ཕྱག་རྡོར་གཏུམ་ཆུང་གི་སྒོ་ནས་ཆར་འབེབས་པའི་མན་ངག་ཕན་བདེའི་འདོད་འཇོ་གསང་བདག་དགྱེས་པའི་གད་མོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 21:22:34     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

900932782721890016.jpg 

    བླ་མ་དང་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་རས་ཆུང་གོང་ཁུག་མར་གྲགས་པའི་རྡོ་རྗེ་གཏུམ་པོའི་སྒོ་ནས་ཆར་འབེབས་པ་ལ། འདིའི་ལུགས་ཀྱིས་རྫས་བསགས་ཅིང་མཎྜལ་འཆོས་ལུགས་སོགས་ཐུན་མོང་མ་ཡིན་པའི་མན་ངག་གཞན་དུ་ཤེས་དགོས་ལ། ཆོག་སྒྲིགས་ཙམ་ནི་རྡོ་རྗེ་གཏུམ་པོའི་མངོན་རྟོགས་རྒྱས་བསྡུས་མང་པོ་ཡོད་པའི་རྒྱས་པ་ལྷ་བཅུ་དགུ། འབྲིང་ལྷ་དགུ། བསྡུས་པ་ལྷ་ལྔ། ཤིན་ཏུ་བསྡུས་པ་གཙོ་རྐྱང་གི་མངོན་རྟོགས་གང་རུང་བསྐྱེད་དེ་སྐུ་གསུང་ཐུགས་བྱིན་བརླབས་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ། བཟླས་པ་དང་བཅས་པ་རྫོགས་པར་བྱས། དཀར་གཏོར་བདུད་རྩིར་བྱིན་གྱིས་བརླབས་པ་ཕུལ། མཆོད་བསྟོད་འདོད་དོན་ལ་གསོལ་བ་བཏབ་པས་ཞལ་གྱིས་བཞེས་པར་བསམ། མདུན་དུ་ཀླུའི་དཀྱིལ་འཁོར་བསྐྱེད་པ་ནི། ལས་སྔགས་ཀྱིས་བསངས། སྭ་བྷ་ཝས་དཀྱིལ་འཁོར་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རེ་རེ་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་དེ་རྣམས་ཀྱི་སྟེང་དུ་ཡི་གེ་ཕུཿཡོངས་སུ་གྱུར་པ་ལས། དབུས་སུ་ཀླུའི་རྒྱལ་པོ་སོགས་མ་མེད། ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང༌། དབང་ལྡན་ནས་བརྩམས་ཏེ་མཚམས་བཞིར་གཡས་བསྐོར་དུ་རིམ་པ་བཞིན་མཐའ་ཡས་དང༌། པདྨ་དང༌། འཇོག་པོ་དང༌། ནོར་རྒྱས་དང༌། པདྨ་ཆེན་པོ་དང༌། དུང་སྐྱོང་དང༌། ཀརྐོ་ཊ་དང༌། རིགས་ལྡན་དང་དགུ་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་སྟོད་ལྷའི་རྣམ་པ་ལ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། མདུན་གྱི་མཎྜལ་རྒྱ་མཚོ་ཆེན་པོར་གྱུར་པའི་སྟེང་ན་འཁོད་ཅིང་རེ་རེ་ཡང་འཁོར་ཀླུ་རིགས་གྲངས་མེད་པས་བསྐོར་བར་གྱུར། འདོད་རྒྱལ་གྱི་ཕྱག་རྒྱ་བཅས། རང་གི་སྙིང་ཀ་ནས་འོད་ཟེར་འཕྲོས་པས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དང༌། བྱེ་བྲག་ཏུ་ཡང་ཆར་འབེབས་པ་ལ་མཆོག་ཏུ་དབང་བའི་ཀླུ་རིགས་ཐམས་ཅད་བཛྲ་ས་མ་ཛཿས་སྤྱན་དྲངས་པར་མོས་ལ། ཨོཾ་བ་ཏ་ལི་བ་ཏ་ལི་ཧཱུཾ་ཧཱུཾ་ཛཿཿསྭཱཧཱ། ལན་གསུམ་དང༌། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་པོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧུ་ལུནྟ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྤྲུལ་བཟང་དང༌། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང༌། །ཚི་ལི་ཆེན་པོ་རྣམ་དག་ནི ཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨ་གཙྪ་ཨ་གཙྪ་མ་ཧཱ་ན་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུ་རུ་བྷུ་ཝ་ཕྲུཾ་ཕུ་སྭཱཧཱ། ཞེས་པས་མདུན་དུ་བྱོན་པར་བསམ། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། །ཨོཾ་མ་ཧཱ་ན་ག་ཨ་དྷི་པ་ཏ་ཡེ་གྲྀཧྣེ་དཾ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་པུཥྤེ། དྷུ་པཾ། དཱི་པཾ། གནྡྷཾ་བཅུག་པས་མཆོད། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་དང༌། ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱཧཱ། ཞེས་པ་སེ་གོལ་གཏོགས་པ་དང་བཅས་ལན་གསུམ། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱཧཱ། ཞེས་པ་ལན་གསུམ་གྱིས་གཏོར་མ་བསྔོ། དེ་ནས་བཟླས་པས་རྒྱུད་བསྐུལ་དགོས་པས་རང་ཕྱག་རྡོར་དུ་གསལ་བའི་ཞལ་ནས་སྔགས་ཀྱི་ཕྲེང་བ་ཀླུ་རྣམས་ཀྱི་ཞལ་དུ་སོང་ཀླུ་རྣམས་ཀྱི་སྙིང་ཁ་ནས་རང་གི་སྙིང་ཀར་ལུ་ཀུ་བརྒྱུད་དུ་འཁོར་བས་ཀླུ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གིས་རང་རང་གི་འཁོར་གྱི་ཀླུ་དང་ས་བདག་རྣམས་བསྐུལ་ཏེ་ཆར་ཆེན་པོ་བབས་པར་བསམ་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥཱ་ན་སྥུ་ཏ་སྥུ་ཏ། མཧཱ་ཀྲོ་ཏ་ཧཱུཾ་བི་ཏི་བི་ཏི། སྥོ་ཏ་ཡ། ནཱག་རཱ་ཛ་ས་མ་ཡ། ཆུ་ཏ་རི་སོད། སུརྱ་སོད། བ་རི་ཤ་ཡ། བ་རི་ཤ་ཡ། ཕུ་ཕུ་བ་རི་ཤ་ཡ་ནཱ་ག་ར་ཙ། ས་མ་ཡ་ཐུན་བྷྱོཿབྷྱོཿཞེས་པ་རབ་སྔགས་རྒྱུན་སོགས་གང་མང་བཟླ། ཡང་དེའི་ཚེ་སྤྲིན་སྡུད་ཀྱི་དམིགས་པ་ནི། རང་ངམ་གྲོགས་གཞན་ཞིག་གིས་དཀོན་མཆོག་ལ་སྤྱན་འདྲེན་ཁྲུས་གསོལ། ཡན་ལག་བདུན་པ་སོགས་ཡང་དང་ཡང་དུ་བྱ་ཞིང༌། དཀོན་མཆོག་གསུམ་གྱི་ཐུགས་རྗེ་དུས་ལས་མི་ཡོལ་བ་དང༌། ཆོས་ཉིད་རྣམ་པར་དག་ཅིང་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང༌། བདག་གི་ལྷག་པའི་བསམ་པ་རྣམ་པར་དག་ཅིང༌། སངས་རྒྱས་ཀྱི་ཞལ་མཐོང༌ གསུང་གི་བདུད་རྩི་མྱངས་ཤིང་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་ལྷ་ཀླུ་སྡེ་བརྒྱད་མཐུ་བོ་ཆེ་རྣམས་ཀྱིས་གཡར་དམ་བསྙེལ་པ་མེད་པའི་སྒོ་ནས་ཡུལ་ཕྱོགས་འདི་ཉིད་དུ་ཆར་ཆེན་པོ་མྱུར་དུ་འབབ་པར་མཛད་དུ་གསོལ། ད་ལྟ་ཉིད་དུ་འབབ་པར་མཛད་དུ་གསོལ། ཞེས་འོ་དོད་དྲག་པོ་འབོད་ཅིང་རྐང་དུང་སོགས་འབུད་པ་དམིགས་རྣམ་ལ་དེ་ལྟར་བྱ་ཞིང༌། རང་ལྷར་གསལ་པའི་མདུན་དུ་རྒྱ་མཚོ་ཆེན་པོ་སྟོང་གསུམ་ཙམ་གྱི་དབུས་སུ། པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་སྔར་ལྟར་ཀླུ་བསྐྱེད་པའི་འཁོར་ལོ་ལས་ཀླུ་དང་ས་བདག་རྣམས་རྒྱ་མཚོའི་ནང་ནས་ཧབ་དི་རེ་ལངས་ལ། ཁ་རླངས་ནམ་མཁའ་ལ་སྤྲིན་དུ་འཁྲིགས་ཏེ་སྤྲིན་གཞན་རྣམས་དེ་ལ་ཐིམ་པས་ཆར་ཆེན་པོ་བབས་པར་བསམ་ནས་སྔར་གྱི་སྔགས་ཡང་ཡང་བཟླས་ལ་དེ་ཚེ་རླུང་ལངས་ན་རླུང་གནོན་གྱི་མན་ངག་དང༌། སྤྲིིན་སྡུད་ཀྱི་གདམས་པ་དེ་གཉིས་སྦྲེལ་ནས་ནན་ཏན་བྱ། དུས་དྲུག་ཏུ་བྱས་པའི་དུས་རེ་རེ་ལ་ཡང་ཐུན་འཇོག་ཁར་ཨོཾ་ཨཱཿཨ་ནན་ཏཱ་ཡ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿཔདྨ་ཡ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿཏཀྵ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿབཱ་སུ་ཀེ་ཡེ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿམཧཱ་པདྨ་ཡེ་ཧཱུཾ་སྭཱཧཱ། །ཨོཾ་ཨཱཿཤངྑ་བཱ་ལ་ཡེ་ཧཱུཾ་སྭཱཧཱ། །ཨོཾ་ཨཱཿཀརྐོ་ཊ་ཡེ་ཧཱུཾ་སྭཱཧཱ། །ཨོཾ་ཨཱཿཀུ་ལི་ཀ་ཡེ་ཧཱུཾ་སྭཱཧཱ། །ཞེས་པའི་སྔགས་རྣམས་ཀྱིས་མེ་ཏོག་དཀར་པོས་མཆོད་ལ་ལག་པ་གཡོན་པ་གདངས་ཀའི་སྟངས་དང་བཅས་ལག་པ་གཡས་པ་བརྐྱང་སྟེ། ཨོཾ་ཨ་ནན་ཏ་བཱ་སུ་ཀི་ཏཀྵ་ཀ། །ཀརྐོ་ཊ་པདྨ་མཧཱ་པདྨ་ཤཾ། ཁ་བཱ་ལ་ཀུ་ལི་ཀ་དེ། དེ་བ་ཏི་མཧཱ་དེ་བ་སོ་མ་ཤི་ཁ་མཧཱ་སོ་མ་ཤི་ཁི། དཎྜ་དྷ་ར་མཧཱ་དཎྜ་དྷ་ར། ཨ་པ་ལཱ། ཧུ་ལུནྟ་ནནྟ་ཨུ་པ་ནནྟ། ས་ག་ར་མ་ཧཱ་ས་ག་ར། ཏཔྟ་མཧཱ་ཏཔྟ། ཤྲི་ཀན་ཏི། མཧཱ་ཀན་ཏི། རཏྣ་ཀན་ཏི་སུ་རཱུ་པ་མཧཱ་སུ་རཱུ་བ། བྟ་དྲ་ཧི་ཀ་མ་ཧོ་དར་ཤི་ལི་མཧཱ་ཤི་ལི། ཨོཾ་བྷཀྵ་བྷཀྵ་ཨ་གཙྪ་ཨ་གཙྪ་མཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུར་བྷུ་བ་ཕྲུཾ་ཕུ་སྭཱཧཱ། ཞེས་པའི་སྔགས་ཀྱིས་འོ་མའི་གཏོར་མ་ཕུལ་ནས་མཆོད། སྔགས་རྒྱས་བསྡུས་ཅི་རིགས་ཀྱིས་མཆོད་ལ་ཆར་འབབ་པའི་འཕྲིན་ལས་སྔར་ལྟར་བཅོལ་ནས་ཞལ་གྱིས་བཞེས་པར་བསམ། ཆར་ཕེབས་ནས་རྗེས་ཆོག་ནི་གཏང་རག་དང་ཀླུ་གཏོར་དང་ཆུ་གཏོར་མང་དུ་བཏབ་ལ། ཨོཾ་ནཱ་ག་ཨ་དྷི་བ་ཏ་ཡེ་གཙྪ། ཞེས་སེ་གོལ་གཏོགས་པས་དཀར་ཕྱོགས་པ་རྣམས་གཤེགས། བྱ་ཁྱུང་ཕྱག་རྒྱ་དང་གཟུགས་བརྙན་རྣམས་ཆུ་མིག་གི་ནང་དུ་བཅུག །ཨོཾ་ག་རུཊ་ཧཾ་ས་ཧེ་ཙ་ལེ་ཅ་ལ་སྭཱཧཱ། ཨོཾ་ནཱ་ག་རཱ་ཛ་ཨུ་ཙ་ཊ་ཡ་ཕཊ། ཅེས་པས་ཀླུ་ནག་ཕྱོགས་ལ་དགའ་བ་རྣམས་བྱ་ཁྱུང་གི་ཚོགས་ཀྱི་རང་རང་གི་གནས་སུ་དེད་པར་བསམ་མོ། །ཆར་དུས་སུ་མ་ཕེབས་ན་སྤོག་ཆོག་ནི། ཀླུའི་ཙ་ཀ་ལི་རང་ལྷར་གསལ་པའི་རང་གི་རྐང་འོག་ཏུ་མནན་རང་ཉིད་རྡོ་རྗེ་གཏུམ་པོ་སྐུ་ཤིན་ཏུ་ཆེ་བ་ཞབས་བུས་མན་ཆད་ཀྱི་རྒྱ་མཚོ་ཆེན་པོ་དཀྲུགས་ཤིང་དབུ་ཚངས་པའི་འཇིག་རྟེན་ལས་ཀྱང་བརྒལ་བ་ཡན་ལག་རགས་ཤིང་དྲག་ཏུ་ཁྲོས་པར་གསལ་བའི་ཞབས་ཀྱིས་ཀླུ་རྣམས་ཀྱི་མཇུག་མ་མནན་པའི་ཞལ་ལས་ཆུ་སྐྱུགས་པར་བསམ་ལ། དེ་རྣམས་དང་མཎྜལ་གྱི་ཀླུ་རྣམས་ཐུན་གྱིས་བྲབ་པས་ཁྲོ་བོ་དང་བྱ་ཁྱུང་དང་བྱེ་ཚན་གྱི་ཆར་གྱིས་ཀླུ་རྣམས་གདུངས་པའི་སྙིང་ཁྲག་ཏུ་སྐྱུགས་ནས་ཆར་དྲག་པོ་འབབ་པར་བསམ་ལ། ཨོཾ་བཛྲ་ཙཎྚ་མཧཱ་རོ་ཥཱ་ཎ་ཧཱུཾ་ཕཊ། ཨོཾ་ནཱ་ག་ར་ཙ་ཐུམ་ལིང༌། ནཱ་ག་ར་ཙེ་ཤཀ་ཐུན། ནཱ་ག་ར་ཙ་ལ་ཤི་རྦད། ནཱ་ག་ར་ཙ་ཧུར་ཐུམ། ནཱ་ག་ཡ་ཐུམ། ནཱ་གའི་སྲོག་ལ་ཛ་ཛ། ནཱ་ག་ས་མ་ཡ་རྦད། ནཱ་གའི་སྙིང་ལ་དུན་ཕྲིལ་ཕྲིལ། ནཱ་ག་མཱ་ར་ཡ་ཁྲག་རི་རྦད། ནཱ་གའི་སྙིང་ལ་ཐུམ་བྷྱོ་བྷྱོཿབཱ་རི་ཡ་ཡ་ཐུན་བྷྱོཿཅེས་བཟླས་པས་ངེས་པར་འབེབས་པར་འགྱུར། གཏང་རག་སོགས་མཇུག་ཆོག་སྔར་ལྟར་བྱའོ། །ཀླུ་ཆེན་འདུ་བའི་མན་ངག་འདི་ནི་ཆར་ངེས་པར་འབེབས་ཐུབ་པ་བླ་མ་གོང་མ་བཞེད་པར་སྣང་བ་དོན་ལ་གནས་པར་བསམ། ཞེས་ཕྱག་རྡོར་གཏུམ་ཆུང་གི་སྒོ་ནས་ཆར་འབེབས་པའི་མན་ངག་ཕན་བདེའི་འདོད་འཇོ་གསང་བདག་དགྱེས་པའི་གད་མོ་ཞེས་པ་འདིའང༌། བྱང་ཕྱོགས་རྒྱ་ཧོར་སོག་གསུམ་གྱི་ཡུལ་གྲུར་ཆོས་ཀྱི་བདུད་རྩིའི་སྒོ་བརྒྱ་འབྱེད་པའི་ཤི་རེ་ཐུ་ཞབས་དྲུང་རིན་པོ་ཆེའི་བཀས་བསྐུལ་པ་ལྟར། མང་དུ་ཐོས་པའི་འཇམ་དབྱངས་བཞད་པའི་རྡོ་རྗེས་འདིའི་སྒྲུབ་ཐབས་ལས་ཚོགས་རྒྱ་བོད་ཀྱི་མཁས་གྲུབ་མང་པོས་གནང་བ་དག་གི་དགོངས་དོན་ཆོག་སྒྲིགས་ཙམ་སྦྱར་བའི་དགེ་བས་ཡུལ་ཕྱོགས་ཐམས་ཅད་དུ་ཆར་ཆུ་དུས་སུ་འབབ་པ་སོགས་ཕན་བདེའི་སྒོ་བརྒྱ་འབྱེད་པའི་རྒྱུར་གྱུར་ཅིག །ལག་པ་ཐལ་མོ་སྦྱར་བ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེངས་ལྷག་མ་ཕྱིར་བཀྱེད་དེ་ཨུཏྤལ་ལྟར་བྱས་པ་འདི་ནི་ཀླུ་ཐམས་ཅད་དགའ་བར་བྱེད་པའི་དམ་ཚིག་གི་ཕྱག་རྒྱའོ། །

                                                                                                                             རྩོམ་སྒྲིག་པ། མང་ར་བ།

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།