འདོད་འཇོའི་བུམ་བཟང་སྐལ་བཟང་རེ་སྐོང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 21:11:18     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

358131054518963745.jpg 

    ན་མ་སྶྭ་ར་སྭ་སྟྱཻ། སྲིད་ཞིའི་རྨད་བྱུང་མཛེས་སྡུག་གཅིག་བསྡུས་སྐུ། །མཁའ་ཁྱབ་འགྲོ་བློར་འཆར་བའི་དྲུག་ཅུའི་གསུང༌། །ཀུན་རྟོག་རླུང་ཞི་ཐུགས་རྗེས་རྟག་ཁྱབ་ཐུགས། །ཐམས་ཅད་མཁྱེན་ཡུམ་མ་ལ་གུས་བཏུད་ནས། །ལྷ་མོ་བསྙེན་སྒྲུབ་ཟབ་མོའི་ཁྱད་པར་དང༌། །གེགས་སེལ་བོགས་དབྱུང་ལས་ཚོགས་གཅེས་རྣམས་བྲི། །

    དེ་ལ་འདིར་དབྱངས་ཅན་ལྷ་མོ་འདིའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཞག་ལ། དང་པོ་ཁུངས་བཙུན་པའི་ལོ་རྒྱུས་དང༌། བསྙེན་པ་དང༌། སྒྲུབ་པ་དང༌། དེ་དག་གི་དུས་ཀྱི་དམ་ཚིག་དང་སྤྱོད་ལམ། གེགས་སེལ་ཞིང་བོགས་འདོན་ཚུལ་དང༌། འདིའི་ལས་རབ་འབྱམས་ལས་གཅེས་པ་ཉེར་མཁོ་བཤད་པ་དྲུག །དང་པོ་ལ་བྲམ་ཟེ་ཕུར་བུའི་རྒྱ་གཞུང་ལྷ་མོ་དང་ཕུར་བུའི་ལོ་རྒྱུས་པི་ཝང་ལྷ་མོའི་སྒྲུབ་ཐབས་གཉིས་དང༌། སུམ་ལོ་སོགས་ཀྱི་སྒྲུབ་ཐབས་དང་བརྒྱུད་ཚུལ་རྣམས་ཡིན་ལ། དེ་ཡང་རྗེ་རིན་པོ་ཆེ་ནས་བརྒྱུད་པ་དང་གཞན་ནས་བརྒྱུད་པ་གཉིས་སོགས་ཡོད་པ་ཟུར་དུ་ཤེས་པར་བྱའོ། །

    གཉིས་པ་བསྙེན་དུས་ཀྱི་ཁྱད་པར་ཕལ་ཆེར་སྒྲུབ་ཐབས་སུ་བཤད་པ་ལྟར་བྱས་ལ། གྲངས་དང༌། རྟགས་མཚན་དང༌། དུས་ཟླ་དྲུག་གི་བར་དུ་བསྒོམ་ལ། ཁ་སྐོང་ངམ་བཅུ་ཆའི་སྦྱིན་སྲེག་བྱེད་ཚུལ་རྣམས་ཡིན་ཏེ། ལེགས་གྲུབ་དང་སྤྱི་རྒྱུད་སོགས་རྒྱུད་སྡེ་བཞི་ཀའི་དགོངས་པ་ཡིན་ནོ། །

གསུམ་པ་སྒྲུབ་ཚུལ་ལ་དུ་མ་ཡོད་ཀྱང་འདིར་ནི་སྔ་མའི་གསུང་རྒྱུན་ལྟར་བཀོད་ན། འདི་སྒྲུབ་པར་འདོད་པས་གནས་དབེན་པའི་ས་ཕྱོགས་གཙང་མར་རྒྱུད་ལྟར་ཁྲུས་དང་གཙང་སྦྲ་ལ་གནས་པས། སྒྲུབ་པའི་དཀྱིལ་འཁོར་རྗེས་གནང་གི་དུས་ལྟར་བྲིས་ཤིང་བཀོད་པའི་ལྟེ་བར་ལྷ་མོའི་སྐུའམ་མཚན་མ་བཞག་ལ། མཐར་མཆོད་གཏོར་གང་དགོས་བཤམས་ལ། ཐོག་མར་བདག་བསྐྱེད་མངོན་རྟོགས་ལྟར་དང༌། དེ་རྗེས་མདུན་སྐྱེད་ལྷ་མོ་ཡིག་འབྲུ་དང་བཅས་པ་བསྐྱེད་ལ། མཆོད་ཡོན་མན་ངག་ལྟར་བསྒྲུབས་པས་སྤྱན་འདྲེན་དགོས་པས། དེ་ལྟར་སྤྱན་དྲངས་ལ་རྒྱུད་སྡེ་སྤྱི་རྣམ་ལྟར་མཆོད་བསྟོད་རྗེས་སུ་བདག་མདུན་ལ་ང་རྒྱལ་གསལ་སྣང་བསྐྱེད་ནས། བཟླས་པའི་སྐབས་སུ་སྔགས་ཀྱི་ཕྲེང་པ་རང་གི་ཞལ་ནས་མདུན་སྐྱེད་ཀྱི་ཞལ་དུ་འཁོར་ཞིང་མངོན་རྟོགས་ལྟར་དངོས་གྲུབ་ཐམས་ཅད་དང་ཁྱད་པར་ཤེས་རབ་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ་བཟླས་ནས་གསུང་གི་རྗེས་གནང་ལྟར་དངོས་གྲུབ་ལེན་པ་ཡིན་ལ། འདི་ཙམ་ལས་མ་བྱུང་ཡང་ཐོག་མཐའ་བར་གསུམ་གྱི་བྱ་བ་འགའ་ཞིག་ཞལ་ལས་ཤེས་དགོས་ཤིང༌། དམ་ཚིག་ཡང་མང་ངོ༌། །འདི་ཤིན་ཏུ་གཅེས་སོ། །

    བཞི་པ་ལ་དེ་དུས་ཀྱི་དམ་ཚིག་དང༌། སྤྱོད་ལམ་གྱི་ཁྱད་པར་དང༌། གེགས་སེལ་ཞིང་བོགས་འདོན་པ་གཉིས། དང་པོ་ནི། བསྙེན་པ་དང༌། སྒྲུབ་པ་ཐམས་ཅད་ཀྱི་དུས་སུ་སྤྱི་རྒྱུད་དང་ལེགས་གྲུབ་ཀྱི་རྒྱུད་ལྟར་གྱི་གནས་ཡོ་བྱད་སྤྱོད་ལམ་བསྒོམ་ཚུལ་སོགས་བྱ་སྤྱོད་ཀྱི་སྐབས་འདིར་ཤིན་ཏུ་གལ་ཆེ་ཞིང༌། དེ་དག་གི་གཙོ་བོ་དག་ལ་ཅི་ལྕོགས་བྱ་ལ། ཁྱད་པར་དུ་དཀོན་མཆོག་ཏ་ལ་ལས། ཏམ་བུ་ར་ཡི་ཆུང་མ་དབྱངས་ཅན་མ། །ཚངས་པའི་བུ་མོ་ཡིད་ལས་བྱུང་བ་སྟེ། །བདེན་དང་དམ་བཅས་མི་འགལ་རྣམས་ཀྱི་ཡང༌། །སེམས་དང་ཡིད་དང་ཁ་ཡི་སྒོར་ཞུགས་ཏེ། །དབྱངས་ཅན་ཆགས་བཅས་ཞེ་སྡང་ཅན་དེ་ཡང༌། །བརྟུལ་ཞུགས་གྲུབ་མཐུན་དབྱངས་ཀྱི་ཡན་ལག་གིས། །ཡིད་འོང་སྐད་ཀྱིས་འཇིག་རྟེན་མགུ་བྱེད་ན། །ཡོན་ཏན་ཡེ་ཤེས་ཕྱུག་རྣམས་ཅིས་མི་བྱེད། །ཅེས་གསུངས་པ་ལྟར་གཙོ་བོར་རྗེས་སུ་འཛིན་པའི་རྒྱུ་ནི། དུས་དང་གནས་སྐབས་ཐམས་ཅད་དུ་གཙང་སྦྲ་ལྷུར་བྱ། ལྷམ་དང་སྟན་དང་སྒ་ལ་སོགས་པ་སྔས་སུ་མི་གཞུག །རང་ཉལ་བའི་སྟེང་དུ་ལྷམ་བཀལ་བ་དང་ཀྲད་པ་བཏགས་པའི་འོག་ཏུ་མི་བསྡད་གསུངས་པ་ལྟར་དང༌། མི་དགེ་བ་སྤྱི་དང་ཁྱད་པར་དུ་རྫུན་ངག་ཀྱལ་ཆོས་སྤོང་བ་རྣམས་སྤངས་ཤིང་ཚངས་པར་སྤྱོད་པ་དང༌། བསྙེན་སྒྲུབ་དུས་སྨྲ་བ་བཅད་པ་སོགས་གལ་ཆེ་སྟེ། འདིའི་སྒྲུབ་ཐབས་ལྔའི་ནང་གི་ནམ་མཁའ་ལྡིང་གི་བསྟན་བཅོས་ལས། རྫུན་ཏུ་སྨྲ་བ་རྣམས་སྤངས་ཤིང༌། །ཚངས་སྤྱོད་ལ་ནི་གནས་པ་དང༌། །རྟག་ཏུ་གཙང་སྦྲ་ལ་དགའ་བས། །ཚིག་གིས་བར་མ་ཆད་པ་རུ། །ཞེས་གསུངས་སོ། །དེ་བཞིན་དུ་གསུང་རབ་ཀྱི་ཡི་གེ་ཚུན་ཆད་ལ་གུས་པ་དང༌། དུང་དང་རྡོ་རྗེ་སོགས་ལྷའི་ཕྱག་མཚན་དང་མཆོད་རྫས་རྙིང་བ་སོགས་ལའང་འགོམ་པ་སྤང་བར་བྱ་སྟེ། སྦྱོང་རྒྱུད་ལས། རྙིང་དང་ལྷ་ཡི་གྲིབ་མ་དང༌། །ཕྱག་རྒྱ་ཡི་གེ་མཚན་མ་རྣམས། །གོམ་པས་འགོམ་པར་མི་བྱའོ། །ཞེས་གསུངས་པ་སོགས་སོ། །

    གཉིས་པ་གེགས་སེལ་ཞིང་བོགས་འདོན་ཚུལ་ལ་སུམ་ལོའི་མན་ངག་དང༌། དམར་རྒྱའི་མན་ངག་དང༌། རྒྱ་གར་པཎ་ཆེན་ཟུང་གི་མན་ངག་ལོ་ཆེན་རིན་རྣམ་གྱི་མན་ངག་ལས། དང་པོ་ནི། ལྷ་མོ་འདི་སྒྲུབ་པའི་དུས་སུ་དངོས་གྲུབ་ཆེན་པོ་འབྱུང་ཁར་གེགས་བཞི་འབྱུང་བས་དེ་བསལ་བ་ནི། ཐོག་མར་གྲེ་ལྕེ་བདེ་བའི་དངོས་གྲུབ་འབྱུང་བ་ཡིན་ལ། སྐབས་དེར་གྲིབ་ཀྱིས་ཕོག་ན་གེགས་སུ་འགྱུར་བས་དེ་བསལ་བ་ནི། དང་པོ་སྒྲུབ་པ་ལ་འཇུག་པའི་སྔོན་རང་ནས་གཞི་བདག་དང་རང་གི་ལྷན་ཅིག་སྐྱེས་པའི་ལྷ་འདྲེ་ལ་གཏོར་མ་བསྔོ་ཞིང་གྲོགས་བཅོལ། །དེ་ནས་སྙན་དངགས་དང་སྨྲ་སྤོབས་ཀྱི་དངོས་གྲུབ་འབྱུང་ཁར་ལྕེ་དིབ་བམ་ལྕི་བ་ཡོང་བས་ནུས་པ་ཅན་གྱི་སྔགས་ཆུའམ་རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ཆུའམ། རྟེན་བྱིན་རླབས་ཅན་ལ་སྐུ་ཁྲུས་གསོལ་བའི་ཁྲུས་ཆུས་ཁ་བཤལ་ཞིང་གདོང་ཡང་བཀྲུའོ། །འཛིན་བཟང་པོའི་དངོས་གྲུབ་འབྱུང་ཁར་བུད་མེད་ལ་ཆགས་པའི་ཉོན་མོངས་དྲག་པོ་སྐྱེས་ནས་དབང་པོ་མི་ཐུལ་པ་འབྱུང་བས་དེ་བསལ་པ་ནི། དབང་པོ་ལྔའི་སྒོ་ཀུན་སྙིང་ལ་ཐུག་གི་བར་དུ་རྒྱུ་མའི་ནང་ཙམ་རེ་སྟོང་སང་ངེ་བར་བསམ་མོ། །དེ་ཅིག་ཅར་བྱར་མི་རུང༌། དེས་སེལ་བ་ལ་ཐེ་ཚོམ་མེད་དོ། །སྤྱོད་པ་དང་དྲན་པ་བཟང་པོའི་དངོས་གྲུབ་འབྱུང་ཁར། ཤེས་པ་སྨྱོ་འབོག་གི་ཚུལ་སྟོན་ཏེ། དེ་བསལ་བ་ནི། རང་གི་སྙིང་ཆུ་ཤིང་གི་ཡལ་ག་ལྟར་ཁ་ཐུར་དུ་བལྟས་ཏེ་གནས་པ་ལ་རེ་ཞིག་བློས་གྱེན་དུ་བསླངས་ནས་གསེར་གྱི་རྡོ་རྗེ་རྒྱ་གྲམ་ལྕི་བས་མནན་པར་བསྒོམ། ཤེས་པ་ཡུལ་ལ་མི་འཕྲོ་བར་འཇོག་པ་ནི་གདམས་ངག་གི་གནད་ཡིན་ནོ། །ཡང་ན་ཁྲོ་བོ་གང་ཡང་རུང་པའི་སྙིང་པོའམ། རྩ་སྔགས་ཀྱིས་སྙིང་ཁ་ཟུམ་པ་དེ་ཐག་པའི་ཚུལ་དུ་བཀྱིག་ནས་དེའི་སྟེང་དུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་མི་འགུལ་པར་བསྒོམ་མོ། །སྒྲུབ་ཐབས་འདི་ལ་གེགས་སེལ་འདི་ལས་ཟབ་པ་མེད་གསུངས། གཉིས་པ་ནི། འདི་ལ་དམིགས་པ་དང་འབྲེལ་བའི་མན་ངག་དང༌། རླུང་དང་འབྲེལ་བའི་མན་ངག་གཉིས། དང་པོ་ལ་གསུམ་སྟེ། སྤོབས་པ་བཟང་ཞིང་མྱུར་བའི་གེགས་ནི། བློ་རྒོད་ཅིང་ཕྲག་དོག་ལ་ཁྲོ་བའི་སྐྱོན་འབྱུང་སྟེ། དེའི་གཉེན་པོར་ཐུན་འཇོག་ཁར་རང་གི་སྙིང་གི་པདྨ་བསྡུས་ཏེ་དཔེར་ན་བུམ་སྐུ་བསྡུས་པ་བཞིན་དུ་བསམས་ནས། མཐའ་ན་ཕར་ལ་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམ་རྟ་མགྲིན་ནམ། ཕྱག་རྡོར་ལ་སོགས་ཁྲོ་བོའི་སྙིང་པོ་སྔགས་ཀྱི་ཕྲེང་བས་དམ་དུ་དཀྲིས་ནས་ཁ་མི་ཕྱེད་པར་བསམ། འདི་སྙིང་རླུང་གནོན་པ་ལ་ཡིད་ཆེས་ཕན་ནོ། །གཉིས་པ་བློ་གསལ་བ་དང་སྤོབས་པ་བརྟན་པ་དང༌། བརྗེད་མི་ངས་པའི་དངོས་གྲུབ་འབྱུང་ཁར། ཀུན་ནས་དཀྲིས་པ་སྐྱེ་བའི་སྐྱོན་འབྱུང་སྟེ། དེའི་གཉེན་པོར་ཐུན་འཇོག་ཁར་རང་ཉིད་འཇམ་དཔལ་དཀར་བོ་ཞལ་གཅིག་ཕྱག་གཉིས་པ་པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་གཡས་རལ་གྲི་གདེངས་པ། གཡོན་ཨུཏྤ་ལའི་སྟེང་ན་པོ་ཏི་ཡོད་པའི་ཡུ་བ་ཐུགས་ཀར་བཟུང༌བ། རིན་པོ་ཆེའི་རྒྱན་ཅན། དར་གྱི་ཤམ་ཐབས་བཅིངས་པ་ཅུང་ཟད་ཁྲོས་པར་བསམ་ལ་དབུགས་ཐུབ་ཚད་ནང་དུ་བཟུང་བ་ལན་གསུམ་བསྒོམ། འདིས་ནི་ཤེས་རབ་སྐྱེ་བར་འདུག་གསུང་ངོ༌། །ཡང་དེ་ཚེ་ཆགས་པ་ཆེ་ན་ལུག་རུའི་མེ་ཏོག་གི་ཕྱེ་མ་ནང་བར་ལྟོ་སྟོང་ལ་ཚོད་མ་སོགས་དང་སྦྱར་རམ་བཅུད་ལེན་ལྟར་ཅུང་ཟད་བཏང་བ་མན་ངག་ཡིན་ལ་མང་ན་སྐྱོན་ཡང་བཤད་དོ། །

    གསུམ་པ་ནི། རྩོད་པའི་ངག་དང་སྙན་ངག་དང་སྡེབ་སྦྱོར་ལ་སོགས་པའི་དངོས་གྲུབ་འབྱུང༌ཁར་དེའི་གེགས་ཏམ་བུར་ལ་ཆུང་མ་དབྱངས་ཅན་མ་དང་ནོར་རྒྱུན་མ་གཉིས་ཡོད་པ་ལས་དེ་གཉིས་ཕན་ཚུན་ཕྲག་དོག་བྱེད་པས་གཅིག་མཆོད་ན་གཅིག་ཁྲོ་བ་དེས་ན་དབྱངས་ཅན་མ་སྒྲུབ་ན་ནོར་རྒྱུན་ཁྲོ། དེས་ལོངས་སྤྱོད་ལ་གནོད་པས་ན་མཁས་པ་ཕལ་ཆེར་དབུལ་བོར་གནས་ཞེས་འབྱུང་བས་དེ་བསལ་བ་ནི། ཐུན་མཚམས་ཐམས་ཅད་དུ་སྣོད་གཙང་མར་ཟན་གཙང་མ་འཐེབ་ཀྱུ་རེ་བསྐྱུར་ལ། དེ་ལ་ཆུ་བླུགས་ཏེ། ཨོཾ་ཨཱཾཿཧཱུཾ་གསུམ་བརྗོད་པས་བདུད་རྩིར་བྱིན་གྱིས་བརླབས་ལ། ཨོཾ་བ་སུ་དྷ་རི་ཧཱུཾ་སྭཱཧཱ། བརྩེགས་གཏོར་གྱིས་ཆོག་གོ །འདི་ནི་ནོར་སྒྲུབ་ཏུ་ཡང་འགྱུར་རོ། །རླུང་དང་འབྲེལ་བའི་མན་ངག་ནི། ཤེས་པ་རྒོད་ན་ཐུན་འཇོག་ཁར་འཁོར་ལོའི་ཧྲཱིཾཿདེ་ལྕེ་ནས་སླར་ལོག་ནས་སྙིང་ཁའི་ཧྲཱིཾཿལ་ཐིམ། རླུང་མནན་ལ་ཤེས་པ་ཧྲཱིཾཿལ་གཏད་ལ་བསྒོམ། ཆགས་པ་སྐྱེ་ཞིང་ཐིག་ལེ་འཛག་ན། འཁོར་ལོའི་ཧྲཱིཾཿདེ་སྙིང་ཁའི་ཧྲཱིཾཿགི་ཞབས་ནས་ཐིམ་པར་བསམ་ཞིང་འོག་རླུང་བསྡམས། ཤེས་པ་ཧྲཱིཾཿལ་གཏད་ལ་བསྒོམ། བར་ཆད་བསྲུང་ཞིང་དངོས་གྲུབ་ཉེ་བར་འདོད་ན་སྒྲུབ་པ་ལ་འཇུག་ཁར་བླ་མ་དང་དཀོན་མཆོག་དང་དགེ་འདུན་ལ་མཆོད་པ་དང་བསྙེན་བཀུར་ཅི་འབྱོར་བ་དང༌། བདག་སྒྲུབ་པ་ཅིག་བགྱིད་པས་དེ་ལ་བར་ཆད་མི་འབྱུང་ཞིང༌། དངོས་གྲུབ་མྱུར་དུ་འགྲུབ་པའི་ཕྱིར་སྨོན་ལམ་གདབ་པར་ཞུ་ཞེས་གཏོར་མ་བཏང༌། བྱིན་རླབས་ཞུ། སྔགས་མདུད་ལ་སོགས་བ་གདགས་སོ། །གསུམ་པ་ནི། ཡུན་རིང་བསྒྲུབས་ཀྱང་མ་གྲུབ་ན། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ལྷ་མོ་གནས་པའི་ས་ནས་ཡང་དང་ཡང་དུ་ལྷ་མོ་སྤྱན་དྲངས་དེ། རང་གི་ལུས་ལ་བསྟིམ་པར་བྱའོ། །སྒྲུབ་ཁང་གི་ཕྱོགས་ཐམས་ཅད་དྲི་ཟའི་བུ་མོ་རྣམས་ཀྱིས་བསྐོར་བར་བསམ་པར་བྱའོ །མེ་ཏོག་དཀར་པོའི་ཚལ་དང༌། བྱ་ངང་པའི་རྒྱལ་པོ་དང༌། ངང་པའི་བུ་མོ་སྒྲ་སྙན་སྒྲོགས་པ་དང༌། གླང་པོ་ཆེ་དཀར་པོོའི་ཚོགས་འགྱིད་པ་དང༌། དྲང་སྲོང་བསམ་གཏན་བསྒོམ་པ་དང༌། རབ་ཏུ་ཞི་བའི་སྦྱིན་སྲེག་ལ་གནས་པའི་ཚུལ་དུ་ལྷ་མོ་མངོན་གསུམ་དུ་མཐོང་སྟེ། ཞབས་ལ་འཇུས་ཤིང་ཕྱག་བྱས་ནས། དད་པ་དང་གུས་པས་ཉིན་མཚན་དུ་བསྒོམ་བར་བྱའོ། །དེས་ཀྱང་མ་གྲུབ་ན་ཧྲཱིཾཿདཀར་པོ་མགོ་ཐུར་དུ་བསྟན་པ་ལ་དམིགས་ནས་ཆོས་ཉིད་ཀྱི་སྤྲོས་པ་བཟློག་སྟེ་ཉིན་མཚན་ཐོག་ཐག་ཧྲཱིཾཿཡིག་བཟླས་པར་བྱའོ། །ལས་སྦྱོར་ལ། རྩོད་པ་ལས་རྒྱལ་བ་དང༌། དུག་དང་རིམས་སོགས་ཞི་བ་དང༌། གཞན་དབང་དུ་བྱ་བ་དང༌། བྱིས་པ་བློ་གྲོས་བསྐྱེད་པ་དང༌། སྦྱིན་སྲེག་གིས་བློ་གྲོས་སྐྱེད་པ་སོགས་དང་ལྔ། དང་པོ་ལ། རྩོད་པ་ལས་རྒྱལ་བ་དང༌། ལོག་སྨྲ་ལས་རྒྱལ་བའི་མན་ངག་གཉིས། དང་པོ་ནི། གཞན་དང་ཤགས་འགྲན་པ་དང༌། ཆོས་ཀྱི་བགྲོ་གླེང་བྱེད་ན་དེ་དུས་སྙིང་ཁར་བསྒོམས་པའི་དབྱངས་ཅན་མའི་འཁོར་ལོ་གཉིས་པོ་གང་རུང་ལྕེའི་དབུས་སུ་བསྒོམས་ནས་འོད་ཟེར་སྤྲོ་བསྡུའི་དམིགས་པས་རྩོད་པ་སོགས་བྱས་ན་མི་རྒྱལ་མི་སྲིད་གསུངས། གཉིས་པ་ལ་གཞན་སྡེ་དང་རང་སྡེ་གཉིས་ལས། གཞན་སྡེ་ལ་རྩོད་ན་ཞག་གསུམ་གོང་རོལ་ནས་ཁོའི་སྲོག་རྩ་དབུ་མའི་ནང་དུ་གསེར་གྱི་མཆོད་རྟེན་འཁོར་ལོ་བཅུ་གསུམ་གདུགས་དང་བཅས་པ། ལྕེ་ལ་རྡོ་རྗེ་རྒྱ་གྲམ་འོད་དང་བཅས། ཡ་རྐན་ལ་ཟངས་ཀྱི་འཁོར་ལོ་རྩིབས་བརྒྱད་པ། མ་རྐན་ལ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ། གསུམ་པོ་དེའི་ལྟེ་བར་ཧྲཱིཾཿནག་པོ་གཅིག་གིས་སྲོག་ཤིང་གི་ཚུལ་དུ་ཐལ་གྱིས་འགྱུར་བ་མེད་པར་བསམ། རང་གི་ལྕེའི་སྟེང་དུ་དབྱངས་ཅན་མའི་འཁོར་ལོ་བསྐྱེད། འཁོར་ལོ་དགུག་གཞུག་སྔར་བཞིན་བྱས་ལ་ཧྲཱིཾཿཆེ་གེ་མོའི་ངག་སྟམ་བྷ་ཡ་ནན་ཞེས་བཏགས་པ་བཟླས། དེ་ནས་རྩོད་པའི་དུས་སུ་འཁོར་ལོ་གསལ་གདབ། གང་རུང་རུང་ལ་མི་བྱ་ཞིང་གལ་ཆེ་ན་དབང་ལས་དང་འབྲེལ་བ་མན་ངག་གོ །དེ་ཕྱི་པ་དང་རྩོད་ཚུལ་ལོ། །གཉིས་པ་ནང་བ་དང་རྩོད་ན་རང་གི་ལྕེ་ལ་སྔར་བཞིན་ཁོའི་ལྕེ་ལ་རྡོ་རྗེ་རྒྱ་གྲམ་གྱིས་ཆོག །ཤགས་འགྲན་ཡང་དེ་བཞིན་ནོ། །གཉིས་པ་ནི། རང་ངམ་གཞན་དུག་བཞི་པོ་གང་ཡང་རུང་བས་ཟིན་པ་དེའི་དབྲལ་བར་དབུས་སུ་དབྱངས་ཅན་མའི་འཁོར་ལོ་དབྱངས་ཡིག་སྤངས་པ་ཧྲཱིཾཿཡང་ནཱ་ད་དང་བྲལ་བ་འཐིག་ལ་ཁད་པ་འདྲ་བ་ཅིག་བསྒོམ། ཧྲཱིཾཿཧྲཱིཾཿཞེས་གྲངས་མི་བཟུང་བར་བཟླས་པས་ཧྲཱིཾཿགི་ཐིག་ལེ་ནས་བདུད་རྩིའི་རྒྱུན་དཀར་པོ་དཔྲལ་བ་ལ་བབས་ནས་ཟླ་བ་དང་པདྨའི་སྟེང་ན་མར་བདལ་ནས། མགོ་བོའི་སྟེང་ནས་རྩ་གནས་ཐམས་ཅད་ཁྱབ། རྐང་མཐིལ་ནས་སྤྱི་གཙུག་མན་ཆད་གང་བས་དུག་ཐམས་ཅད་སོར་མོ་ཉི་ཤུའི་སེན་མོའི་བར་དང༌། བཤང་གཅི་གཉིས་ཀྱི་ལམ་ནས་ཆུ་ནག་པོའི་ཚུལ་དུ་ཟངས་སེ་བྱུང་བར་བསྒོམས་ན་དུག་གིས་བརྒྱལ་ཏེ་འགྱེལ་ནས་འདུག་ཀྱང༌། དུག་བྱང་ནས་དྲན་པ་རྙེད་དེ་ལྡང་ངོ༌། །སྦྱོར་བ་འདིས་ནི་རིམས་ནད་ཐམས་ཅད་ཀྱང་ཞི་བར་འགྱུར་རོ། །

    གསུམ་པ་ནི། བསྒྲུབ་བྱ་གདུག་པ་ཅན་རྒྱལ་པོ་ལ་སོགས་སྡིག་པའི་ལས་ཆེན་པོ་ཅིག་བྱེད་ན་དེ་ལས་བཟློག་པའི་ཕྱིར་བཀའ་ཉན་དེ་དབང་དུ་བྱས་ཏེ་བསྒྲུབ་བྱ་དེ་མངོན་དུ་མཐོང་བའི་དཔྲལ་བར་དབྱངས་ཅན་མའི་འཁོར་ལོ་དང༌། པདྨ་དང༌། ཟླ་བ་དམར་པོ། ཟླ་བ་ཡང་གྲུ་གསུམ་དུ་བྱས་པ་ཡང་རུང༌། དབྱངས་ཡིག་དང་བྲལ་བ་ཧྲཱིཾཿདང་ཟླ་བ་དང་པདྨའི་འོད་དམར་པོ། བསྒྲུབ་བྱའི་ལུས་ཐམས་ཅད་ཁ་དོག་དམར་པོར་བསྒོམ་སྟེ། ཡིད་ཀྱིས་ཧྲཱིཾཿཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོཿཞེས་བརྗོད་པས་ཧྲཱིཾཿདང་ཟླ་བ་དང་པདྨའི་འོད་དམར་པོས་བསྒྲུབ་བྱའི་ལུས་ཐམས་ཅད་ཁྱབ་ཅིང༌། འོད་དམར་པོའི་ནང་དུ་ཚུད་པས་སྒྲུབ་པ་པོའི་དབང་དུ་འགྱུར་ཞིང་ངག་ཉན་པར་བསམ་མོ། །ཞག་བདུན་ཚུན་ཆད་ཀྱིས་འགྲུབ་པོ། །བཞི་པ་ནི། བྱིས་པ་བཙས་མ་ཐག་པ་ཉི་གྲིབ་མཚམས་སུ་བཞག་ལ་བཞི་མཉམ་གྱིས་དབྱངས་ཅན་མའི་སྔགས་བུ་ཆུང་གི་ལྕེ་ལ་ཧྲཱིཾཿབྲིས་པ་གྲུབ་པའི་ས་བོན་བཀུག་ལ་བསྟིམ། སྦྱོར་པ་འདིས་བྱིས་པ་བློ་རྣོ་བ་དང༌། ཚིག་གི་སྦྱོར་བ་ལ་མཁས་པར་འགྱུར་ཞིང་ངག་གི་དབང་ཕྱུག་དང་འདྲ་བར་འགྱུར་རོ། །འདི་ལ་འཁོར་ལོའི་སྒོ་ནས་ཀྱང་ཡོད་དོ། །ལྔ་བ་བསྙེན་པའི་རྟགས་བྱུང་ནས་རྫས་འོ་ཞོ་སྦྲང་རྩིས་ཤེས་རབ་རྒྱས་པའི་སྦྱིན་སྲེག་རང་ངམ་གཞན་དོན་དུ་བྱས་ན་ལྐུགས་པའང་སྙན་ངག་མཁན་དུ་འགྱུར་ཏེ། སྦྱིན་སྲེག་གི་ལས་ཚོགས་ཟུར་དུ་ཤེས། ཞི་རྒྱས་དབང་གསུམ་ཡོད། འཁོར་ལོ་ལ་བརྟེན་པའང་ཡོད་དོ། །འདི་ནི་བི་ཝཾ་ལྷ་མོའི་ལས་ཚོགས་ཙམ་སྟེ་རྡོ་རྗེ་དབྱངས་ཅན་མ་སོགས་ཀྱི་ལས་ཚོགས་དཔའ་བོ་གཅིག་གྲུབ་རྩ་འགྲེལ་སོགས་སུ་བལྟའོ། །

    སྨྲས་པ། དད་འདུན་ལྷ་ཡི་ནགས་ཚལ་འཁྲིགས་པའི་སྟེང༌། །ལོག་སྤྱོད་སྤྲིན་བྲལ་ཡིད་མཁར་སྙན་ངག་གི །རྣམ་སད་རྔ་དེར་དབྱུ་གུས་མ་བསྣུན་ཀྱང༌། །སྙན་འཇེབས་ཟབ་བརླིང་བསོད་ནམས་སྤྲིན་སྒྲ་བཞིན། །པད་དཀར་འཆང་བའི་ཚེམས་ཀྱིས་ཉེར་བསྐྲུན་ལྷ། །བལྟ་བྱེད་མེ་ལོང་ཤང་ཀུའི་སྒྲུབ་ཕྲིན་ལྔ། །རྒྱ་བོད་མཁས་གྲུབ་རྣམ་སད་བྱེ་བ་བརྒྱས། །འཇུག་ངོགས་རྨད་བྱུང་ཆོས་བཟང་མདུན་ས་བཞིན། །སྔར་བྱོན་རྒྱལ་བ་སྲས་བཅས་ལམ་བཟང་དེར །མྱུར་ཕྱིན་ཤིང་རྟའི་འཁོར་ལོས་མ་ལུས་འགྲོ། །འཁོར་སྒྱུར་གྲགས་པས་སུམ་རྩེན་ལ་བགྲོད་ནས། །སྐུ་གསུམ་སྐུ་བཞིའི་ཁང་བར་འཇུག་འགྱུར་ཤོག །ཅེས་དབྱངས་ཅན་ལྷ་མོ་ལ་མང་དུ་ཡོད་པའི་པི་ཝང་ལྷ་མོའི་སྒྲུབ་ཕྲིན་གྲུབ་དབང་ཕུར་བུའི་ཡི་གེ་དང༌། སུམ་ལོའི་ཡི་གེ་སྔ་ཕྱི་མན་ངག་བརྒྱུད་པའི་ཡི་གེ་དུ་མའི་དོན་བསྡུས་ཏེ་འདོད་འཇོའི་བུམ་བཟང་སྐལ་བཟང་རེ་སྐོང་ཞེས་བྱ་བ་འདི་ནི། རོང་བ་ཤེར་སེང་དང༌། ཁྲི་རིན་པོ་ཆེ་རིན་ཆེན་འོད་ཟེར་བ་སོགས་ཀྱི་སྐྱེས་རབས་ཀྱི་ཕྲེང་བ་ཅན་ལྷག་བསམ་གསེར་ལྡན་གྱི་མཆེད་པོ་རྒྱལ་མཁན་པོ་ཨེར་ཏེ་ནི་ཚངས་དབྱངས་ཀྱིས་ཉིན་བདེ་དང༌། གོས་ཆེན་འབྲུག་མ་རྒྱན་བཞི་ཁྱད་འཕགས། རིན་ཆེན་སེར་པོ་དང༌། ས་སྙིང་ཞོ་བཅས་བསྐུལ་བ་དང༌། མཁས་དང་གྲུབ་པའི་དབང་ཕྱུག་གི་ཟམ་མ་ཆད་པ་རོང་བོ་དཔོན་ཆུང་བསྟན་འཛིན་དར་རྒྱས་ཀྱིས་བླ་བྲེང་བྲུག་རྒྱན་བཞི་མ་དང༌། དངུལ་གྱི་ཕོར་བ་ཆེ་ལེགས་འབྲས་ཀྱིས་གང་བ་སོགས་དང་བཅས་ལོ་སྔ་ཕྱིར་ནན་ཆེར་བསྐུལ་བས་ལྷ་མོ་འདི་ལ་དད་པ་དང་ལྡན་པའི་མང་དུ་ཐོས་པའི་ཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་བའི་རྡོ་རྗེས་སྦྱར་བའི་ཡི་གེ་བ་ནི་སོག་པོ་དཀའ་བཅུ་ཝ་གཱེནྡྲ་སུ་དྷཱིཿས་བྱས་པ་ལུས་ཅན་ཀུན་ལ་ཕན་པར་གྱུར་ཅིག།

                                                                                                                             རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།