ཛཾ་བྷ་ལ་།སྤྲུལ་པའི་སྐུ་མཆོག་སྒྲུབ་ཐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 21:31:03     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

296984669509180833.jpg 

    ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བླ་མ་རྣམས་དང་དབྱེར་མེད་རྡོ་རྗེ་འཆང༌། །རིགས་ཀུན་ཁྱབ་བདག་ཞབས་ལ་ཕྱག་བྱས་ཏེ། །ནམ་མཁའ་མཛོད་ཀྱི་སྦྱིན་པའི་ཕར་ཕྱིན་ཆེད། །རྒྱལ་སྲས་རྨུགས་འཛིན་སྒྲུབ་ཐབས་རྒྱུད་བཞིན་འཆད། །དེ་ལ་འཕགས་ལུགས་ཛཾ་ལྷའི་མངོན་རྟོགས་ལ་བདག་བསྐྱེད་དང༌། མདུན་བསྐྱེད་བྱས་ནས་ཆུ་སྦྱིན་ཚུལ་དང༌། ཕན་ཡོན་གསུམ། དང་པོ་ནི། ཡིད་ཀྱི་རོལ་བ་སོགས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་བྱས། རང་གི་སྙིང་ཀའི་སྣ་ཚོགས་པདྨ་དང་ཟླ་བ་ལས་བྱུང་བའི་འོད་ཟེར་གྱིས་སངས་རྒྱས་ལ་སོགས་པ་མཆོད་ཅིང་བཤགས་པ་བྱས་ནས། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅་ཧཾ། སྣང་སྲིད་ཀྱི་ཆོས་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཛཾ་ཡིག་སེར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ། ལྷ་དང་མིའི་རིན་པོ་ཆེ་ཐམས་ཅད་འོད་ཟེར་གྱི་གོང་བུར་བྱས་ཏེ་ཛཾ་ལ་ཐིམ། དེ་ལས་ཤིང་ཐོགས་བི་ཛ་པཱུ་ར་ཛཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་ཛཾ་བྷ་ལ་ཆེན་པོ་གསེར་གྱི་འོད་འཕྲོ་བ། རལ་བའི་ཐོར་ཚུགས་ལ་རྡོ་རྗེ་འཆང་ཡབ་ཡུམ་གྱིས་དབུ་བརྒྱན་ཅིང་གསུས་པ་ཆེ་བ་མིའུ་ཐུང་གི་གཟུགས་ཅན། སེར་སྔོ་དཀར་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རིམ་བཞིན་བི་ཛ་ཕཱུ་ར་དང༌། ལྕགས་ཀྱུ་དང༌། མདའ་ཐོགས་པ། གཡོན་པ་དང་པོས་རང་འདྲའི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཉིས་ཀྱིས་ཞགས་པ་བཟང་པོ་དང་བཅས་པའི་ནེའུ་ལེ་དང༌། གཞུ་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་ལས་རྣམ་པར་སྣང་མཛད། མགྲིན་པར་ཨཱཿལས་འོད་དཔག་མེད། སྙིང་ཀར་ཧཱུཾ་ལས་མི་བསྐྱོད་པ། ལྟེ་བར་སྭཱ་ལས་རིན་ཆེན་འབྱུང་ལྡན། བརླའི་རྩ་བར་ཧཱ་ལས་དོན་ཡོད་གྲུབ་པས་མཚན་པར་གྱུར་པར་བསམ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ལ། ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བཅིང་མཉེས་བྱས། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་ནང་མཆོད་ཀྱང་དབུལ། ནོར་གྱི་དབང་ཕྱུག་སོགས་ཀྱིས་བསྟོད་ལ། ས་བོན་ལ་ཨོཾ་ཛཾ་བྷ་ལ་ཛ་ལེནྟ་ཡེ་སྭཱ་ཧཱས་བསྐོར་བར་བསམས་ལ་བཟླས་པ་བྱ། རྒྱུན་གྱི་ཉམས་ལེན་དང་མདུན་སྐྱེད་ནི། རིན་པོ་ཆེའི་སྣོད་ལ་སོགས་པའི་ནང་དུ་རང་གི་ཐུགས་ཀའི་ཛཾ་ལས་སམ་རྟེན་དམིགས་ལ། ཤཱུནྱ་ཏས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཛཾ་ལས་འོད་འཕྲོས། འཇིག་རྟེན་གྱི་རིན་པོ་ཆེ་ཐམས་ཅད་བཀུགས་ཏེ་ཛཾ་ལ་ཐིམ་པས། བི་ཛ་པཱུ་ར་ཛཾ་གྱིས་མཚན་པ་ལས་ཛཾ་བྷ་ལ་སེར་པོ་གསེར་འོད་འབར་བ་ནས། དོན་ཡོད་གྲུབ་པས་མཚན་པར་གྱུར་པར་བསྐྱེད་ལ། རང་གི་ཐུགས་ཀའི་ས་བོན་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ཛཾ་བྷ་ལའི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བྱས་ལ། ཐུགས་ཀའི་ས་བོན་གྱི་མཐར། ཨོཾ་ཛཾ་བྷ་ལ་ཛ་ལེནྟྲཡ་དྷ་ན་མེ་དི་ཧི་ཏཏྟ་པ་ཡ་སྭཱཧཱས་བསྐོར་བ་ལས་སྤྲོ་བསྡུའི་དམིགས་པ་བྱས་ལ་བཟླས་བརྗོད་བྱ། དེ་ནས་སོར་མོ་ལྔའི་རྩ་བར་རིགས་ལྔའི་ས་བོན་ལྔའི་བདུད་རྩིའི་ཆུས་མདུན་བསྐྱེད་ཀྱི་སྤྱི་བོ་ནས་དབང་བསྐུར་བས་ཚིམ་ནས་དེའི་མཛོད་སྤུའི་ཛཾ་སེར་པོའི་འོད་ཟེར་གྱིས་བདག་གི་གནས་ཐམས་ཅད་གང་ནས་དངོས་གྲུབ་ཐམས་ཅད་ཐོབ་པར་དམིགས་ལ་ཆུ་སྦྱིན་བྱ་སྟེ། སྙིམ་ཏོག་ལས། རྨུགས་འཛིན་གྱི་མཛོད་སྤུ་རུ་གནས་པ་ཡི་གེ་ཛཾ་སེར་པོ་ནས། ལག་པ་གཡས་པའི་སོར་མོའི་རྩ་བ་རྣམས་ལས་རྡོ་རྗེའི་ཆུ་དེ་བདུད་རྩིར་མོས། ཞེས་དང༌། ཨབྷྱའི་བར་གྱི་མན་ངག་ལས། དེ་ལ་རབ་གཞུག་ཅིང་དབང་བསྐུར་ནས་རྡོ་རྗེའི་ཆུ་འཁྱོར་བ་བརྒྱ་རྩ་བརྒྱད་བླུད་པར་བྱའོ། །ཞེས་སོ། །གསུམ་པ་ཕན་ཡོན་ནི། སྒྲོན་གསལ་ལས། དེ་ལྟར་བྱས་པས་དེ་མཉེས་ཤིང་སྒྲུབ་པ་པོའི་བསམ་པ་རྫོགས་པར་བྱེད་དོ། །ཞེས་དང༌། ཨ་བྷྱའི་གསུང་ལས། ཐུན་མཚམས་གསུམ་དུ་བསྒོམས་ནས་ཆུ་འཁྱོར་བ་བརྒྱ་རྩ་བརྒྱད་རབ་ཏུ་ཕུལ་པས་འཇིག་རྟེན་གསུམ་གྱིས་མངའ་རིས་སྟེར་བར་བྱེད་དོ། །སྔ་བར་བྱ་རོག་སྐད་སྒྲོགས་པ་ཙམ་ན་ཆུའི་ནང་དུ་བཟླས་ན་ནོར་མི་ཉམས་ཤིང་འཕེལ་བར་འགྱུར་རོ། །ཞེས་དང༌། དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་སྟེར་བར་འགྱུར་རོ། །ཞེས་སོ། འཕགས་པ་རྣམ་ཐོས་སྲས་མཆོག་ཛཾ་བྷ་ལ། །སྤྲུལ་པའི་སྐུ་མཆོག་སྒྲུབ་ཐབས་ལེགས་བྱས་པས། །འཇིག་རྟེན་སྐྱེ་པོའི་དབུལ་འཕོང་ཀུན་བྲལ་ཏེ། །ནམ་མཁའ་མཛོད་དང་རབ་དགའི་ས་ཐོབ་ཤོག །འཇིག་རྟེན་སྲེད་འབྲས་མང་ལྡན་འགྲོ་ནང་དུ། །སྙིང་རྗེས་ཡིད་ལྡན་དགེ་སློང་གསང་འདུས་པ། །འཇམ་དབྱངས་བཞད་པས་རང་གི་རྒྱུན་འཁྱེར་དང༌། །སྐྱེ་བོ་མང་ལ་ཕན་པའི་སེམས་ཀྱིས་ནི། །འཁོར་ལོ་སྡོམ་པའི་ཕོ་བྲང་ཕ་བོང་ཁར། །སྤྱན་རས་གཟིགས་དབང་སྲོང་བཙན་མདུན་དུ་བྲིས། །

                                                                                                                              རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།