས་ཡོད་པས་དེ་རུང་མི་རུང་གི་དོགས་པ་མི་དགོས་ཤིང༌། འདིའི་མི་རུང་ལུགས་ཆོས་ལ་དབང་ཟ་བར་གསུངས་པས་ཤེས་སླ་ལ། རྒྱུད་འདི་ལས། བཤང་གཅི་དང་ནི་ཤ་ཆེན་ཞེས་པ་ནས། །སངས་རྒྱས་ཀུན་དང་ལྷན་གཅིག་འཁོད། །ཅེས་པས་བདུད་རྩི་རིལ་བུའི་ཆོ་ག་ཕན་ཡོན་དང་བཅས་པ་བཤད་ཅིང༌། དེའི་གོང་དུ་རྒྱུད་འདི་ཉིད་ལས། ཨོཾ་ནི་རིལ་བུ་ཙ་ན་ཀའི། །སོགས་ཀྱིས་རིགས་གསུམ་གྱི་སྒོས་ཕྱིའི་རྫས་ལ་མ་ལྟོས་པའི་རིལ་བུའི་བསྒྲུབ་པ་བསྟན་ཅིང་ཆོ་ག་འདི་གསལ་ཞིང༌། རྒྱུད་འདིའི་འོག་ཏུ་རྒྱུད་འདི་ཉིད་ལས། བཤང་བ་ཆོ་ག་བཞིན་བླངས་ནས སོགས་ཀྱིས་རིལ་བུའི་སྒྲུབ་པ་བཅུ་ཆོ་ག་དང་བཅས་པ་བཤད་དེ། དེའི་མཆན་འགྲེལ་ལས། རིལ་བུ་བཅུའི་སྒྲུབ་པ་ལ་ནང་ལ་གཞོལ་བས་རང་གི་ལྷའི་ཏིང་ངེ་འཛིན་གཉིས་སྔོན་དུ་བྱ། དེ་ནས་ལས་རྒྱལ་མཆོག་གི་དུས་སུ་རིལ་བུའི་རྒྱུ་བཅུ་དགུ་དང་རིལ་བུ་སྲན་མ་ཙམ་བྱས་ཏེ། ཞེས་གསུངས་པའི་སྒྲུབ་པའི་སྔགས་ཡི་གེ་གསུམ་ཡིན་ལ་སྔགས་ལ་གཞོལ་བའི་རང་གི་ལྷའི་སྔགས་ཀྱིས་རིལ་བུ་ཆོ་ག་སྔར་ལྟར་བསྐྱེད་ནས་སྒྲུབ་པ་ཡང་རྒྱུད་རེ་རེ་ན་ཡང་མང་པོར་བཤད་པ་ཡོད་དེ། ཁྲ་སྦྱོར་ལས། ཡང་ན་རིལ་བུ་བྱ་བར་འདོད་པས། ཞེས་པ་ནས། བདེ་བར་གཤེགས་པའི་གདུང་གི་དངོས་པོའི་རིལ་བུ་ཉི་མ་.....ཟངས་དང་ཟླ་བ་.....དངུལ་དང་མེའི་.....གསེར་ནང་དུ་སོང་བར་སོ་སོར་བཀྲ་ཤིས་པ་རྒྱལ་ལ་སྒྲུབ་ཅིང་རང་འདོད་པའི་ལྷའི་སྔགས་གྱི་བཟླས་པས་འགྲུབ་པར་འགྱུར་ཏེ ཞེས་གསུངས་པ་ལྟ་བུ་ཤིན་ཏུ་མང་བའི་ཕྱིར། སྒྲུབ་པ་པོ་རྟེན་ཡང་ལས་སོ་སོ་ལ་ཁ་དོག་སོ་སོ་དང་གཙོ་བོ་འཕོ་ཚུལ་མང་བ་ལྟར་གྱི་དབང་ངམ་རྗེས་གནང་རེ་མི་དགོས་ཀྱང༌། འདིར་འདུས་པའི་དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་དང་ལྡན་ན་སེམས་རྩེ་གཅིག་པ་མ་ཐོབ་པས་ཀྱང་སྒྲུབ་ན་དངོས་གྲུབ་ཆ་འདྲ་འབྱུང་བ་ནི། རྩ་རྒྱུད་ལས། རྩེ་གཅིག་མ་གྱུར་པ་ཡིས་ཀྱང༌། །ཞེས་པ་དང༌། དེའི་འགྲེལ་པར་བཤད་པས། དེ་དག་དང་ལྡན་པས་གནས་དགོན་པ་ཆེན་པོ་ལ་སོགས་པ་མེ་ཏོག་དང་འབྲས་བུ་སོགས་ཀྱིས་བརྒྱན་པའི་གནས་སུ། རབ་མན་ངག་ལྟར་གྱི་བྲིས་འབུར་གྱི་རྟེན་གྱི་དྲུང་དུ་སྟེགས་སོགས་ཕུན་སུམ་ཚོགས་པར་སྐྱང་ནུལ་དང་མེ་ཏོག་བཀྲམ་པར། སྣོད་ཐོད་པའམ། རིན་པོ་ཆེའི་ཕོར་བའམ། ལྷུང་བཟེད་དམ། བཀྲ་ཤིས་པའི་སྣོད་དུ་གསེར་སོགས་ལས་གྲུབ་པའི་བུམ་པ་ཆེ་ལེགས་རྣམས་གྲིབ་ཅན་མིན་པར། རྫོགས་པའི་སངས་རྒྱས་ཀྱི་གདུང་ཤཱ་རི་རམ་དང༌། ཐེག་གསུམ་འཕགས་པའི་གདུང་དང་བྱིན་རྟེན་དང༌། གྲུབ་ཐོབ་བརྒྱད་ཅུ་དང་རྒྱན་དྲུག་སོགས་ཀྱི་དང༌། ཆོས་རྒྱལ་མེས་དབོན་དང༌། རྒྱ་བོད་ཀྱི་བྱིན་རྟེན་དང༌། རྗེ་ཡབ་སྲས་དང་རྒྱལ་བ་ཡབ་སྲས་ཀྱི་སྐུ་བལ་སོགས་ཀྱི་བྱིན་རྟེན་སོགས་སེལ་མེད་གཙང་རིགས་གང་ཚོགས་དང༌། སྙིང་པོ་ལྔ་སོགས་ཉེར་ལྔ་བག་ཕྱེ་གཙང་ལེགས་སམ། ཅོང་ཞིར་སྦྱར་བའི་ཉམས་པ་སོགས་མིན་པའི་དམ་ལྡན་གྱི་སྔགས་པས་མངོན་རྟོགས་བཟླས་པ་དང་བཅས་ཏེ་བཟླས་བཞིན་པའི་རིལ་བུ་སྲན་མ་ཙམ་གྲངས་ཅི་ཙམ་དགོས་པ་བྱས་ཏེ་ལེགས་པར་བསྐམས་པ་སྣོད་དེ་དག་ལ་བསངས་སྦྱངས་བདུག་གསུམ་བྱས་པར་བླུགས་ཏེ་ཕྱག་ལེན་ལྟར་བཀོད་པའི་མཐར་མཆོད་པས་བསྐོར་ཏེ། སྔོན་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་རིགས་དྲུག་པ་སྤྱི་ཁྱབ་བམ། ལོ་ཀི་ཤྭ་རས་གཙོ་བོ་བྱས་པའི་མངོན་རྟོགས་ལྔ་བསྐྱེད་རྒྱས་བསྡུས་གང་རུང་ངམ། རྫོགས་པའི་རྣལ་འབྱོར་གྱི་མངོན་རྟོགས་བཟླས་སོགས་གྲུབ་ནས། མདུན་བསྐྱེད་ཀྱི་རྟེན་རིལ་བུ་འཇིག་རྟེན་དབང་ཕྱུག་གཙོ་བོར་བྱས་པའི་ལྷ་བཅུ་དགུའམ་སོ་གཉིས་སུ་བསྐྱེད་པའམ། ཤིན་ཏུ་བསྡུས་ན་རིལ་བུ་རེ་རེ་ནས་འཇིག་རྟེན་དབང་ཕྱུག་ཡབ་ཡུམ་ཙམ་དུ་བསྐྱེད་སོགས་བྱས་ནས་ཉེ་སྙིང་དང་སྙིང་པོ་དང༌གཟུངས་སྔགས་མ་ཎི་ལྟ་བུ་འདོན་པ་ཡིན་པས། དེའི་ཚུལ་ཚོགས་ཞིང་གི་རྟེན་མཆོད་མཁན་ཡང་སོ་གཉིས་དང༌། མཆོད་ཡུལ་གྱི་དཀྱིལ་འཁོར་སོ་གཉིས་ཡོད་ཅིང༌། སྲུང་འཁོར་གྱི་གཙོ་བོ་ལེའུ་དང་པོ་ལྟར་ན་རྡོ་རྗེ་འཆང་དང༌། རྩ་རྒྱུད་བཅུ་གསུམ་པ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེའམ། །རང་སྔགས་དོན་གྱི་ཡོན་ཏན་ནམ། །ཡང་ན་གཙུག་ཏོར་དམ་ཚིག་གིས། །བཀའ་ཡི་འཁོར་ལོར་སྦྱར་བར་བྱ། །ཞེས་གསུངས་པས་ལྷ་སོ་གསུམ་ལས་རིགས་དྲུག་དང་ཡུམ་བཞིས་དེ་བྱས་ཚེ་ཞེ་སྡང་རྡོ་རྗེར་བསྒྱུར་ནས་ཁྲོ་བོ་བཅུ་ལ་བཀའ་བསྒོ་ལ། སེམས་དཔའ་བརྒྱད་དང་རྡོ་རྗེ་མ་ལྔ་རྣམས་ཀྱིས་དེ་བྱས་ཚེ་ཞེ་སྡང་རྡོ་རྗེའམ། རང་རིགས་ཀྱི་ཁྲོ་བོའམ་གཙུག་ཏོར་འཁོར་ལོས་སྒྱུར་བ་གསུམ་གང་རུང་དུ་བསྒྱུར་ནས་བཀའ་བསྒོ་བྱེད་པར་བཤད་ཅིང༌། ལྷག་མོས་ཀྱི་གཙོ་བོ་མི་འཕོ་ལ་མངོན་བྱང་ལྔ་སྐྱེད་ཀྱི་བསྙེན་དུས་ཀྱི་མངོན་བྱང་དང་པོ་ལ་ཁྱད་མེད་ཀྱང༌། ཕྱག་མཚན་ལ་དང་པོའི་མགོན་པོའི་རྡོ་རྗེ་དཀར་པོ་རྩེ་ལྔ་ནས། གནོད་མཛེས་ལ་རྡོ་རྗེ་སྔོན་པོ་རྩེ་ལྔའི་བར་སོ་གསུམ་ཡོད་ཅིང༌། དེ་ལས་མི་བསྐྱོད་པ་ནས་གནོད་མཛེས་བར་གྱི་སྤྲུལ་སྐུར་སྐྱེད་པའི་ལུས་ལ་ལྷ་སོ་གཉིས་ཡོངས་གྲགས་ལྟར་བཀོད་པ་དང་སྐུ་གསུང་ཐུགས་བྱིན་རླབས་གཉིས་ལ་མི་འདྲ་བ་མེད་ཅིང༌། རྡོ་རྗེ་འཆང་དང་མི་བསྐྱོད་པ་གཉིས་གང་རུང་མ་ཡིན་པའི་རྒྱལ་བས་གཙོ་བོ་བྱས་ཚེ་མི་བསྐྱོད་པ་དེའི་གནས་ལ་འཕོ་བ་ནི། སྙིམ་པའི་མེ་ཏོག་ལས། གལ་ཏེ་རྒྱལ་གཞན་དབུས་མར་གྱུར། །དེ་ཡི་གནས་ལ་མི་བསྐྱོད་འགྱུར། །ཞེས་གསུངས་ལ། གཙོ་བོ་འཕོས་ཚེ་ཡང་ལས་རྒྱལ་གྱི་གཙོ་བོ་དང་དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོ་འཕོ་ཚུལ་མི་འདྲ་སྟེ། རྒྱལ་བ་དྲུག་ལས་གཞན་པས་གཙོ་བོ་བྱས་ཚེ་ལྷ་དེ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་ཆ་སོ་གཉིས་ལས་རྒྱལ་བ་རིགས་ལྔ་གང་རུང་གིས་གཙོ་བོ་བྱས་པའི་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་སོ་གཉིས་དགོས་པའི་ཕྱིར། དེ་མ་བསྐྱེད་ན་རྒྱལ་བ་གཅིག་གིས་དུག་ལྔ་གང་རུང་ཅིག་སྦྱོང་བའི་མཛད་པ་ཆད་ཅིང་བྱང་སེམས་སོགས་གཞན་གྱི་ལྷག་པ་གཉིས་མཛད་པར་འགྱུར་པའི་ཕྱིར། དཔེར་ན་མངོན་བྱང་ལྔས་འཇིག་རྟེན་དབང་ཕྱུག་བསྐྱེད་པའི་ལུས་ལ་ལྷ་སོ་གཉིས་དང་ཡུམ་དྲི་རྡོ་རྗེ་མའི་ལུས་ཀྱི་ལྷ་བཀོད་པའི་སྙོམས་འཇུག་གི་ཐིག་ལེ་ཆ་སོ་གཉིས་ལས་འོད་དཔག་མེད་གཙོ་བོར་བྱས་པའི་ལྷ་སོ་གཉིས་བསྐྱེད་དེ་ཨ་རོ་ལིཀ་གིས་ཕྱུང༌། མཛད་པ་མཛད་ནས་འཇིག་རྟེན་དབང་ཕྱུག་གི་རིགས་བདག་གམ། འཇིག་རྟེན་དབང་ཕྱུག་ལ་བསྟིམ། འཁོར་གྱི་འཇིག་རྟེན་དབང་ཕྱུག་ཕྱུང༌། ནུབ་སྒོའི་གཡས་སུ་འགོད་དགོས་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། སྙིམ་ཏོག་ལས། གང་ཚེ་འཁོར་གཙོ་སངས་རྒྱས་གྱུར། །ཕྱུང་བ་དེར་ནི་བསྟིམ་པར་བྱ། །བྱང་ཆུབ་སེམས་དཔའི་འཁོར་གཙོར་གྱུར། །དེ་ཡི་རིགས་བདག་བསྟིམ་པར་བྱ། །ཞེས་གསུངས་པའི་ཕྱིར་དང་། དཔལ་ལྷ་གཅིག་གིས་ཀྱང་འོད་དཔག་མེད་དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོར་མཛད་དོ།

    ཡང་སྙིམ་ཏོག་ལས། རྒྱལ་བ་ལས་གཞན་དཀྱིལ་འཁོར་བ། །གལ་ཏེ་འཁོར་ལོའི་གཙོ་བོར་བྱེད། །དབུས་མ་དེ་ཡང་གཞན་དེ་ཉིད། །རང་གནས་སུ་ཡང་གཞན་ཉིད་ཡིན། །ཞེས་གསུངས་བ་ལྟར་ཕྱི་དཀྱིལ་ལ་རྒྱལ་བ་གང་གིས་གཙོ་བོ་བྱས་ཚེ་དེའི་གནས་སུ་རྒྱལ་བ་གཞན་འགོད་པ་ལྟར་དཀྱིལ་འཁོར་རྒྱལ་མཆོག་ལའང་ཡིན་ལ། སེམས་དཔའ་བརྒྱད་རྡོ་རྗེ་མ་ལྔ་ཁྲོ་བོ་བཅུས་གཙོ་བོ་བྱས་ན་དབུས་དང་རང་གནས་གཉིས་ཀར་ལྷ་དེ་གཉིས་དགོས་ལ། འདི་ལ་དངོས་སུ་རྒྱལ་བ་བཞི་དང༌། སེམས་པ་རྡོ་རྗེ་མ་ཁྲོ་བོ་གང་རུང་ཅིག་ལ་གཉིས་ཡོངས་པ་སོགས་ཤེས་དགོས་ལ། གཙོ་བོ་འཕོ་བ་འདི་ཡང་ཤནྟི་བ་གཅིག་པུ་མིན་པར་རྒྱུད་འདི་སོགས་རྒྱུད་སྡེ་དུ་མ་དང༌། པཎ་གྲུབ་དུ་མའི་དགོངས་པར་གསན་ཡིག་གངྒཱའི་ཆུ་རྒྱུན་ལྟར་ཡིན་ཏེ། རྒྱུད་འདིའི་བཅུ་དྲུག་པ་ལས། རྡོ་རྗེ་འཛིན་སོགས་གང་ཡིན་པ། །དེ་ཡི་དཀྱིལ་འཁོར་གནས་སུ་འགྱུར། །ཞེས་དང༌། མངོན་བརྗོད་ལས་ཀྱང༌། འཁོར་ལོ་ལྔ་བོ་སོ་སོ་ཡི། །ཆོ་གས་དབྱེ་བས་བསྒོམ་བྱ་སྟེ། །སོགས་དང༌། དེ་ཉིད་ལས། ཇི་ལྟར་རྡོ་རྗེ་ཧེ་རུ་ཀ །དེ་བཞིན་ལྷ་མོ་དབུས་སུ་སྟེ། །ཞེས་སོགས་ཀྱིས་གཙོ་བོ་འཕོ་བ་དང༌། དེར་ནི་དཔའ་བོ་འཁོར་ལོ་རྣམས། །འཁྱུད་པའི་ཕྱག་རྒྱར་སྒོམ་བྱ་སྟེ། །སོགས་ཀྱིས་ཡབ་ཡུམ་ཁ་སྦྱོར་དགོས་མི་དགོས་སོགས་ཀྱི་ཁྱད་པར་དང༌། དེ་ཉིད་ལས། །མིང་གིས་དབྱེ་བས་དབྱེ་བ་ཡིས། །མཁའ་འགྲོའི་སྒྲ་ནི་རབ་ཏུ་སྦྱར། །ཞེས་པས་དབུས་སུ་གང་སོང་བ་དེའི་དཀྱིལ་འཁོར་དུ་མིང་འདོགས་པ་དང༌། ཡང་དེ་ཉིད་ཀྱི་ཉེར་གསུམ་པ་ལས། ཇི་ལྟར་འདོད་བཞིན་བསྒོམས་ནས་ནི། །དབུས་ཀྱི་གཙོ་བོ་རྣམ་པར་བརྟགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་འམ། །ཁྲོ་བོ་སྣ་ཚོགས་དུ་མའམ། །ཁ་ཅིག་དེ་བཞིན་གཤེགས་པའམ། །མ་མོའི་རིགས་ཀྱི་ཁྱད་པར་དང༌། །འོད་ཟེར་ཅན་དང་སྐུལ་བྱེད་མ། །ཤེས་རབ་ཕ་རོལ་ཕྱིན་དེ་བཞིན། །ཞེས་པས་སངས་རྒྱས་ཡབ་ཡུམ་བཅུ་དང༌། སེམས་དཔའ་སེམས་མ་ཉེར་བཞི། ཁྲོ་བོ་བརྒྱད་འོད་ཟེར་ཅན་དང་སྐུལ་བྱེད་མ་དང༌། ཤེར་ཕྱིན་མ་སོགས་ཀྱིས་གཙོ་བོ་བྱས་ཚུལ་སོགས་བཤད་པ་ལྟར་བདེ་དགྱེས་ཀྱི་རྒྱུད་དུ་མ་དང༌། དུས་འཁོར་ལས་ཀྱང༌། སྒྲུབ་ལེའི་ཚིགས་བཅད་བརྒྱ་སོ་བདུན་བར་ལས་སོ་སོ་སྒྲུབ་པ་ལ་གཙོ་བོ་ནས་དུར་ཁྲོད་ཀྱི་མཐར་ཐུག་པའི་ལྷ་རེ་རེའི་དཀྱིལ་འཁོར་དུ་འགྱུར་བར་བཤད་ཅིང༌། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚད་སོ་སོ་བ་སོགས་བཤད་པའི་ཕྱིར། འདི་ལ་འཁྲུལ་པ་ཕྲ་མོ་ཙམ་ཡང་མེད་ལ། རྒྱུད་སྡེ་དུ་མའི་དགོངས་པ་ཡང་ཡིན་པས། འདི་ལྟར། རང་ཉིད་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡོན་གྱི་དང་པོས་དྲིལ་བུ་དང་བཅས་པས་པདྨ་དམར་པོའི་རྩ་བ་དཀུར་བརྟེན་ནས་འཛིན་ཅིང༌། གཡས་ཀྱི་དང་པོས་ཐུགས་ཀར་པདྨ་ཁ་འབྱེད་པར་མཛད་པ། ལྷག་མ་གཡས་རྡོ་རྗེ་འཁོར་ལོ། གཡོན་རིན་ཆེན་རལ་གྲི་འཛིན་པ། རང་འདྲའི་དྲི་རྡོ་རྗེ་མ་ལ་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་གྱི་བརྒྱད་ནས། གྱུར། རྡོ་དྲིལ་བྱིན་རླབས་བྱེད་ན། རྡོ་རྗེ་ནི་ནས། ཨོཾ་ཨཱཿཧཱུཾ་ལན་བདུན། སྔོན་འགྲོའི་མཆོད་པ་བྱིན་རླབས་ནི། ཨོཾ་ཨཱཿབི་གྷྣན་ཏཀྲྀཏ་ཧཱུཾ། ནས། ཤཔྟ་ཨཱཿཧཱུཾ། སྔོན་འགྲོའི་གཏོར་མ་ནང་མཆོད་ལྟར་བརླབས་ཏེ། རང་གི་ཐུགས་ཀའི་ས་བོན་དམར་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཕྱོགས་སྐྱོང་འཁོར་དང་ནས། སྦུ་གུ་ཅན་རྣམས་སུ་གྱུར། ཨོཾ་ཨཱཿཧྲཱིཿནས། རང་གནས་སུ་གཤེགས་པར་གྱུར། བདག་བསྐྱེད་མཆོད་པ། ཨོཾ་ཨཱཿནས། སྥརྴ་ཨཱཿཧཱུཾ། རྡོར་སེམས་བསྒོམ་བཟླས་འདྲ། རང་ཉིད་འཇིག་རྟེན་དབང་ཕྱུག་ཏུ་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་ཨོཾ་དང་ཧྲཱིཿགང་རུང་དམར་པོ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱི་བླ་མ་དང་གཉིས་སུ་མེད་པའི་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་སྤྱན་དྲངས། ནས། རང་གནས་སུ་གཤེགས་པར་གྱུར། ཨོཾ་སྭ་བྷཱ་ཝ། ནས། ཨོཾ་ཨཱཿཧཱུཾ་གི་བར་འདྲ་བ་ཡང་རུང༌། ཡང་ན་ཐོག་མ་ནས་གཙུག་ཏོར་འཁོར་བསྒྱུར་བྱ་སྟེ་གོ་སླ། མངོན་རྟོགས་དངོས་གཞི། དངོས་པོ་མེད་པ་ནས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནས། གཙོ་བོ་ཡང་རིམ་གྱིས་འོད་གསལ་དུ་ཐིམ་པར་གྱུར། ཨོཾ་ཤཱུནྱ་ཏ། ནས། ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ནས་རིགས་ལྔ་འཁོར་དང་བཅས་པ་དཔག་ཏུ་མེད་པ་སྤྱན་དྲངས། །དེ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ། ཨོཾ་ཨཱཿཧཱུཾ་གིས་མཚན་པ། པདྨ་ཨཏྨ་ཀོ྅་ཧཾ། པདྨ་ཡི་གེ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་པོ་དམར་ནག་དཀར་པོའི་ཞལ་གསུམ། ནས། གཡོན་རིན་ཆེན་རལ་གྲི་འཛིན་པ། རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། རང་གི་ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་བཞི་ནི། ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྲ་ཀོ྅་ཧཾ། རང་དམ་ཚིག་སེམས་དཔའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་དམར་པོ་ཞལ་གཅིག་ཕྱག་གཉིས་པ་པདྨ་འཛིན་པས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། དེའི་ཐུགས་ཀར་ཟླ་བའི་གདན་ལ་པདྨའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཨོཾ་ཡིག་དམར་པོ་རྟག་ཏུ་འཆར་པ། མར་མེ་ཆེན་པོ་ལྟ་བུ་མི་ཤེས་པའི་མུན་པ་འཇོམས་པའི་དོན་དུ་སྣང་བའི་ཕུང་པོ་ཆེན་པོར་གྱུར། དམ་ཚིག་སེམས་དཔའི་རལ་བའི་ཅོད་པཎ་ལ། ནས། ཚིམ་པར་བྱེད་པར་གྱུར། རིགས་བདག་གཙོ་བོ་འཕོས་ཀྱང༌ལྷ་ཐམས་ཅད་ལ་དངོས་གྲུབ་མྱུར་པའི་མན་ངག་ཏུ་འདི་ལྟར་མཛད་པ་རྒྱུད་དང་སྲད་རྡོ་རྗེ་འཆང་གི་སྙན་རྒྱུད་དོ། །རང་གི་སྙིང་ཀ་ནས་རང་རིགས་ཀྱི་རིག་མ་ཕྱུང༌། ཨོཾ་ཤཱུ་ནྱ་ཏ། ནས། སྟོང་པའི་ངང་ལས་པཾ་ལས་དྲིའི་དུང་ཆོས་བཾ་གྱིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། དྲི་རྡོ་རྗེ་མ་ནས། དགའ་བས་རོལ་པ། དེའི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི། ནས། ཀོ྅་ཧཾ། མདོར་བསྡུས་ཚེ་འདི་ཙམ་གྱིས་ཆོག །དཀྱིལ་འཁོར་རྒྱལ་མཆོག་སྔར་བཤད་པ་ལྟར་སྐྱེད་འདོད་ན་བྱའོ། །དེ་ནས་ཕྲ་ཐིག་དང་བཟླས་པ་བྱ་སྟེ། སྔགས་ནི་གཞན་གཙོ་བོའི་སྔགས་ནི། མཉམ་མེད་ཇོ་བོའི་འཇིག་རྟེན་དབང་ཕྱུག་སྒྲུབ་ཐབས་ལས། དེ་བསྒོམས་པས་སྐྱོ་ན་ཡི་གེ་དགུ་པོ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་.....ཨོཾ་མམ་ཧྲཱིཿ བོན་ཡོངས་སུ་བསྐོར་ཏེ་གནས་པ་བཟླས་བརྗོད་བྱའོ། །ཨོཾ་ཨཱཿཨོཾ་མ་ཎི་པདྨེ་ཧཱུཾ་ཧཱུཾ་ཞེས་བྱ་བའི་སྔགས་བཟླས་ཤིང༌། ཞེས་གསུངས་པ་ནི་རྒྱུད་དང་པཎ་གྲུབ་སྔ་མའི་མན་ངག་གནད་ཅན་དུ་སྣང་ལ། བཟླས་པ་བྱེད་ཚེ་ཡང་རྡོ་རྗེ་གསུམ་གྱི་ལྷ་དང་ཡེ་ཤེས་སེམས་དཔའ་སོགས། དབུགས་ཀྱི་རྒྱུ་བ་དང་མཉམ་དུ་དཀྱིལ་འཁོར་གྱི་ལྷའི་ཚོགས་སྤྲོ་བསྡུ་མཛད་པ་ཡིན་ཏེ། སྒྲུབ་ཐབས་དེ་ཉིད་ལས། དེ་རེ་རེ་ཞིང་འབྱིན་པ་དང་འཇུག་པའི་རླུང་གིས་རིམ་གྱིས་སམ། གཅིག་ཆར་སྤྲོ་བ་དང་བསྡུ་བ་བྱ་ཞིང་མྱུར་བ་དང་དལ་ཆོས་པའི་ཉེས་པ་དང་བྲལ་བར་སྔགས་ཀྱི་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པས་གསང་སྔགས་ཡི་གེ་དགུ་པོ་བཟླ་བར་བྱ་སྟེ། འདི་ནི་བཟླས་པའི་ཆོ་གའོ། ཞེས་གསུངས་པས་པདྨའི་སྙིང་པོའམ། བོ་དྷི་ཙ་སོགས་ཀྱི་ཕྲེང་བ་མན་ངག་ལྟར་བྱས་པར་སྔགས་རྣམས་གསུངས་པ་བཞིན་དུ་ཡིད་མ་ཡེངས་པར་འདོན་པ་མན་ངག་དམ་པའོ། །བཟླས་པས་སྐྱོ་ན་ཡིག་བརྒྱ་བཟླས་ཏེ་བརྟན་པར་བྱས་ཏེ། བསྟོད་པ་ནི། ཇོ་བོའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ལྟར། རྡོ་རྗེ་མི་འཆི་རྒྱལ་པོ་ཆེ །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེས་གསུང་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །ནས། རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །མི་བསྐྱོད་རྡོ་རྗེ། ནས། རྡོ་རྗེ་དབྱིངས་ལ་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ།། དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཞེས་འཁོར་རྣམས་སྤྲོས་ནས་བསྟོད་པར་བསམ། དེ་ནས་མཆོད་པའིི་ལྷ་མོ་སྤྲོས་ནས་མཆོད་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ། ཞེས་པའི་ཨརྒྷཾ་གནས་སུ། པཱདྱཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་ཏྲ། རཱུ་པ། ཤཔྟ། གནྔྷེ། ར་ས། སྥརྴ་རྣམས་བཅུག་སྟེ་ཕུལ། ནང་མཆོད་ལ། ལྕེ་ལག་བྱིན་གྱིས་བརླབས་ཏེ། མཆོད་དོ་ནས། རྗེ་རིན་པོ་ཆེ་ཡན་དཀྱུས་དང༌། དེ་ནས་བརྒྱུད་པ་སོ་སོ་ལྟར་དབུལ། ཨོཾ་ལོ་ཀེ་ཤྭ་རི་ཨོཾ་ཨཱཿཧཱུཾ། གནྔྷེ་བཛྲ་ཨོཾ་ཨཱཿཧཱུཾ། ཛི་ན་ཛིཀ་ཨོཾ་ཨཱཿཧཱུཾ། ནས། སུམ་བྷ་རཱ་ཛ་ཨོཾ་ཨཱཿཧཱུཾ། གཞན་ཡང་རྒྱུད་སྡེ་༝། །སྔོན་སངས་རྒྱས་མཐོང་བ་༝། །ཡུལ་༝། །གཞི་བདག་༝། །ཨོཾ་བཛྲ་ཨ་མྲྀཏ་༝། ཧཾ། རང་གི་གསང་གནས་ནས། དགྱེས་པར་གྱུར། སོགས་བདག་སྐྱེད་དང་སྦྱོར་ཙམ་བྱས་ལ་མདུན་སྐྱེད་རིལ་བུ་ནི་བྲེལ་ཚེའམ། བསྡུས་པ་བྱེད་ན་རྫོགས་འཕྲེང་ལྟར་ལྷ་སྐད་ཅིག་དཀྲོང་སྐྱེད་དང༌། ཤིན་ཏུ་བསྡུས་ན་འཇིག་རྟེན་དབང་ཕྱུག་ཡབ་ཡུམ་ཙམ་དུ་བསྐྱེད་ལ། མཆོད་བསྟོད་བཟླས་བརྗོད་བྱས་ནའང༌། ཤིན་ཏུ་རུང་ཡང་ལྷ་མང་པོར་དངོས་སུ་དམིགས་པ་བྱིན་རླབས་ཆེ་ཞིང་ཆོ་ག་ཡང་དཀའ་བས་རྒྱས་པའི་ལུགས་བྱེད་ན། མདུན་སྐྱེད་རིལ་བུ་སྣོད་བཅས་བིགྷན་གྱིས་བསངས། ཤཱུནྱ་ཏས་སྦྱངས། ལྷུང་བཟེད་ཡིན་ན། ཨོཾ་ལས་རིན་པོ་ཆེའི་སྣོད་དང༌། ཐོད་པ་ཡིན་ན་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་དང༌། བུམ་པ་ཡིན་ན། བཾ་ལས་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་རིལ་བུ་རྣམས་མི་དམིགས་པར་སྟོང་པར་གྱུར་པར་བསམ་ལ། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེ་ས་གཞི་རྭ་བ་གུར་བླ་བྲེ་མེ་རི་དང་བཅས་པའི་དབུས་སུ། རིལ་བུ་རེ་རེ་ནས་སྣ་ཚོགས་པདྨའི་གདན་སོ་གཉིས་དང༌། དེའི་སྟེང་དུ་ཐུན་མོང་མ་ཡིན་པའི་གདན་སུམ་ཅུ་སོ་གཉིས་དེ་རྣམས་ཀྱི་སྟེང་དུ། ཨོཾ་ཨཱཿཨོཾ་ཧཱུཾ། ཨོཾ་ཨཱཿབཾ་ཧཱུཾ། ཨོཾ་ཨཱཿཨོཾ་ཧཱུཾ། ཨོཾ་ཨཱཿསྭཧཱུཾ། ཨོཾ་ཨཱཿཧཱུཾ་ཧཱུཾ། ནས། ཨོཾ་ཨཱཿཧཱུཾ་ཧཱུཾ་བཅུ་རྣམས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། པདྨ་དྲིའི་དུང་ཆོས། འཁོར་ལོ། རིན་པོ་ཆེ། རྡོ་རྗེ། རལ་གྲི། ནས། རྡོ་རྗེ་དང་རྡོ་རྗེ་དེ་རྣམས་ཡོངས་སུ་གྱུར་པ་ལས། ལྷ་སོ་གཉིས་སུ་གྱུར་པ་ནི། འཇིག་རྟེན་དབང་ཕྱུག་དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། དམར་ནག་དཀར་བའི་ཞལ་གསུམ་༝ ཡུམ་དྲི་རྡོ་རྗེ་མ་དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན་དམར་ནག་དཀར་བའི་༝ རྩ་ཕྱག་གཉིས་ཀྱིས་དྲིའི་དུང་ཆོས་འཛིན་ཅིང༌། ལྷག་མ་གཡས་རྡོ་རྗེ་འཁོར་ལོ། གཡོན་རིན་ཆེན་རལ་གྲི་འཛིན་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་ཞེས་པ་ནས། རྣམ་སྣང་དཀར་པོ་མི་བསྐྱོད་པའི་༝ རིན་འབྱུང་སེར་པོ་༝ མི་བསྐྱོད་པ་སྔོན་པོ་༝ དོན་གྲུབ་ལྗང་ཀུ་༝ སྤྱན་མ་དཀར་མོ་༝ མཱ་མ་ཀི་སྔོན་མོ་༝ གོས་དཀར་མོ་༝ སྒྲོལ་མ་༝ གཟུགས་རྡོ་རྗེ་མ་༝ སྒྲ་རྡོ་རྗེ་མ་སེར་མོ་༝ རེག་བྱ་རྡོ་རྗེ་མ་སྔོན་མོ་༝ རོ་རྡོ་རྗེ་མ་༝ ལྷ་མོ་བརྒྱད་པོ་༝ དགའ་བས་རོལ་བ་འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་རང་རང་གི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། བྱམས་པ་དང༌། ས་སྙེད་དཀར་པོ་རྣམ་སྣང་གི་ནས། གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་གྱུར། ཡེ་ཤེས་པ་བསྐུལ་བ་འདིར་དངོས་གྲུབ་སྒྲུབ་པ་ལ་གཙོ་བོར་བསྔགས་ཤིང༌། དབང་སོགས་ལ་ཞིབ་ཆ་ཡོད་པ་ཤེས་དགོས་པས་འདི་ལྟར། དེ་རྣམས་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་རེ་རེ། ཡེ་ཤེས་སེམས་དཔའ་དེ་རྣམས་ཀྱི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཨོཾ་བཾ་ཨོཾ་ཨ་སྭཱ་ཧཱུཾ་ལ་སོགས་པ་འོད་ཟེར་གྱི་ཕུང་པོ་ཆེན་པོ་དང་བཅས་པར་གྱུར། དེ་རྣམས་ཀྱི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པ་རྣམས་གཅིག་ཏུ་གྱུར་པས་ཡེ་ཤེས་པ་སེམས་དཔའ་སུམ་བརྩེགས་ཅན་རྣམས་ཀྱི་ཐུགས་ཀར་བཏབ་སྟེ། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་བསྐུལ་བའི་འོག་ཏུ་རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་གནོད་མཛེས་བཀུག་ནས་མདུན་དུ་བཀའ་ནོད་པ་ལ་རྒྱལ་བ་རྣམས་སྒྲུབ་རྫས་འདི་ལ་དངོས་གྲུབ་ཆེད་དུ་འབྱོན་བར་བསྐུལ་ཅིག་ཅེས་བཀའ་བསྒོས་པས་དེས་ཀྱང་རང་རང་དང་འདྲ་བའི་ཡེ་ཤེས་པ་རྣམས་སྤྱན་དྲངས་ཤིང༌། དེ་རྣམས་ཀྱང་རང་རང་དང་འདྲ་བའི་དམ་ཚིག་པ་སོ་སོ་ལ་ཐིམ་པར་གྱུར། ཨེ་ཧྱེ་ཧི་ནས། སྭཱཧཱ། ལན་གསུམ། རང་གི་ཐུགས་ཀའི། ནས། གཉིས་སུ་མེད་པར་གྱུར། ལྷ་སོ་སོའི་རིགས་བདག་དབང་བསྐུར་བར་གྱུར། ཨོཾ་ཨཱ་བིགྷྣནྟ་ཀྲྀཏ་ནས། སྤརྴ་ཨཱཿཧཱུཾ། དག་ཅིང་དྲི་མེད་ནས། བྲོ་ཀྛ་ནཾ་བྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ལྷ་ཡི་མེ་ཏོག །ནས། བཞེས་ཤིག །ཨོཾ་སརྦ་ཏི་ཐཱ་ག་ཏ་པུཥྤེ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། སོགས་ཀྱིས་ཉེར་སྤྱོད་རོལ་མོ་དང་བཅས། རིན་ཆེན་དབང་གི་རྒྱལ་པོ། སོགས་ཀྱིས་འདོད་ཡོན་ལྔ་དང༌། ཞིང་འདི་རིན་ཆེན་སོགས་ཀྱིས་རྒྱལ་སྲིད་སྣ་བདུན་དང༌། ལོ་ཀེ་ཤྭ་རི་ཨོཾ་ཨཱཿཧཱུཾ་སོགས་ཀྱིས་ནང་མཆོད། བདུད་རྩི་ལྔའི་སོགས་སྤྲོན་བྱ། དེ་ནས། རྡོ་རྗེ་དཔག་མེད་རྒྱལ་བོ་ཆེ། སོགས་དང༌། གང་ཞིག་གཟུགས་དང་སོགས་ཀྱིས་བསྟོད་ལ་དེ་ནས་རིལ་སྒྲུབ་ཉུང་གསལ་གྱི་ནང་ལྟར་ཟླ་གྲགས་ཀྱི་བསྟོད་པས་ཀྱང་བསྟོད་ལ། རིལ་སྒྲུབ་ཉུང་གསལ་ལས། རྒྱལ་བའི་སྲས་པོ་འཕགས་མཆོག་སྤྱན་རས་གཟིགས། །ནས། རོ་གཅིག་གྱུར། །ཞེས་པས་བསྐུལ་ལ་མན་ངག་ལྟར་བདག་མདུན་གྱི་འོད་ཟེར་སྤྲོ་བསྡུས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་རྒྱུད་བསྐུལ་བས་ཐུགས་རྗེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་བས་ཐིམ་པར་ཡང་ཡང་བསྒོམ་ལ་ཡི་གེ་གསུམ་དང༌། ཡི་གེ་བཞི་དང༌། ཇོ་བོའི་གསུང་ལྟར་ཡི་གེ་དགུ་བ་སོགས་ལ་ནུས་པ་འདོན། ཐུན་མཐར་ཡིག་བརྒྱས་བརྟན་པར་བྱས་ལ་མཆོད་བསྟོད་བྱས། མདོ་ཆོག་གི་འཕགས་པ་ཐུགས་རྗེ་ཆེན་པོ་སོགས་ཀྱིས་སྨོན་ལམ་དང་ཐུགས་བསམ་རྒྱ་བསྐྱེད། གཏོར་མ་བྱས་ནའང་ལེགས་ཤིང༌། ཞག་གྲངས་ཅི་ཙམ་བྱེད་པ་སོང་ནས། གྲོལ་དུས་ཐུན་མཐར་མཆོད་བསྟོད་རྒྱས་པ་དང༌། དེ་ནས་འོད་ཞུ་བྱས། ཤིས་བརྗོད་སྒྲུབ་ནས། དངོས་གྲུབ་ཀྱི་རྫས་ལྟར་ལེན་པ་སོགས་བྱས་ན་རྒྱུད་ཀྱི་དངོས་བསྟན་དང་མཐུན་པས་ཤིན་ཏུ་ལེགས་སོ། །ཕན་ཡོན་སོགས་རྒྱུད་ཕྱི་མ་ལས། རྒྱུད་ཀྱི་ལས་རྣམས་དང་རིལ་བུ་སོགས་སྒྲུབ་པ་པོ་རྣམས་རྡོ་རྗེ་འཆང་དང་འདྲ་བར་རྡོ་རྗེ་འཆང་གིས་ཀྱང་ཕྱག་འཚལ་ལོ། །ཞེས་གསུངས་པ་སོགས་བསྔགས་བརྗོད་ཤིན་ཏུ་མང་ངོ༌། །

    སྨྲས་པ། སོ་གསུམ་གསང་འདུས་ལྷ་ཡི་རིལ་བུའི་ལས། །སྒྲུབ་ཚུལ་རྒྱུད་རྒྱལ་དངོས་ཟིན་ལྟར་བཤད་པས། །རྒྱུད་རྒྱལ་ཕྱོགས་དུས་ཀུན་ཏུ་ལེགས་རྒྱས་པས། །འགྲོ་ཀུན་ལམ་འདིས་བདེ་ལེགས་གྲོལ་གྱུར་ཅིག །ཅེས་དཔལ་གསང་པ་འདུས་པའི་སྒོ་ནས་མ་ཎིའི་རིལ་བུ་སྒྲུབ་ཚུལ་དགེ་ལེགས་ཆར་འབེབས་ཞེས་པ་འདི་ཡང༌། གངས་ལྗོངས་སྔགས་སྨྲའི་ཁྱུ་མཆོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རབ་སྣང་གི་རྒྱལ་མོ་ཞི་བ་ཆེན་མོ་ལྟར་དད་པ་དང་གཏོང་བ་དང་བསོད་ནམས་ཀྱི་དཔུང་པས་ས་ཆེན་པོ་བདེ་བར་སྐྱོངས་པའི་བཀྲ་ཤིས་རྒྱལ་མོས་མ་ཎི་རིལ་སྒྲུབ་དགོས་གསུངས་ཚེ། སྨད་རྒྱུད་གྲྭ་ཚང་གི་སློབ་དཔོན་ལུང་རྟོགས་ཀྱིས་ཐུགས་རྒྱུད་མཐོན་པོར་གྱུར་པ། བྱང་རྩེ་ཆོས་རྗེ་མདོ་སྔགས་ཡོངས་སུ་རྫོགས་པའི་བཤེས་གཉེན་ཆེན་པོ་དགེ་འདུན་ཕུན་ཚོགས་ཀྱིས་བསྐུལ་པ་ལྟར་རྒྱུད་རྒྱལ་འདུས་པའི་རྣལ་འབྱོར་ལ་མོས་ཤིང་རྩ་བཤད་ལེགས་པར་འཕྲོད་པའི་མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེས་གར་འདུག་ཐེག་མཆོག་གཏེར་མཛོད་བཀྲ་ཤིས་སྒོ་མང་གི་བླ་བྲང་དུ་སྦྱར་བ་འདིས་ཀྱང་སྐྱེ་དགུ་བདེ་ལ་སྤྱོད་པར་གྱུར་ཅིག།

                                                                                                                              རྩོམ་སྒྲིག་པ། མང་ར་བ།

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།