ཀླུའི་བུམ་གཏེར་དགོས་འདོད་བུམ་བཟང་སྐྱེ་དགུ་དགའ་བྱེད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 21:35:43     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

508122952808835736.jpg 

    རྒྱལ་བ་གཉིས་པའི་ཞབས་ལ་ཕྱག་བྱས་ཏེ། །གནོད་སྦྱིན་མངོན་སུམ་གྲུབ་པའི་ཡེ་ཤེས་ཞབས། །དེ་ཡི་འདུས་པའི་གནོད་གནས་སྒྲུབ་པའི་ཐབས། །ནམ་མཁའ་མཛོད་ཀྱི་རྒྱུར་དམིགས་བྲི་བར་བྱ། །ཡིད་ཀྱི་རོལ་པ་སོགས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་གི་ཐུགས་ཀའི་ས་བོན་གྱིས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ལ་མཆོད་པ་སོགས་བྱས། ཚད་མེད་བཞི་བསྒོམ། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཛཾ་ལས་ས་བོན་གྱིས་གང་བའི་ཤིང་ཐོག་ཛཾ་གྱིས་མཚན་པ་ལས་འོད་འཕྲོས། རིན་པོ་ཆེ་ཐམས་ཅད་བསྡུས་ཏེ་ཐིམ་པ་ལས་འཕགས་པ་ཛཾ་བྷ་ལ་སྐུ་མདོག་གསེར་སྦྱངས་ལྟ་བུ་མིའུ་ཐུང་གི་གཟུགས་ཅན་གསུས་པ་ཆེ་བ། སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་ན་ས་བོན་གང་བ་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་སྐྱུག་པའི་ནེའུ་ལེ་དང་པདྨ་བསྣམས་པ། རལ་བའི་ཐོར་ཚུག་དང་རིན་པོ་ཆེའི་དབུ་རྒྱན་དང༌། ཕྱག་རྒྱ་བཞིས་བརྒྱན་པ། མི་བསྐྱོད་པ་ཡབ་ཡུམ་གྱིས་སྤྱི་བོ་ནས་དབང་བསྐུར་ཞིང་པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་རྣམ་པར་སྣང་མཛད་ཡབ་ཡུམ། མགྲིན་པར་འོད་དཔག་མེད་ཡབ་ཡུམ། སྙིང་ཀར་མི་བསྐྱོད་པ་ཡབ་ཡུམ། ལྟེ་བར་རིན་ཆེན་འབྱུང་ལྡན་ཡབ་ཡུམ། བརླའི་རྩ་བར་དོན་གྲུབ་ཡབ་ཡུམ་གྱིས་མཚན་པ། ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། གཉིས་སུ་མེད་པར་འགྱུར། ཨཱརྱ་ཛཾ་བྷ་ལ་ཨརྒྷཾ་ནས་ཤཔྟའི་པར་གྱིས་མཆོད། ནོར་གྱི་དབང་ཕྱུག་གིས་བསྟོད། ཐུགས་ཀའི་ཛཾ་ཡིག་གི་མཐར། ཨོཾ་ཛམ་བྷ་ལ་ཛ་ལེནྟྲ་ཡེ་སྭཱཧཱ། དང་ཨོཾ་ཨཱཿཛཾ་ཧཱུཾ། ཞེས་པ་ཅིེ་རིགས་ཀྱིས་བསྐོར་པའི་སྤྲོ་བསྡུས་རང་དཔལ་འབྱོར་ཕུན་སུམ་ཚོགས་པར་བསམ། སྔགས་དང་པོ་བཟླ་པ་ཤནྟི་བ་ཨ་བྷྱ་རྣམས་ཀྱིས་གསུངས། ཕྱི་མ་གྲུབ་ཆེན་ཐ་ག་ནས་ཀྱིས་གསུངས་པས་འཁྲུལ་མེད་ཡིན་པར་ངེས་སོ། དེ་ནས་ཆུ་སྦྱིན་ནི། རིན་པོ་ཆེའི་སྣོད་དུ་སྐུ་སོགས་བཞག་ལ། རང་འདོད་ལྷ་ཡབ་ཡུམ་གྱི་ཡུམ་གྱི་པདྨའི་ནང་དུ་སྔར་ལྟར་བསྐྱེད་པ་ལ། སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་པ་རང་གི་སྤྱི་བོ་ནས་ཞུགས་པས་བདུད་རྩིས་དབང་བསྐུར་པ་བཏོན་ཏེ་སྔར་ལྟར་བསྐྱེད་པ་ལ་བསྟིམ། དེའི་ལྗགས་ལ་ཛཾ་གྱིས་མཚན་པར་རིགས་ལྔ་ཡབ་ཡུམ་གྱི་བདུད་རྩིས་ཚིམ། བདག་ལ་དངོས་གྲུབ་སྩལ་བར་བསམས་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྟྲ་ཡེདྷ་ནཾ་མེ་དེ་ཧི་ཏཏྟ་བ་ཡ་སྭཱཧཱ། ཨོཾ་ཨཱཿཛཾ་དྷཱ་ནན་ཏེ་ཧི་ཧཱུཾ། ཞེས་པའི་སྔགས་ཀྱིས་ཆུ་འཁྱོར་བ་བརྒྱ་རྩ་བརྒྱད་དུས་གསུམ་མམ། ཐོ་རངས་བྱིན་ན་ལོངས་སྤྱོད་རྨུགས་འཛིན་ལྟར་ཟད་མི་ཤེས་པར་འགྱུར་རོ། །འདུས་པའི་རྒྱན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལོངས་སྤྱོད་པ་སྟེ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཏོ། །ཞེས་སོ། །འཕགས་ཡུལ་གསང་འདུས་རྒྱུད་འགྲེལ་བཅོ་བརྒྱད་ཀྱི་ནང་ནས་གྲུབ་ཆེན་ཐ་ག་ནས་དང་བི་མ་ལ་མི་ཏྲའི་ལུགས་གཙོ་བོར་བྱས་སོ། །བིམ་ལའི་འགྲེལ་པ་ལས། འདི་ཡང་བཟང་པོ་ཞབས་ཀྱིས་བཤད་པ་ཡིན་ཏེ། ཤེས་རབ་ཐབས་ཀྱི་རང་བཞིན་སྦྱོར། །ཛཾ་བྷ་ལ་ནི་གནོད་སྦྱིན་གཟུགས། །སྣ་ཚོགས་རྡོ་རྗེ་ཟླ་དབུས་གནས། །རྡོ་རྗེའི་སྐྱིལ་ཀྲུང་གིས་གནས་པ། །སེར་པོ་ནག་པོ་དཀར་པོ་ཞལ། །ཐུགས་ཀྱི་བདག་པོས་སྤྱི་གཙུག་བརྒྱན། །ཕྱག་གཉིས་ཀྱིས་ནི་ཡང་དག་འཁྱུད། །རང་འོད་རིགས་མ་འཛིན་དགྱེས་པ། །བི་ཛ་པཱུ་ར་རལ་གྲི་དང༌། །རིན་བཟང་སྐྱུག་པའི་ནེའུ་ལེ་དང༌། རང་གི་ལྷ་ཡི་སྦྱོར་བ་ཡིས། །རིག་མའི་པདྨའི་ནང་གནས་པ། །ཐམས་ཅད་ཕྱོགས་ནས་རྫོགས་སངས་རྒྱས། །འོད་འབྱུང་རིག་མའི་ཚོགས་རྣམས་ཀྱིས། །རྟག་ཏུ་དབང་བསྐུར་བར་བལྟ་སྟེ། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ། །ཞེས་སོ། །གནོད་གནས་ནམ་མཁའི་མཛོད་ཅན་སངས་རྒྱས་ཀྱི། །རྣམ་འཕྲུལ་སྒྲུབ་ཐབས་ཡེ་ཤེས་ཞབས་ལུགས་བཞིན། །བཤད་པས་ལུས་ཅན་བཀྲེས་པ་ཀུན་བསལ་ཏེ། །ཚེ་རབས་ཀུན་ཏུ་བླ་མ་ལྷ་ཡི་ཞབས། །མངོན་སུམ་བསྟེན་པའི་སྐལ་བ་ཐོབ་གྱུར་ཅིག །གནོད་གནས་སྒྲུབ་ཐབས་ཙིནྟ་མ་ཎིའི་ཕྲེང༌། །སྤྱན་རས་གཟིགས་ཀྱི་སྒྲུབ་གནས་ཕ་བོར་ཁར། །འདུས་པ་ལ་དགའ་དགེ་སློང་སྙོམས་ལས་པ། །འཇམ་དབྱངས་བཞད་པའི་རྡོ་རྗེས་ཕན་སེམས་ལགས། །

    བཀའ་བསྒོ་བྱེད་ཚུལ་ནི་འདི་ལ་ཤེས་བྱེད་ཆེར་མི་གསལ་ཡང༌། ཀྱཻ་རྡོར་གཞུང་འགྲེལ་ལས། རིག་པ་རབ་གནས་བྱེད་པ་སོགས་ཟུར་ཙམ་སྣང༌། བྱེད་ཚུལ་ནི། གང་ཟག་དེ་ལྷར་བསྐྱེད་པའམ། དེའི་སྤྱི་གཙུག་ཏུ་བཀའ་བསྒོ་གང་བྱེད་ཀྱི་ལྷ་མངོན་རྟོགས་ལྟར་སྐད་ཅིག་ཀྲོང་བསྐྱེད་དམ། ཆོ་ག་རྒྱས་བསྡུས་ཅི་རིགས་ཀྱིས་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་བསྟིམ། ལས་མཐུན་གྱི་དམིགས་པ་བྱེད་ལ་བཟླས་པ་བྱ། དེའི་འོག་ཏུ་ལྷ་ལ་བཀའ་བསྒོས་པའི་དམིགས་པ་བྱེད་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ནས། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བའི་བར་བྱ། ཚིགས་ལྷུགས་ཀྱང་རྩ་བརྒྱད་ཀྱི་བླ་མ་སོ་སོའི་མཚན་ནས་སྨོས་ཏེ་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །ལྷ་ཆེ་གེ་མོའི་ལྷ་ཚོགས་རྣམས་ཀྱི་བྱིན་གྱིས་རློབས་ཤིག །ཆེ་གེ་མོ་འདིའི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། བར་ཆད་ཆགས་སྒོ་ཉམས་ང༌། སྟེང་གདོན་གཟའ། བར་གདོན་བཙན། འོག་གདོན་ཀླུ་དང་ས་བདག །ཕ་རོལ་གྱི་བྱད་ཁ་རྦད་འདྲེ། རྦོད་གཏོང༌། དུས་མ་ཡིན་པའི་འཆི་བ་ཐམས་ཅད་ལས་བསྲུང་བ་དང༌། སྐྱོབས་པ་དང༌། སྦ་བ་མཛོད་ཅིག །རྡོ་རྗེ་སློབ་མ་འདི་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ཉིན་ཀྱི་བྱ་ར་མཚན་གྱི་མེལ་ཚེ་མཛད་དུ་གསོལ། ཛཿཧཱུཾ་བཾ་ཧོཿཞེས་བཀའ་བསྒོས་པས་ལྷ་དེས་དགྱེས་བཞིན་དུ་བགྱིའོ་ཞེས་གདུལ་བྱ་ལ་ཐིམ་པར་བསམས། རྒྱལ་པ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །རྡོ་རྗེ་རྣམ་པར་འཇོམས་པའི་མཐུ་སྟོབས་ཀྱིས་སམ། ཡང་ན་རྗེ་བཙུན་འཕགས་མ་སྒྲོལ་མའི་བྱིན་རླབས་སོགས་སམ། ཁྲོ་བོའི་དབང་པོ་སོགས་ཀྱི་བྱིན་རླབས་ཀྱིས། །འགྲོ་བ་འདི་ལ་༝ རྡོ་རྗེ་རྣམ་འཇོམས་སམ། སྒྲོལ་མ་སོགས་ལྷ་གང་ཡིན་གྱི་སྔགས་ལ་མི་མཐུན་པའི་ཕྱོགས་ལས་རཀྵ་རཀྵཿརང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེའི་རྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ཁང་དུ་གྱུར་ཅིག །ཅེས་བརྗོད་ལ་ཞལ་ཕུ་བྱ། ཞེས་པ་འདི་ཡང་རྗེ་ཉིད་ཀྱི་གསུང་ངོ༌། །

    གཏོར་མ་བསྐྱེད་རིམ་ཆེན་མོའི་ནང་ལྟར་ཤནྟི་པ་སོགས་ཀྱིས། ཚིམ་པར་བྱ་བའི་གཏོར་མ་དང༌། ལས་བྱེད་པའི་གཏོར་མ་དང༌། མ་རུངས་པར་ཕུར་བུས་གདབ་པའི་གཏོར་མ་དང་གསུམ་ལས། དང་པོ་ད་ལྟའི་འབུལ་གཏོར་དུ་གྲགས་པ་འདི་ཡིན། འདི་ལ་ཞི་རྒྱས་དབང་དྲག་གི་ལས་བཞི་ཀ་སྒྲུབ་ཚུལ་སོ་སོར་ཡོད། གཉིས་པ་ནི། ཐུན་གཏོར་དུ་གྲགས་པ་སྟེ་བོད་ཀྱི་ཐུན་གཏོར་དང་མི་འདྲ། ལས་བཞི་ཀ་སྒྲུབ་རྒྱུ་ཡོད། གསུམ་པ་ནི། འཕེན་གཏོར་ཁོ་ན་ཡིན། གཏོར་མ་འཕེན་ཚུལ་དགུ་ཡོད་དེ། གྲུབ་ཆེན་སོ་སོའི་གསུང་གི་དོན་མན་ངག་གི་སྡོམས་སུ་བྱས་པ་ལས། ལྷ་སྐུ་ཕྱག་མཚན་ས་བོན་དང༌། །འབྱུང་བ་དུག་དང་ཐོག་དང་ནི། །འབྱུང་དང༌གླུད་དང་བདུད་རྩིའོ། །ཞེས་གསུངས་པ་ལས། རྒྱུད་སྨད་ཀྱི་གསུང་རྒྱུན་ལས་ད་ལྟའི་བར་དུ་གཏོར་མ་བདུད་རྩིར་འཕེན། གཏོར་མའི་མན་ངག་འཕེན་ཚུལ་ལྔ་ལས། གཏོར་མ་བདུད་རྩིར་བྱས་པ་ལྷ་ལ་ཕུལ་བས་དགྱེས་ནས་འཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པར་བསམ་གསུངས། བླ་མ་མགོན་པོའི་བེ་བུཾ་སོགས་ཀྱི་མན་ངག་གིས་འཕེན་གཏོར་འདི་ཉིད་འཕངས་པས་བདུད་རྩིའི་ཆར་ཆེན་པོས་ནད་སོགས་མེའམ་དྲི་མའི་རྣམ་པར་སྣང་བ་དེ་བཅིལ་བ་དང་བཀྲུས་པར་བསྒོམ། སླར་ཡང་འཕངས་ས་དེ་ཉིད་ནས་གོམ་པ་བདུན་ནང་དུ་དོར། རྡོར་དྲིལ་གྱི་དེ་ཉིད་དྲན་ནས་ཕྱག་རྒྱ་དང་བཅས་པ་ལྟ་བའི་རྒྱས་འདེབས་པ་ཞལ་ཤེས་ཁོ་ན་ཡིན་ནོ། །འདི་ཡང་འཇམ་དབྱངས་བཞད་པས་སྦྱར། །

    བླ་མ་རྒྱལ་བ་སྲས་བཅས་མཆོག་གསུམ་ཐམས་ཅད་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། །དེ་ལ་འདིར་མདོ་སྔགས་གང་ལའང་ཁུངས་མེད་པའི་རང་བཟོ་དང་ཆོ་ག་ཧྲལ་པོ་བྱེད་པ་ནི་གཟུངས་གཞུག་གི་རྣམ་བཞག་འཁྲུལ་སྤོང་ཉིན་བྱེད་ལྟར་ཉེས་པ་ཤིན་ཏུ་ཆེ་བས། གཙུག་ལག་ཁང་དང༌། དགོན་གནས་དང་། སྐྱེད་ཚལ་དང་། ཀུན་དགའ་ར་བ་སོགས་གསར་དུ་བསྐྲུན་ཚེ་ཉེར་མཁོའི་ཕྱག་ལེན་མང་པོ་ཡོད་པ་ལས། འདིར་ཉེར་མཁོའི་བུམ་གཏེར་གྱི་ཆོ་ག་ཙམ་ཟིན། བུམ་གཏེར་ལ་ཡང་ད་ལྟར་རང་གཞན་མང་པོའི་ཕྱག་ལེན་ལ་དཔྱད་ཚེ་མན་ངག་གི་གནད་རྟོགས་པ་ཉུང་པར་སྣང་ཞིང་། བུམ་གཏེར་ལ་རིགས་མང་བས་དེ་ལུགས་ཀྱི་བུམ་རྫས་དང་། བུམ་བསྒྲུབ་སོགས་མི་འདྲ་ལ་གཙུག་ལག་ཁང་སོགས་ཀྱི་རྨང་གཞིའི་བུམ་པ་འདི་ལའང་ས་ཡུལ་རི་ཐང་ནགས་ཚལ་ཆུ་འགྲམ་མཚོ་སོགས་ཀྱིས་གཤིས་ཀྱིས་གནས་བདག་མི་འདྲ་བ་ནི། མཆོག་གི་དངོས་གྲུབ་བརྙེས་པའི་གསུང་ལས། ཆུ་རྣམས་ཁ་དོག་དབྱེ་བ་དག་དང་རོ་ཡི་ནི། །དབྱེ་བའི་ཁྱད་པར་རྟགས་རྗེས་སུ་ཤེས་བྱ་སྟེ། །ཀླུ་རྣམས་ཀྱི་ནི་རིགས་རྣམས་དག་དང་གནས་རྣམས་ལ། །ཀུན་ནས་བྱ་བའི་དོན་རྣམས་ཡང་དག་འགྲུབ་པའོ། །གང་ཡང་ཐང་སོགས་གནས་རྣམས་ལ་ནི་དབང་བྱེད་པ། །ཀླུ་ཡི་མངའ་བདག་རྣམས་ནི་ཇི་ལྟར་འདོད་བཞིན་གསུངས། །ཞིང་རྣམས་སུ་ནི་ཆུ་མིག་ལ་གནས་མཐའ་ཡས་ཏེ། །ལྷ་ཡི་གནས་ལ་ཀླུ་ཡི་རྒྱལ་པོ་ནོར་རྒྱས་སོ། །ཞེས་གསུངས་པ་ལྟར་ཡིན་པས། བུམ་སྒྲུབ་སོ་སོར་ཤེས་དགོས་པ་འདི་སོགས་མན་ངག་གི་གནད་དམ་པར་བཟུང་དགོས་ལ། དེ་འདྲའི་གནད་ཀྱིས་མན་ངག་སོ་སོར་མི་ཤེས་པའི་སྐྱེ་བོ་མཁས་བླུན་དུ་མས་ལག་ཏུ་བླུང་བདེ་བའི་བུམ་སྒྲུབ་ལས་དུ་མར་སྦྱར་ཆོག་པ་ཅིག་བྱེད་ན། བུམ་པའི་རྒྱུ་སོགས་རྒྱུད་ལྟར་རིན་པོ་ཆེར་བྱས་པ་མཛོད་བུམ་སོགས་ལ་ལེགས་ཀྱང༌། ཆུ་གཏེར་དང་ས་གཏེར་ལ་ཅུང་མི་ལེགས་པར་གོ་ཞིང༌། ཚད་སོགས་རབ་རྒྱུད་ལྟར་གྱི་ཆེ་འབྲིང་གི་ཚད་དགོས་ལ། ཐ་ནའང་ཡུལ་དེའི་བྲེ་གང་ཤོད་སྣོད་ལས་མི་ཆུང་པའི་བུམ་པ་རྒྱུ་རྫ་སོགས་ལས་བྱས་པ་ཚོན་གྱིས་ཁ་བསྒྱུར་པ་རྒྱབ་མདུན་མི་ནོར་བའི་མཚན་མ་རིན་པོ་ཆེ་ཆ་དགུ་སོགས་བྲིས་པའི་ནང་དུ་ཡེ་ཤེས་པའི་བུམ་པ་དེ་ལ་དེ་བཞིན་གཤེགས་པའི་སྐུ་ཡང་དགོས་པ་དང༌། གཏོར་བུམ་ལ་སྐུ་མེད་ནའང་རུང་ལ། གཉིས་ཀར་རིན་པོ་ཆེ་སྣ་ལྔ་དང༌། སྣ་བདུན་དང༌། བླ་མ་སྔ་མ་དག་གི་གསུང་ལྟར་ན། ལྕགས་དང༌། ར་གན་དང༌། ཞ་ཉེ་མིན་པའི་རིན་པོ་ཆེ་གསུངས་པ་ལྟར། རིན་པོ་ཆེ་སྣ་ཚོགས་གང་རྙེད་དང༌། སྐེ་ཚེ། ཤང་ཚེ། བྲའོ། སྲན་མ་མ་གཏོགས་པའི་འབྲུ་ཟེར་ཡང༌། སྔ་མ་གསུམ་དེ་དག་མ་གཏོགས་པའི་འབྲུ་སྣ་ཚོགས་རྙེད་ཚད་དང༌། ཤ་ཆང་གིས་མ་སྦགས་པའི་ཟས་སྣ་ཚོགས་དང༌། གོས་དར་སྣ་ཚོགས་བཅུག་པའི་བུམ་པ་གཅིག་དང༌། ཀླུའི་བུམ་པར་ཀླུ་བརྒྱད་ཀྱི་སྐུ་དང༌། ཝ་རུ་ཎ་གཙོ་བོ་དང་དགུའི་སྐུ་སྔར་བཤད་པའི་འབྲུ་སྣ་ཚོགས་དང༌། སྔར་བཤད་པའི་རིན་པོ་ཆེ་གང་རྙེད་དང༌། ཁྱུང་སྡེར་དང༌། ཚ་བ་གསུམ་དང༌། དུག་གི་རིགས་དང༌། གླ་རྩི་ཤིང་ཀུན་སོགས་ཀླུ་ལ་གནོད་པ་མིན་པའི་སྨན་སྣ་གང་རྙེད་དང༌། ཐ་ནའང་ཀླུ་གཏོར་ལྟར་སྨན་བྱུང་ན་བཟང་ཞིང༌། དྲི་བཟང་ཇ་དར་སོགས་ནོར་རྫས་སྣ་ཚོགས་དང༌། ཤ་ཆང་མ་འདྲེས་པའི་ཟས་གོས་སྣ་ཚོགས་བཅུག་ལ། ཤིང་ངམ་འཇིམ་པས་ཁ་ལེགས་པར་བཅད། མགུལ་བརྒྱན་ཅན། འབྱོར་ན་ཕྱོགས་མཚམས་བརྒྱད་དུ་ཀླུ་བརྒྱད་ཀྱི་བུམ་པ་བརྒྱད་དང༌། དབུས་སུ་ཡེ་ཤེས་ཀྱི་བུམ་པ་དང་དགུའམ། ཡང་ན་ལྔའམ། ཡང་ན་ཡེ་ཤེས་པའི་བུམ་པ་དང་ཀླུའི་བུམ་པ་གཉིས་སམ། ཡང་ན་བུམ་པ་གཅིག་ལ་རྫས་དེ་དག་བླུགས་ལ། བུམ་པ་གཅིག་ཡིན་ཚེ་སྟེང་དུ་དེ་བཞིན་གཤེགས་པ་གཙོ་འཁོར། འོག་ཏུ་ཝ་རུ་ཎ་གཙོ་བོར་བྱས་པའི་ཀླུ་བརྒྱད་བསྐྱེད་པའམ། ཡང་ན་འོག་ནས་འབྱུང་བའི་ཆོ་ག་ལྟར་བསྐྱེད་དགོས་ལ། གཞི་གཙང་མར་པདྨ་དཀར་པོ་འདབ་བརྒྱད་བྲིས་པར་བུམ་པ་ཕྱག་ལེན་ལྟར་བཀོད། མཆོད་པ་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་ཚར་གཉིས། མངར་གསུམ་གྱིས་སྦགས་པའི་དཀར་གཏོར་གསུམ། གདུགས་བརྒྱ་རྩ་བརྒྱད། རྒྱལ་མཚན་བརྒྱ་རྩ་བརྒྱད། ཨ་ཀ་རུ་ནག་པོའི་སྤོས་སོགས་བཤམས། སྤྱན་རས་གཟིགས་སེང་གེ་སྒྲའམ། དེ་བཞིན་གཤེགས་པ་ཀླུ་དབང་གི་བདག་བསྐྱེད་བཟླས་པ་བྱས་རྗེས་སུ་མཆོད་པ་བསང་སྦྱངས་བསྐྱེད་བརླབས་བྱས་ལ། བུམ་པ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་བའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ་བྷྲུཾ་མམ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨཾ་ངམ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་རིན་པོ་ཆེ་སྣ་ཚོགས་དང༌། འབྲུ་བཅུད་ཟས་ནོར་གོས་དར་ལ་སོགས་པ་ལྷ་མིའི་དཔལ་འབྱོར་སྣ་ཚོགས་ཀྱི་སྤྲིན་གྱིས་གཏིབས་པ་ནམ་མཁའི་མཐའ་དང་མཉམ་པ་དཔལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་རང་བཞིན་དུ་གྱུར་པར་བསྐྱེད། ཆོས་དབྱིངས་རྣམ་དག་སྔགས་རྒྱས་སྦྱངས་པ་ནི། ཐལ་མོ་ཁོང་སྟོང་སྦྱར་བ་སྙིང་ཀར་བཞག་ལ། ཨོཾ་སྭ་བྷཱ་ཝ་བི་ཤུད་དྷཿསརྦ་དྷ་རྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་ཡོ་བྱད་ཀྱི་མ་དག་པ་སྦྱངས་ཤིང་སྐྱོན་མེད་པར་བྱས། གཉིས་པ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་པ་ནི། ཐལ་མོ་ཁོང་སྟོང་སྦྱར་ལ་སོར་མོ་རྣམས་རྩེ་སྤྲད་དེ། ཚིགས་བར་མ་རྣམས་བཅད་པ་རིན་པོ་ཆེ་འདྲ་བ་དཔྲལ་བར་བཞག་ལ། ཨོཾ་ནཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཤྭ་མུ་ཁེ་བྷྱོཿསརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ན་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་པས་མགྲོན་སོ་སོའི་སེམས་དང་མཐུན་པའི་ཡོ་བྱད་ཀྱིས་ནམ་མཁའ་ཁྱབ་པར་བསམ། གསུམ་པ་བདུད་རྩི་འཁྱིལ་བའི་སྔགས་རྒྱས་བསྒྱུར་བ་ནི། རྡོ་རྗེ་ཐལ་མོའི་མཐེ་བོང་བསྣོལ་བའི་མཐེབ་མཛུབ་ངོས་ཕྱེ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྚ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པས་མགྲོན་སོ་སོའི་ཚིམ་བྱེད་བདུད་རྩིར་བསྒྱུར་བར་བསམ། བཞི་པ་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་རྒྱས་ཐོབ་པར་བྱ་བ་ནི། གཡས་ཁུ་ཚུར་བཅིངས་པའི་མཛུམ་མོ་སྒྲེང་པ་སྙིང་ཀར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམ་བྷ་ར་སམ་བྷ་ར་ཧཱུཾ། ཞེས་པས་འཕགས་པ་རྣམས་ཀྱི་སྤྱན་སྔར་མཆོད་སྤྲིན་མཐའ་ཡས་དང༌། སེམས་ཅན་སོ་སོའི་དབང་པོ་ལྔའི་ཡུལ་དུ་ལོངས་སྤྱོད་ཟད་མི་ཤེས་པ་བྱུང་བར་བསམ། ལྔ་པ་ཡེ་ཤེས་སྐར་མདའི་སྔགས་རྒྱས་ཐོབ་པར་བྱ་བ་ནི། གཡས་ཁུ་ཚུར་སྙིང་ཀར་བཞག །གཡོན་མཐེ་བོང་ལག་མཐིལ་ལ་བཞག་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱི་ད་ཡ་ཛྭ་ལ་ནི་ཧཱུཾ། འཕགས་པ་རྡུལ་གྲངས་མཉམ་པ་མཉེས་ཤིང་སེམས་ཅན་རྒྱལ་ཕམ་དང་རྩོད་པ་མེད་པར་མོས་པ་བཞིན་ཐོབ་པར་བསམ། དྲུག་པ་དབང་བསྒྱུར་འཁོར་ལོའི་སྔགས་རྒྱས་དབང་དུ་བྱ་བ་ནི། སོར་མོ་ནང་དུ་བསྣོལ་བའི་རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་ལ། ན་མཿས་མནྟ་བུད་དྷཱ་ནཱཾ་གྲ་ཧེ་ཤྭ་ར་པྲ་ཝན་ཛ་ཏི་མཧཱ་ས་མ་ཡ་སྭཱཧཱ། ཞེས་པས་མགྲོན་ཐམས་ཅད་ཀྱིས་བདག་ཅག་ལ་དམ་ཚིག་གི་དབང་གིས་ཕན་བདེའི་འཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པར་མོས། ཡེ་ཤེས་ཀྱི་བུམ་པ་རིན་པོ་ཆེའི་བུམ་པ་ནང་ལོངས་སྤྱོད་དང་ཆུ་མཚོ་དཔག་བསམ་གྱི་ཤིང་སྣ་ཚོགས་ཀྱིས་གང་བའི་དབུས་སུ་པད་ཟླའི་གདན་ལ་ཧཱུཾ་ལས་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་སྐུ་མདོག་ནོར་བུ་རིན་པོ་ཆེ་མི་དཔོག་པའི་མདོག་ལྟ་བུ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ། ཆོས་གོས་ངུར་སྨྲིག་གསོལ་བ། ཀླུ་ཐམས་ཅད་ཀླུའི་སྐྱེ་གནས་ལས་ཐར་པར་བྱེད་པའི་ཕྱག་རྒྱ་ཅན། བཞིན་འཛུམ་པ་འོད་ཟེར་མཐའ་ཡས་འཕྲོ་བ། སྦྲུལ་མགོ་བདུན་གྱི་གདེངས་ཀའི་རྒྱབ་ཡོལ་ཅན། དེའི་མདུན་དུ་སྒྲིབ་སེལ་སྐུ་མདོག་དཀར་པོ། ཕྱག་གཡས་ན་རིན་པོ་ཆེའི་མྱུ་གུ་དང༌། གཡོན་ན་བུམ་པ་བསྣམས་པ། བཅོོམ་ལྡན་འདས་ལ་བལྟ་བ། གཡས་སུ་པད་ཟླ་ལ་བྱམས་པ་དམར་སེར་ཡས་ཀླུ་ཤིང་གི་མེ་ཏོག་དང༌། གཡོན་རིལ་པ་སྤྱི་བླུགས་བསྣམས་པ། རྒྱབ་ཏུ་པད་ཟླ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་སེར་པོ་ཨུཏྤལ་བསྣམས་པ། གཡོན་དུ་པད་ཟླ་ལ་སྤྱན་རས་གཟིགས་དཀར་པོ་པདྨ་བསྣམས་པ། གསུམ་གའང་བཅོམ་ལྡན་འདས་ལ་བལྟ་བ། གཡས་ཕྱོགས་སུ་བྱང་སེམས་དཔག་མེད། གཡོན་ཕྱོགས་སུ་དགྲ་བཅོམ་པ་དཔག་མེད། འོག་ཕྱོགས་སུ་ཀླུའི་ཚོགས་དཔག་མེད་ཀྱིས་རིན་པོ་ཆེ་ཐོགས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་བལྟ་བ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། ཐུགས་ཀའི་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿདགུག་གཞུག་བཅིངས་མཉེས་པར་བསམ་ལ། དེའི་ཐུགས་ཀར་ཧཱུཾ་གི་མཐར་ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝན་ནཱ་ག་ར་ཛེ་ཤྭ་ར་ཨདྷིཥྛཱན་ཨ་དྷིཥྛཱི་ཏེ་སྭཱཧཱ། ཞེས་པའི་སྔགས་ཀྱི་སྤྲོ་བསྡུ་ལས་མཐུན་བྱས་ལ་བཟླས། འདས་གཏོར་བྱིན་གྱིས་བརླབས་ལ། བཅོམ་ལྡན་འདས་འཁོར་བཅས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བར་གྱུར་པར་བསམ་ལ། སྙིང་པོའི་མཇུག་ཏུ་ཨ་ཀ་རོ་བཏགས་པ་ཉེར་གཅིག་གིས་དབུལ། མཆོད་བསྟོད་ཡིག་བརྒྱས་བརྟན་བར་བྱས་ཏེ། ཡུལ་སོ་སོའི་གནད་ཤེས་ན་ཀླུ་བརྒྱད་གང་རུང་གཙོ་བོ་དང༌། མ་ཤེས་ཚེ་དང་རྒྱུན་དུ་འདི་ལྟར། བུམ་པ་འོག་མའི་ནང་གི་དབུས་སུ་པདྨ་དཀར་པོ་འདབ་བརྒྱད་ཀྱི་དབུས་སུ་ནོར་རྒྱས་དངུལ་མདོག་སྤྱི་བོར་ཨུཏྤལ་སྔོན་པོས་མཚན་པ། འདབ་མ་བརྒྱད་ལ་ཤར་ཏུ་མཐའ་ཡས་གསེར་མདོག་སྤྱི་བོར་པདྨས་མཚན་པ། ལྷོར་པདྨ་སེར་པོོ་སྤྱི་བོར་དབལ་བེའུས་མཚན་པ། ནུབ་ཏུ་འཇོག་པོ་དམར་པོ་སྤྱི་བོར་ནོར་བུ། རྫིང་བུའམ་མཚོ་ལ་འཇོག་ན་དབུས་སུ་ཆུ་ལྟ་བྱ། དགའ་འཁྱིལ་གྱིས་མཚན་བ། བྱང་དུ་ཆུ་ལྷ་.....རང་གནས་སུ་ནོར་རྒྱས་སམ་ཡང་ན་ཆུ་ལྷ། དངུལ་མདོག་སྤྱི་བོར་ཨུཏྤལ་སྔོན་པོས་མཚན་པ། དབང་ལྡན་དུ་པདྨ་ཆེན་པོ་དཀར་པོ་སྤྱི་བོར་རྩེ་གསུམ་ལ་གདེངས་ཀ་བདུན་ལྡན། ཤར་ལྷོར་དུང་སྐྱོང་སྔོ་སྐྱ་སྤྱི་བོར་བཀྲ་ཤིས། ལྷོ་ནུབ་ཏུ་སྟོབས་རྒྱུ་དཀར་དམར་མགྲིན་བར་རི་མོ། གསུམ་པ། ནུབ་བྱང་དུ་རིགས་ལྡན་སྔོ་སྐྱ་མགྲིན་བར་ཟླ་ཚེས་ཀྱིས་མཚན་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། སྟོད་ལྷའི་ལུས་ལྟར་མཛེས་ཤིང༌། ལྟེ་བ་མན་ཆད་སྦྲུལ་མཇུག་ཏུ་འཁྱིལ་བ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་གཏེར་གྱི་བུམ་པ་ཐུགས་ཀར་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡོན་ཕྱོགས་ན་རང་འདྲའི་རིག་མས་བརྟེན་བ། དེ་དག་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རྒྱ་མཚོ་ཆེན་པོ་སོགས་ནས་ཀླུའི་རྒྱལ་བོ་འཁོར་བཅས་སྤྱན་དྲངས། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་བོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་པོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧུ་ལུནྟ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྤྲུལ་བཟང་དང༌། །ལྟོ་འཕྱེ་ཆེན་པོ་ཆི་ལི་དང༌། །ཚི་ལི་ཆེན་པོ་རྣམ་དག་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨ་གཙྪ་ཨ་གཙྪ་མ་ཧཱ་ནཱ་གཨ་དྷི་བ་ཏ་ཡེ་སརྦ་བྷུར་བྷུ་བ་ཕྲུཾ་ཕུ་སྭཱཧཱ། ཛཿཧཱུཾ་བོ་ཧོཿགཉིས་སུ་མེད་པར་བསམས་ལ། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། ཨོཾ་མཧཱ་ནཱ་གཡ་དྷི་བ་ཏ་ཡེ་གྲི་ཧྣེ་དཾ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ། ཨརྒྷཾ་གནས་སུ། པུཥྤེ། དྷུ་པེ། དཱི་བེ། གནྡྷེ། ནཻ་ཝེ་ཏྱཻ། ཤཔྟ། བཅུག་པས་མཆོད། ལྷ་བཤོས་དང་རོལ་མོ་སོགས་སློབ་དཔོན་གྱི་སྒྲུབ་ཐབས་ལས། མེ་ཏོག་དང༌། མར་མེ་དང༌། ལྷ་བཤོས་དང་རོལ་མོ་སྣ་ཚོགས་པས་མཆོད་པར་བྱའོ། །ཞེས་གསུངས་སོ། །བསྟོད་པས་བསྟོད། གཏོར་མ་གཉིས་པ། གཏོར་སྔགས་རྒྱས་པ་ནི། ཨོཾ་ཨཱཿབསུ་ཀི་ནེ་ཡེ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཨ་ནནྟ་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཔདྨ་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཏཀྵ་ཀ་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿབ་རུ་ཎ་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿམཧཱ་པདྨ་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཤངྑབཱལ་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཀར་ཀོ་ཏ་ཀ་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཀུ་ལི་ཡ་ཧཱུཾ་ཕཊ་སྭཱཧཱ། རྣམས་ལ་ཨ་ཀ་རོ་བཏགས་པས་ཕུལ། བསྡུ་ན་ཀླུ་དགའ་བའི་ཕྱག་རྒྱ་དང༌། ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱཧཱ། ལན་གསུམ་དང༌། ཨོཾ་བྷཀྵ་ཡ་བྷཀྵ་ཡས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱཧཱ། གསུམ་གྱིས་བསྔོ། ཡེ་དྷརྨཱ་དང༌། སྡིག་པ་ཅི་ཡང་མི་བྱ་སོགས་དང༌། སྐར་མ་རབ་རིབ་མར་མེ་སོགས་ཀྱིས་ཆོས་སྦྱིན་བྱས་ནས། ཀླུ་ཆེན་བརྒྱད་པོ་འཁོར་བཅས་ཀྱིས། །ཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །སོགས་ཀྱིས་འཕྲིན་ལས་བཅོལ། ཡིག་བརྒྱས་བརྟན་པར་བྱས་ཏེ། ཀྲྀ་ཡ་ལྟར་བྱིན་གྱིས་བརླབས་པའི་འོ་མའི་གཏོར་མ་དེ་རྣམས་ཕྱོགས་བརྒྱད་རྣམས་སུ་འབུལ་ཞིང་། དེའི་ཕྱི་རོལ་ཏུ་ཡང་གཏོར་བར་བྱའོ། །དེ་ལྟ་བུ་ཞག་བདུན་ནམ་ལན་མང་དུ་བྱས་ལ། ས་འདོམ་གང་སོགས་བརྐོས་པར་རྡོ་ཁང་དང་ཞལ་བ་སོགས་བྱས་པར་སྨན་སོགས་དང་བཅས་པར་འོག་ཏུ་ཀླུ་བུམ། སྟེང་དུ་དེ་བཞིན་གཤེགས་པའི་བུམ་པ་རང་གི་ཤར་ངོས་སུ་བཞག་ན་དངོས་གྲུབ་མང་པོ་འབྱུང་སྟེ། སློབ་དཔོན་འཕགས་པའི་འདིའི་སྒྲུབ་ཐབས་ལས། བུམ་པ་གཉིས་ལ་གཅིག་ཏུ་བཅོམ་ལྡན་འདས་འཁོར་དང་བཅས་པའི་སྐུ་གཟུགས་དང༌། རིན་པོ་ཆེ་དང༌། འབྲུ་སྣ་ཚོགས་ཀྱིས་གང་བར་བྱའོ། །བུམ་པ་གཅིག་ཏུ་ཀླུ་ནོར་རྒྱས་ཀྱི་བུ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་གཟུགས་བཅུག་ལ། རིན་པོ་ཆེ་སྣ་ཚོགས་དང༌། ཀླུ་སྨན་སྣ་ཚོགས་དང༌། འབྲུ་སྣ་ཚོགས་ཀྱིས་བཀང་ལ། ཞེས་སོགས་གསུངས་པས་ན། ལ་ལས་སྐུ་གཟུགས་མི་རུང་ཟེར་བ་དང༌། འགའ་ཞིག་བག་ཟན་གྱིས་བྱེད་པ་སོགས་འདིས་ཁེགས་པས་ཕྱག་ལེན་དག་པ་གཅེས་ཤིང༌། སྒྲུབ་ཚུལ་དང༌། མཆོད་པ་ནི། ཀླུའི་དབང་ཕྱུག་གི་སྒྲུབ་ཐབས་ལས། པདྨ་འདབ་བརྒྱད་ཀྱི་ཁ་རུ་བུམ་པ་གཉིས་བཞག་ལ། ར་དཀར་མོ་དང༌། བ་དམར་མོ་གཉིས་ཀྱི་འོ་མ་མ་གོད་པ་དང༌། གདུགས་བརྒྱ་རྩ་བརྒྱད་དང༌། ཚོན་སྣ་ལྔའི་བ་དན་བརྒྱ་རྩ་བརྒྱད་དང༌། ཨ་ཀ་རུ་ནག་པོའི་བདུག་སྤོས་དང༌། པོག་དཀར་པོ་དང༌། བདུག་པ་སྣ་ཚོགས་དང༌། མེ་ཏོག་དང༌། མར་མེ་དང༌། ལྷ་བཤོས་དང༌། རོལ་མོ་སྣ་ཚོགས་པས་མཆོད་པར་བགྱིའོ། །ཞག་བདུན་དུ་སྙིང་པོ་རྒྱུན་མ་ཆད་པར་བཟླས་ན་དབུལ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་གྱི་མཆོད་པ་དང༌། སྒྲུབ་རྒྱུ་བྱུང་ན་ཤིན་ཏུ་ལེགས་པས་མན་ངག་དམ་པར་ཟུངས་ཤིག །གྲུབ་ཆེན་གྱི་ཀྲྀ་ཡ་ལས། བདུད་རྩི་ལྔ་རྣམས་སྦྲང་རྩི་དང་ནི་ལྡན་པ་དང༌། །འོ་མ་མར་གྱི་ཆང་དང་བྲལ་བའི་གཏོར་མ་སྦྱིན། །ཞེས་སོགས་ལྟར་བྱ་ཞིང༌། ཕན་ཡོན་དང་འཇོག་ཚུལ་གཉིས་ནི། སྒྲུབ་ཐབས་ལས། སད་དང་སེར་བ་དང༌། ལྕེ་འབབ་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །བུམ་པ་གཉིས་པོ་ཡང་འོག་ཏུ་ཀླུའི་བུམ་པ་བཞག །སྟེང་དུ་བཅོམ་ལྡན་འདས་ཀྱི་བུམ་པ་བཞག་ནས་གནས་ཁང་གི་ཤར་ཕྱོགས་ངོས་སུ་གཏེར་དུ་སྦས་ན་ཕོངས་པའི་སྡུག་བསྔལ་དང་བྲལ་བར་འགྱུར་རོ། །ཀླུའི་གནོད་པ་དང་བྲལ་བར་འགྱུར་རོ། །ཁྱིམ་དེའི་སྐྱེས་པ་དང་བུད་མེད་ཐམས་ཅད་འཕན་དར་བར་འགྱུར་རོ། །ཞེས་གསུངས་ཤིང་དེས་ན་འཇོག་ཚུལ་གཅིག་ལའང་ལས་སོ་སོའི་ཚེ་སྔགས་དང་སྤེལ་ཚིག་གི་གནད་དུ་མ་ཤེས་ན་ལེགས་སོ། །ཀླུའི་བུམ་གཏེར་དགོས་འདོད་བུམ་བཟང་སྐྱེ་དགུ་དགའ་བྱེད་འདི་ཡང༌། སྐྱེ་དགུའི་ཕན་བདེའི་གསོས་སུ་བསམས་ཏེ། སློབ་དཔོན་འཕགས་པའི་ཀླུའི་དབང་ཕྱུག་གི་སྒྲུབ་ཐབས་དང༌། སེང་གེ་སྒྲའི་ཕྱག་ལེན་རྩ་བའི་བླ་མ་སྲད་རྡོ་རྗེ་འཆང་གི་དངོས་སུ་ཕྱག་ཁྲིད་གསུམ་གཞིར་བཞག །ཀྲྀ་ཡ་དང་རྡོར་ཕྲེང་སྔགས་རིམ་སོགས་དང༌། རྒྱལ་དབང་གོང་མར་གཟུངས་གཞུག་གི་དོགས་གཅོད་འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེས་ཞུས་པ་རྣམས་ཀྱིས་བརྒྱན་ཏེ། འཕྲལ་དུ་དཔྱོད་ལྡན་དུ་མས་དགོས་ཟེར་བ་ལྟར། ཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པ་འདིས་ཀྱང་ཀུན་ལ་ཕན་པར་གྱུར་ཅིག།དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭ་གོང་མ་རྒྱ་ཆེ་རུ་བཏང་སྐབས་འཇམ་དབྱངས་བཞད་པས་ཕྱག་ལེན་མཛད་པའོ། །

                                                                                                                             རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།