སྒེག་པའི་རྡོ་རྗེའི་ལུགས་ཀྱི་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་བྱིན་རླབས་མྱུར་འཇུག་བདུད་རྩིའི་འོད་ཅན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 21:01:30     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

90660192682118338.jpg 

    པྲ་ནམ་མིཉྦྲཤཱུཀྱ་སྱ་མཉྫོ་ཤྴྲི་ཡེ་ཙ་ཝ་གི་ཤྭར་དཻ་ཝི་སྭ་ར་སྭ་སྟྱཻ། ཟག་མེད་ཐུགས་དང་རོ་གཅིག་རྡུལ་བྲལ་ཅི་ཡང་འཆར་བ་སྐུ་ཡི་སྒྱུ་འཕྲུལ་གར། །མཛེས་སྡུག་ཁྲོ་ཆགས་ཉམས་བརྒྱས་དཔེ་ཟླ་སྲིད་ཞིར་མ་རྙེད་ཡང་ཡང་རང་ཉིད་དཔེར། །སྣ་ཚོགས་སྟོན་མཛད་མཁྱེན་པའི་གཏེར་ཆེན་དཀར་བའི་ཡབ་གཅིག་ཁྱོད་ལ་འདུད་དོ་ཀྱེ། །རྣམ་དཔྱོད་མཁའ་ལ་ཤེས་བྱའི་བརྟན་གཡོ་སྣ་ཚོགས་བཀྲ་བར་མཛོད་ཅིག་འོད་སྟོང་བཞིན། །རྒྱལ་ཀུན་ཡེ་ཤེས་དབང་མོའི་འགྲམ་ཆང་གིས། །བདག་བློའི་སིནྡྷུ་ཝ་རའི་འདབ་མ་བརྒྱར། །རབ་ཕྱེ་སྙན་ཚིག་གེ་སར་བརྒྱ་ཕྲག་ཚོགས། །བསྐྲུན་མཛད་སྨྲ་སྟོན་མ་ཁྱོད་ངག་སྦྱིན་མཛོད། །དྲན་པས་རྨོངས་པ་ཀུན་འཇོམས་ཆོས་ཉིད་ཅན། །ཡེ་ཤེས་དངོས་བརྒྱའི་འོད་འབར་མཁྱེན་པའི་གཏེར། མངོན་སུམ་སྒྲུབ་ཐབས་ཙིནྟ་མ་ཎིའི་འཕྲེང༌། །རྣམ་སད་བྱེ་པའི་མགུལ་རྒྱན་སྦྱིན་ལ་སྤྲོ། །

    དེ་ལ་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་རྒྱུད་སྡེ་བཞིར་མཐའ་ཡས་པ་གཅིག་གསུངས་པའི་ནང༌ནས། འཇམ་དཔལ་དཔའ་བོ་གཅིག་སྒྲུབ་ནས་བཤད་པའི་འཇམ་དཀར་གཙོ་རྐྱང་དཔའ་བོ་འབྲུ་དྲུག་མའི་སྒྲུབ་ཐབས་ཨ་བྷྱ་ཀ་ར་སོགས་ཀྱིས་མཛད་པའི་རྒྱ་རྒྱམ་སོགས་ནས་འབྱུང་བ་དང༌། གྲུབ་ཆེན་དཔལ་སྡེའི་སྲས་ཛེ་ཏཱ་རི་སྟེ་ཛེ་ཏ་རྒྱལ་བ་དང་ཨ་རི་དགྲ་སྟེ་དགྲ་ལས་རྒྱལ་བས་འཇམ་པའི་དབྱངས་ལ་དངོས་སུ་གསན་པ་ལ་ལོ་བརྒྱ་དང་བཅུ་ལོན་པའི་ཚེ་འཇམ་དབྱངས་བྱོན་ནས་ད་ཁྱོད་ཀྱི་ལུས་འདིས་ལོ་བཅུ་ལས་མི་ཐུབ་པས། སྣོད་ལྡན་ཅིག་ཚོལ་ལ་ངའི་སྒྲུབ་སྐོར་བྱིན་ཞེས་བསྐུལ་བས་རྫུ་འཕྲུལ་གྱིས་ལོ་གཉིས་ཀྱི་བར་དུ་ཕྱོགས་ཀུན་ཏུ་བསྐོར་བས། གཞན་ནས་མ་རྙེད་ཀྱང་མ་ག་དྷ་ན་སྣོད་ལྡན་མ་ཧེ་རྫི་བོ་རྒས་ཤིང་འཁོགས་པ་འཚོ་བ་དང་བྲལ་བ་ཡི་གེ་ཙམ་ཡང་མི་ཤེས་པ་ཅིག་འདུག་པ་རིའི་ཕུག་ཅིག་ཏུ་ཁྲིད་ནས་སྒྲུབ་ཐབས་འདི་བྱིན་ནས་སྒྲུབ་ཏུ་བཅུག་པས། ཞག་བདུན་ན་རྗེ་བཙུན་གྱི་ཞལ་གཟིགས་ཆོས་ཐམས་ཅད་རང་གྲོལ་དུ་ཤེས་པའི་མཁས་པ་ཆེན་པོར་གྱུར་ནས་དོན་ཟབ་པའི་བསྟོད་པ་ཡང་རྩོམ་པར་མཛད། དེ་ནས་ཛེ་ཏཱ་རིས་འཇམ་དཔལ་ཞི་ཁྲིའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། གསང་མཚན་སྒེག་པའི་རྡོ་རྗེར་བཏགས། ནཱ་ལེནྡྲར་རབ་ཏུ་བྱུང་བའི་མཚན་མངོན་པར་བྱང་ཆུབ་པའི་སྐལ་བ་ཅན་དུ་བཏགས། ནོར་བུ་གླིང་ཞེས་བྱ་བར་འཁྲུངས་པས་ནོར་བུ་གླིང་པར་གྲགས་པ་དེས་སྒྲུབ་ཐབས་ཚིགས་བཅད་མ་ལས་ཚོགས་དང་བཅས་པ་འདི་དང་བསྟོད་པ་མཛད་དེ་སློབ་མ་ནོར་བུ་གླིང་བ་ཆུང་བ་ལ་བྱིན། དེས་སློབ་མ་འབྱུང་གནས་སྦས་པ་ལ། དེས་པཎ་ཆེན་ཤཱཀྱ་ཤྲཱི་ལ་གནང༌། འདི་པཎ་ཆེན་ཤཱཀྱ་ཤྲཱིའི་ཐུགས་དམ་ཁྱད་པར་ཅན་བཞིའི་གཅིག་ཡིན་ཞིང༌། པཎ་ཆེན་དེ་ཉིད་ཁྲོ་ཕུ་ལོ་ཙྪ་བ་བྱམས་པའི་དཔལ་གྱིས་གདན་དྲངས་དབུས་ཀྱི་སྲིན་པོ་རིར་དབྱར་གནས་མཛད་དུས་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་འབེལ་གཏམ་དང་རྩོད་པ་མཛད་པས་བོད་ཀྱིས་རྒྱ་གར་པའི་ཤེས་རབ་ཀྱི་འགྲན་ཟླར་མ་བྱུང་བས། ལོ་ཆེན་གྱིས་བླ་མ་པཎ་ཆེན་ལ་ཤེས་རབ་བློ་འཕེལ་གྱི་གདམས་པ་ཞུས་པས། པཎ་ཆེན་གྱི་གསུངས་ནས། ང་ལ་གདམས་པ་བརྒྱ་ཙམ་ཡོད་པའི་ནང་ནས་གདམས་པ་ཁྱད་པར་བ་བཞི་ཡོད་དེ། འདི་འཇམ་དཔལ་དཀར་པོ་ལ་བརྟེན་ནས་བློ་འཕེལ་བ་ཡིན་གསུངས་ནས། བལ་ཡུལ་དུ་མ་བསྐྱལ་བར་དུ་མ་གནང༌། བལ་ཡུལ་ནས་ནན་ཆེར་ཞུས་པས་གནང་ནས་བསྒྲུབས་པས་ཤེས་རབ་མཆོག་ཏུ་གྱུར་ཏེ། ལོ་རྒྱུས་རྗེས་གནང་དང་བཅས་པ་པཎ་ཆེན་དེའི་ཕྱག་ལེན་ཇི་ལྟ་བ་བཞིན་གྱི་ཟིན་བྲིས་དང༌། འཇམ་དབྱངས་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཞལ་ཤེས་ཀྱིས་ལེགས་པར་བརྒྱན་པ་ཟབ་རྒྱས་ཅིག་མཛད་དེ། འདི་ལ་ཞལ་ཤེས་དང་མན་ངག་ངོ་མཚར་བ་དག་སྣང་ཡང༌། མཁས་བླུན་སྣ་ཚོགས་ཀྱི་གདམས་པ་ཚང་མ་ཚང་དང་ཞལ་ཤེས་མེད་པའི་ཡིག་ཧྲུལ་སྣ་ཚོགས་ཤིག་འདུག་གོ །དེས་མཁན་པོ་དབང་ཕྱུག་གྲགས་ལ་གནང༌། དེས་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ལ་གནང༌། མཁྱེན་རབ་ཀྱི་གཏེར་རྡོལ་ཏེ་སྒྲུབ་ཐབས་སོགས་མཛད། ཇོ་གདན་པ་རིན་ཆེན་རྒྱལ་མཚན་གྱིས་ཀྱང་འདི་ལ་བརྟེན་ནས་ཤེས་རབ་འཕེལ་ཏེ་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་མཛད། དེ་བཞིན་དུ་མཁས་པ་མང་བོས་མཛད་དེ། མཁས་གྲུབ་ཆོས་རྗེའི་གསུང་ལ་བློ་གྲོས་ཆོས་སྐྱོང་གི་ཟིན་བྲིས་མཛད་པ་དང༌། འཇམ་དབྱངས་པས་འདི་ལ་བརྟེན་ནས་མཁྱེན་རབ་ཀྱི་གཏེར་རྡོལ། དེ་བཞིན་དུ་འཇམ་དབྱངས་དགའ་བློ་དཔོན་སློབ་ཀྱིས་བསྒྲུབས་ཏེ་མཁྱེན་རབ་ཀྱི་དབང་ཕྱུག་ཆེན་པོར་གྱུར་བའི་ལོ་རྒྱུས་དང༌། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཞག་བདུན་ཐོག་མཁྱེན་རབ་ཀྱི་གཏེར་རྡོལ་བའི་ཚུལ་བསྟན་པ་དང༌། མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་ནོར་བཟང་པས་ཀྱང་འདིའི་ཞལ་གཟིགས་པ་ལས་གསུང་རབ་མཐའ་དག་མཁྱེན་པའི་ཚུལ་མཛད། གཞན་ཡང་ཀུན་མཁྱེན་བྱམས་པ་གླིང་བས་འདིའི་ཆོས་སྐོར་མཐའ་དག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་སྒྲུབ་ཐབས་ལས་ཚོགས་སོགས་མཛད། རྒྱལ་བ་འཕགས་པ་ལྷས་ཀྱང་འདི་ལ་བརྟེན་ནས་མཁྱེན་རབ་རྡོལ་བའི་ཚུལ་མཛད། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་འདི་ལ་བརྟེན་ནས་གསུང་རབ་ཆེས་མང་པོའི་ཚིག་དོན་ཐུགས་སུ་ཆུད་ནས་མི་བསྙེལ་བར་མཛད་ལ། དེ་བཞིན་དུ་གཞན་ཕྱོགས་ལའང་མང་ལ། དམ་པ་དེ་དག་ཏུ་མ་ཟད། དང་པོར་ཤིན་ཏུ་རྨོངས་པས་བསྡུས་གྲྭའི་ཚིག་བཞག་གཅིག་ཟླ་བ་ཕྱེད་དུ་མ་ཟིན་པའི་ལི་ཀྱ་སྒོམ་རྒན་གྱིས་ཀྱང་ཟླ་བ་དྲུག་བསྒྲུབས་པས་གྲུབ་སྟེ་ཞལ་གཟིགས་སམ་ཡང་ཟེར། དེ་ནས་འཛིན་གྲྭ་ལྔ་ཙམ་གྱི་ཚིག་བཞག་རྒྱུན་དུ་འཛིན་ཐུབ་པ་དང༌། གསུང་རབ་ལ་གོ་བ་ཆེར་རྡོལ་ཏེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་སོགས་མཛད་པས་སོ། །

    དེས་ན་དེ་ལྟ་བུའི་མ་ཏིའི་ལུགས་ཀྱི་འཇམ་དཀར་དཔའ་བོ་གཅིག་སྒྲུབ་མ་འདི་ལ་བསྙེན་པ་དང་ལས་སྦྱོར་གཉིས། དང་པོ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་གསུམ།

    དང་པོ་ནི། ཤ་ཆང་སྒོག་བཙོང་སོགས་རོ་དང་དྲི་ངན་པ་རྣམས་སྤངས་ཤིང༌། རྫུན་དང་ཁུ་འཁྲིག་བུད་མེད་ལ་འཛེམ་པ་དང༌། ཐུན་གྱི་ངོ་བོ་ལ་གཉིད་སྤངས་ཤིང་ཁྲུས་སོགས་གཙང་སྦྲ་དང་ལྡན་པས་བདེ་བའི་སྟན་ལ་འདུག་སྟེ། ཐོག་མར་སྐྱབས་འགྲོ་བཞི་སྐོར་སྤྱི་དང་མཐུན།

སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་ཤེས་པའི་རྨོངས་པའི་མུན་པ་བསལ་ནས། ཤེས་རབ་ཀྱི་སྣང་བ་རྒྱས་པར་བྱས་ཏེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་འཇམ་དཔལ་དབྱངས་དཀར་པོ་ཤེས་རབ་བློ་འཕེལ་ཡི་དམ་གྱི་ལྷར་བཟུང་ཞིང༌། དེའི་སྒོམ་བཟླས་ཟབ་མོ་ཉམས་སུ་བླང་བར་བྱའོ། །ཞེས་ལན་གསུམ་བརྗོད།

    ཚོགས་ཞིང་ནི། རང་ཉིད་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་སུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱིས་གནས་ནས་བླ་མ་མི་བསྐྱོད་པའི་རྣམ་པ་རིགས་ཀྱི་བདག་པོར་བཞུགས་པའི་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མ་ཛཿཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། ན་མོ་གུ་རུ་བྷྱཿན་མ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་མཉྫུཤྲཱི་ས་པ་རི་ཝཱ་ར་བྷྱཿཞེས་པས་ཕྱག་བྱ། གོང་གི་སྔགས་གཤམ་དུ། ཨརྒྷཾ་པྲ་ཏཱི་ཙྪ་ཡེ་སྭཱཧཱ། པཱ་ཏྱཾ་པྲ་༝ བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤཔྟའི་བར་གྱི་ཕྱག་རྒྱ་དང་བཅས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་དང་ཚད་མེད་བཞི་བསྒོམ།

    གཉིས་པ་དངོས་གཞི་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅ཧཾ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུར་གྱུར་པར་བསམ། སྟོང་བའི་ངང་ལས་བཾ་ལས་བདུད་རྩི་འོ་མའི་རྒྱ་མཚོ་དཀར་ཞིང་དྭངས་པ་མཐའ་ནེའུ་གསིང་གིས་ཁོ་ར་ཁོར་ཡུག་ཏུ་བསྐོར་བར་མཉེན་ལྕུག་འཁྲིལ་ལྡེམ་པདྨའི་ཚལ་གྱིས་ཁྱབ་པ། གླང་བོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་དལ་གྱིས་རྒྱུ་ཞིང་པདྨའི་རྩ་བ་ཟ་བ། མཚོའི་སྟེང་ན་མེ་ཏོག་སྣ་ཚོགས་བཀྲམ་པའི་སྟེང་ན་ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོགས་པས་བརྒྱན་པ། དེའི་དབུས་སུ་བཾ་ལྗང་སེར་ལས་པདྨའི་སྡོང་བོ་ཡལ་ག་དང་ལོ་མ་གསེར་ལས་བྱས་པ། འདབ་མ་བརྒྱད་པ་གེ་སར་དམར་སེར་ལྟེ་བ་ལྗང་སེར་དུ་མཐོ་བའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བ། དེའི་སྟེང་དུ་རང་གི་སེམས་ཉིད་ཨ་དཀར་པོ་གསལ་ཞིང་དྭངས་པ་ང་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་སྒྲིབ་པ་སྦྱངས། ཤེས་རབ་ཀྱི་སྣང་བ་ལ་བཀོད་དེ། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་འཇམ་དཔལ་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དཀར་ཞིང་མཚན་དང་དཔེ་བྱད་འབར་བ། གཞོན་ནུ་བརྒྱད་གཉིས་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ལེགས་པར་བརྐྱངས་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་ཨུཏྤལའི་ཡུ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་སྟོང་ཕྲག་བརྒྱ་བའི་གླེགས་བམ་འཛིན་པ། རལ་བའི་ཟུར་ཕུད་ལྔ་དང་ལྡན་ཞིང་ཐོར་ཚུགས་ཀྱི་རྩེ་མོར་རིན་པོ་ཆེའི་ཏོག་དང༌། སྙན་གོང་ན་དྲི་དང་ཕུན་སུམ་ཚོགས་པའི་ཨུཏྤལ་དར་དབྱངས་གཡོ་བ་དང་བཅས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ་གྱིས་མཛེས་པར་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ཀླུབས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་གིས་མཚན་པ། ཐུགས་ཀའི་འཁོར་ལོ་དཀར་པོའི་ལྟེ་བའི་ཨ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་འཇམ་དཔལ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མ་ཛཿས་སྤྱན་དྲངས། གོང་བཞིན་མཆོད་ཡོན་ཉེར་སྤྱོད་རོལ་མོས་མཆོད། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མ་ཛཿས་སྤྱན་དྲངས། གོང་ལྟར་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར་བས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ལ། གོང་བཞིན་མཆོད། བདེ་གཤེགས་ཀུན་གྱི་མཁྱེན་པའི་ཆ་ཤས་ཉ། །ཡོངས་གང་བློ་གྲོས་ག་བུར་ཟེར་འཕྲེང་གིས། །འགྲོ་ཀུན་མི་ཤེས་མུན་སེལ་འཇམ་པའི་དབྱངས། །རྣམ་དཔྱོད་ཀུནྡ་བཞད་པའི་གཉེན་ལ་འདུད། །ཅེས་བསྟོད། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག །བསྒོམས་པས་སྐྱོ་ན་བཟླས་པ་བྱ་བ་ནི། རང་གི་སྙིང་རྩེ་མོ་གྱེན་དུ་བསྟན་པའི་ནང་དུ་ཟླ་པའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བ་ལ་ཨ། རྩིབས་དྲུག་ལ་མདུན་ཕྱོགས་ནས་བརྩམས་ཏེ་གཡས་བསྐོར་དུ་ཡིག་འབྲུ་དྲུག་དཀར་པོ་སྟོན་ཀའི་ཟླ་འོད་ཤར་པ་ལྟ་བུ་དཀར་ཕྲོམ་གྱིས་འཕྲོ་བ་དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། སྒོ་གསུམ་གྱི་མི་ཤེས་པའི་མུན་པ་ཐམས་ཅད་སངས། མཁྱེན་རབ་འཇམ་པའི་དབྱངས་ལྟར་ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཀྱི་སྣང་བ་ཐོགས་པ་མེད་པར་རྒྱས་པ་དང༌། ཡིག་འབྲུ་རྣམས་ལས་འོད་ཟེར་དཀར་དམར་འཕྲོ་བ་འཁོར་ལོ་ལ་མ་རེག་ཙམ་དུ་བཀོད་ལ། འཁོར་ལོ་ཆོས་འཁོར་དུ་མྱུར་དུ་འཁོར་ཞིང་ཡིག་འབྲུ་གཡོན་དུ་འཁོར་བ་ལྟ་བུ་སྣང་བ་ལ་དམིགས་ནས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་ཞིང༌། ཨོཾ་ཝ་ཀྱེ་དཾ་ན་མཿཞེས་པ་ཐུན་རེ་ལ་ཁྲི་ཚོ་རེ་ཙམ་སྨྲ་བཅད་བྱས་ཏེ་བཟླས་པས། ཤེས་རབ་ཀྱི་སྣང་བ་ཁྱད་པར་ཅན་དང༌། མི་བརྗེད་པའི་གཟུངས་ཐོབ་པར་ཡང་ཡང་བསམ། དེ་ནས་ཡིག་བརྒྱས་བརྟན་པར་བྱས། བསྙེན་ཚད་ནི། སྒེག་པའི་རྡོ་རྗེས། རིག་སྔགས་རྒྱལ་པོ་འབུམ་ཕྲག་གཅིག་གིས་འགྲུབ། །ཟླ་བ་གཅིག་གིས་བློ་འཕེལ་རིག་པ་འཛིན། །ཞེས་གསུངས་པ་ལྟར་ན། གྲངས་ཀྱི་བསྙེན་པ་འབུམ་ཕྲག་གཅིག །དུས་བསྙེན་ཟླ་བ་གཅིག་གིས་ཆོག་པར་བཤད་ཅིང་ཁྲོ་ལོ་ཡང་དེ་ལྟར་བཞེད་ལ། སྒྲུབ་ཐབས་རྟ་ལྗང་དབང་པོར་དེ་ལྟར་བཤད་པ་ནི་འབྲས་དུས་དང་སྒྲུབ་དུས་ལ་དགོངས་པར་གསུངས་ལ། དེང་སང་དུས་ཆེར་སྙིགས་པའི་སྐབས་སུ་སྒྲུབ་པ་པོ་ཕལ་བས། བསྙེན་ཚད་རྫོགས་ལྡན་ལས་བཞི་འགྱུར་བཟླ་དགོས་པ་ནི། རྒྱུད་ལས། རྫོགས་ལྡན་ལ་ནི་བཟླས་བྱ་གཅིག །རྩོད་ལྡན་བཟླས་པ་བཞི་འགྱུར་རོ། །ཞེས་གསུངས་པ་ལྟར་ཡིན་ལ། རྒྱ་སྟོན་གྱིས་འབུམ་ཚོ་གསུམ་གསུངས་པའང་བཞི་བྱས་ན་ལེགས། ཇོ་གདན་རིན་ཆེན་རྒྱལ་མཚན་གྱིས་འབུམ་ཕྲག་དྲུག་བཟླ་གསུངས་པ་སྤྱི་རྒྱུད་དང་མཐུན་ཞིང༌། དཔའ་བོོ་གཅིག་གྲུབ་ཀྱི་རྒྱུད་ལས། སྔགས་འདིའི་སྐབས་སུ སྔོན་དུ་ཆོ་གའི་ཡི་གེ་འབུམ་བཟླས་ན། སྔགས་ཀྱི་རྒྱལ་པོོ་འགྲུབ་པར་འགྱུར་རོ། །ཞེས་གསུངས་ལ། དེའི་འགྲེལ་བར་མ་བཤད་ཀྱང༌། སྒྲུབ་ཐབས་རྒྱ་མཚོའི་དཔའ་བོ་གཅིག་སྒྲུབ་ཀྱི་སྒྲུབ་ཐབས་ལས། དེ་ལྟར་བསམ་གཏན་ལ་གནས་པས་སྔོན་དུ་བསྙེན་པ་འབུམ་ཕྲག་བརྒྱད་བཟླས་ནས་རལ་གྲི་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །ཞེས་དང༌། སྒྲུབ་ཐབས་བརྒྱ་རྩའི་དེའི་སྒྲུབ་ཐབས་ལས། དེ་ལྟར་བསམ་གཏན་ལ་གནས་པས་སྔོན་དུ་བསྙེན་པ་འབུམ་ཕྲག་བདུན་བཟླས་ལ་རལ་གྲི་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །ཞེས་གསུངས་པ་འདི་དག་ནི། རྒྱུད་ཀྱིས་ཡི་གེའི་གྲངས་ཀྱི་འབུམ་འདོན་པར་བཤད་པ་དེའི་དགོངས་པ་བཀྲལ་པ་ཡིན། ཡི་གེའི་གྲངས་འདྲེན་ཚུལ་མི་འདྲ་བས་དྲུག་དང་བདུན་དང་བརྒྱད་སོ་སོར་བྱུང་བ་ཙམ་མོ། །དུས་ཀྱང་རྒྱུད་དང་འགྲེལ་བ་གཉིས་ཀས་ཟླ་བ་དྲུག་ཏུ་བཤད་པས། ཟླ་བ་གཅིག་གསུངས་པ་རྫོགས་ལྡན་གྱི་སྔགས་པ་དང༌། སྒྲུབ་དུས་ལ་དགོངས་པར་གསུངས་པ་ནི་ལེགས་པར་སེམས། དེས་ན་ཡི་གེ་བཅོ་ལྔ་མན་ཆད་ལ་ཡིག་གྲངས་ཀྱི་འབུམ་འདོན་དགོས་པས། འདིར་གྲངས་བསྙེན་ཡིག་གྲངས་ཀྱི་འབུམ་དང༌། དུས་ཟླ་བ་དྲུག་ལ་སོགས་པར་བསྒྲུབས་ནས་སྣང་བ་བརྟན་པོ་རྙེད་ན། རྒྱུད་ལས་ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་འགྲུབ་པར་བཤད་དེ། རྒྱུད་ལས། ཟླ་བ་དྲུག་བསྒོམ་པར་བྱས་ན། སྔོན་མ་ཐོས་པའི་བསྟན་བཅོས་མངོན་དུ་འགྱུར་ཞིང༌། ཐོས་པ་ནམ་ཡང་བརྗེད་པར་མི་འགྱུར་ཏེ་ཐོས་པ་འཛིན་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཡིན་ལ།

    མཚན་མའི་བསྙེན་པ་ནི། སྒེག་པའི་རྡོ་རྗེས། དངོས་སམ་རྨི་ལམ་ཉིད་དུ་མཐོང་ཐོས་ཤིང༌། །ཞེས་གསུངས་པ་ལྟར། རབ་ཞལ་མཐོང་ཞིང་གསུངས་ཐོས་པ་དང༌། འབྲིང་ཉམས་སྣང་ལ་ཞལ་མཐོང་བ་གསུང་ཐོས་པ་སོགས་ཀྱི་ཉམས་ཁྱད་པར་ཅན་སྐྱེས་པ། ཐ་མ་ནི་སྒེག་པའི་རྡོ་རྗེས། གྲུབ་པའི་རྟགས་ནི་གཞན་ཡང་སྣང་བར་འགྱུར། །ཞེས་པའི་དགོངས་པ་ཁྲོ་ལོའི་ཟིན་བྲིས་ལས། པོ་ཏི་དང་མཚོན་ཆ་རྙེད་པ་དང༌། མེ་ཏོག་འཐུ་བ་དང༌། མར་མེ་བལྟམས་པ་དང༌། ཉི་ཟླ་ཤར་བ་དང༌། དར་ཕྱར་བ་དང༌། དུང་འབུད་པ་དང༌། རོལ་མོ་དཀྲོལ་བ་དང༌། འཕུར་བ་དང༌། ལུས་ལ་མེ་འབར་བ་དང༌། ཆུ་ལ་རྒལ་བ་དང༌། གོས་དཀར་པོ་གྱོན་པ་ནི་འགྲུབ་པའི་རྟགས་སོ། །ཞེས་གསུངས་པ་ལྟར་རྨི་ལམ་དེ་དག་ཡང་ཡང་རྨིས་ན་རྟགས་འཁྲུལ་མེད་ཡིན། །

    གསུམ་པ་རྗེས་ཀྱི་བྱ་བ་ནི། མདུན་གྱི་ནམ་མཁར་འཇམ་དབྱངས་ཡེ་ཤེས་པ་ཞལ་ཚུར་གཟིགས་ནས་བཞུགས་པར་དམིགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་མཉྫུ་ཤྲཱི་ཨརྒྷཾ་ནས་ཤཔྟའི་བར་གྱིས་སྔར་ལྟར་མཆོད། མཎྜལ་ཚོམ་བུ་བདུན་མ་བཀོད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱལ་སྲིད་སྣ་བདུན་རིན་ཆེན་སྣ་བདུན་རེ་རེས་ཀྱང་བཀང་སྟེ་ཕུལ་བར་བསམ་ལ། འཛམ་བུའི་གླིང་དང་གླིང་གཞན་རྣམས། །ནོར་བུ་རིན་ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བཅས་ཏེ་འབུལ། །ཞེས་བརྗོད་ལ་དབུལ། ཕ་རོལ་ཏུ་ཕྱིན་པ་འདོན་པ་དང༌། མཚན་བརྗོད་དང་བསྟོད་པ་དང་སྣ་ཚོགས་འདོན། ཡང་ན་སྒེག་པའི་རྡོ་རྗེའི་བསྟོད་པ། ཤིན་ཏུ་དཀར་བའི་མདངས་ལྡན་རྒྱ་མཚོའི་དབུས་ན་པདྨ་གེ་སར་གྱི། །སྡོང་པོ་འཁྲུངས་ཤིང་རི་བོང་འཛིན་པས་བརྒྱན་པའི་སྟེང་ན་འཇམ་དབྱངས་ནི། །གཞོན་ནུའི་ཚུལ་འཛིན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་གངས་རི་དང་མཚུངས་པ། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ཨུཏྤལ་ལེགས་བསྣམས་འཇམ་དབྱངས་ཁྱོད་ལ་འདུད། །ཅེས་པའམ། རྒྱས་པར་སྤྲོ་ན། སྒེག་རྡོར་གྱིས་མཛད་པ་ཡོངས་རྫོགས་ཀྱིས་བསྟོད་ལ། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་རློབས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། ཞེས་དང༌། གང་ཚེ་ལྟ་བར་འདོད་པ་འམ། །ཞེས་སོགས་དང༌། བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །ཞེས་སོགས་དང༌། བཤད་པས་བློ་གསལ་ཚོགས་རྣམས་དགའ་བསྐྱེད་ཅིང༌། །རྩོད་པས་ཕས་རྒོལ་མ་ལུས་ཟིལ་གྱིས་གནོན། །སྡེབ་ལེགས་རྩོམ་པས་མཁས་རྣམས་མགུ་བྱེད་པའི། །འཆད་རྩོད་རྩོམ་པའི་ཤེས་རབ་བདག་ལ་སྩོལ། །ཞེས་གསོལ་བ་གདབ། ཡེ་ཤེས་པ་བྲིས་སྐུ་ཡོད་ན་བརྟན་བཞུགས་བྱས་ལ། མེད་ན་གཤེགས་སུ་གསོལ་ཞིང་སྨོན་ལམ་དང་ཤིས་བརྗོད་བྱ

    གཉིས་པ་ལས་སྦྱོར་ལ། སྒེག་རྡོར་གྱི་སྒྲུབ་ཐབས་ལས། ཉེས་བྱས་འཇོམས་པའི་འཁོར་ལོ། །ཡོན་ཏན་སྣ་ཚོགས་སྒྲུབ་པའི་ཚུལ། །ཕྱོགས་ལས་རྣམ་པར་རྒྱལ་བ་དང༌། །སྲན་མའི་ལས་སྦྱོར་དང་བཞི་ལས་ཚིག་ཟིན་ལ་མི་སྣང་ཡང༌། ཤཱཀྱ་ཤྲཱིས་སྒེག་རྡོར་གྱི་གསུང་རྒྱུན་དང༌། རྒྱུད་ལ་བརྟེན་ཏེ་ཞལ་ཤེས་ཡིག་ཆུང་ཟིན་བྲིས་སུ་བྱས་པ་ལས།

    དང་པོ་ནི། དེ་ཡང་འཁོར་ལོ་ཤུགས་དྲག་ཏུ་འཁོར་བར་བསྒོམས་པས་ནི་སྙིང་རླུང་ལ་སོགས་པ་མི་འབྱུང་ཞིང༌། འཁོར་ལོའི་རྩིབས་རྣམས་རྩེ་མོ་རྣོ་བར་བསྒོམས་པས། ཤེས་རབ་རྣོ་ཞིང་སྤོབས་པ་མྱུར་བ་སོགས་ཀྱི་དགོས་པ་ཡོད་དོ། །འདིར་འཁོར་ལོའི་ལྟེ་བའི་ཨ་ཡིག་གི་གདན་ཟླ་བ་དང༌། དེ་ལས་བདུད་རྩི་དཀར་པོའི་རྒྱུན་དྭངས་ཤིང་བསིལ་བ་བབས་པས་ལུས་ཀྱི་ནང་ཐམས་ཅད་ཁེངས་པར་བསྒོམ་ཞིང༌། དེ་ཡང་ཁམས་ཚ་ཤས་ཆེ་ན། དྭངས་ཤིང་བསིལ་བ་ག་བུར་གྱི་ཁུ་བ་ལྟ་བུར་བསྒོམ་པ་དང༌། གྲང་ཤས་ཆེ་ན་བདུད་རྩི་ཁ་དོག་དམར་སེར་ཚ་ཆིལ་ཆིལ་པ་བསྒོམ། རླུང་ཤས་ཆེ་ན་དཀར་སེར་མར་ཁུ་ལྟ་བུར་བསྒོམ་ཞིང༌། རྩིབས་རྣམས་སྙིང་ཁའི་པདྨ་ལ་མ་རེག་པར་འཁོར་པའི་དམིགས་པ་དགོས་སོ་གསུངས།

    གཉིས་པ་ཡོན་ཏན་སྣ་ཚོགས་སྒྲུབ་པའི་ཚུལ་ལ། མི་བརྗེད་པའི་གཟུངས་བསྒྲུབ་པའི་ཚུལ་ནི། རང་ཉིད་འཇམ་དཔལ་དུ་བསྐྱེད་ཅིང་གསལ་བའི་ལྕེའི་སྟེང་དུ་ཨ་དཀར་པོ་གཅིག་བསམ། དེ་ལས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཡང་འོད་འཕྲོས་པས། དེ་དག་གི་ཐུགས་ཀ་ནས་ཤེས་རབ་ཀྱི་ངོ་བོ་ཨ་དཀར་པོ་གྲངས་མང་སྤྱན་དྲངས་ཏེ། རང་གི་ལྕེའི་སྟེང་གི་ཨ་ལ་ཐིམ་ཞིང༌། ལུས་ཀྱི་ནང་ཐམས་ཅད་ཨ་དཀར་པོས་ཁེངས་པར་བསམས་ལ་སྔགས་བཟླས་པས་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ། །སྔགས་ནི་དཔའ་བོ་འབྲུ་དྲུག་རང་ཡིན་ལ། ཐུན་འཇོག་ཁར་ཨ་རྐྱང་བ་བརྒྱ་སྟོང་སོགས་བཟླ་ཞིང༌། དབུགས་ཐེབས་རེ་ལ་སྔགས་ཅི་ཙམ་འགྲོ་བ་རེ་དཀྱུས་ཐོག་རེ་བཟླ། དབུགས་ངལ་གསོ་བ་ན་མཆིལ་མ་རེ་མིད་པས། གྲེ་ཕུག་གི་ཨ་དེ་ཉིད་ལས་ཨ་མང་དུ་ཆད་ནས་ཁོང་པའི་ནང་ཐམས་ཅད་ཁེངས་པར་བསམ། ཐུན་འཇོག་པ་ན་གྲེ་ཕུག་གི་ཨ་དེ་ཉིད་ཁོང་བའི་ནང་དུ་སོང་བར་བསམ་ཞིང༌། བ་སྤུའི་ཁུང་རྣམས་ཀྱང་ཡི་གེ་རེ་རེས་བལྟམས་ཤིང༌། ཨ་ཡིག་རྣམས་ལས་ཀྱང་འོད་ཟེར་ལྕགས་ཀྱུ་ལྟ་བུ་དང༌། ཨུཏྤལ་ལྟ་བུ་འཕྲོས་པས་གསུང་རབ་མཐའ་དག་གི་དོན་རྟོགས་པའི་ཤེས་རབ་ཀྱི་སྣང་བ་དང༌། ཚིག་དོན་རྣམས་མི་བརྗེད་པའི་གཟུངས་ཁྱད་པར་ཅན་ཐོབ་བྱུང་སྙམ་དུ་བསྒོམ་པར་བྱ། འདི་ནི་མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པའི་དོན། པཎྜི་ཏས། གྲེ་ཕུག་ཨ་དཀར་དག་ལས་འོད་འཕྲོས་པས། །ཞེས་སོགས་བཀོད་པའི་གདམས་པ་ཡིན་ནོ། །ཐོས་པ་འཛིན་པའི་གདམས་པ་ནི། རང་སྐད་ཅིག་ཙམ་གྱིས་ཀྱང་རུང༌། འཇམ་དཔལ་དུ་བསྐྱེད་པའི་སྙིང་ཀར་ཨུཏྤལ་འདབ་མ་ཅུང་རྙིང་བའི་རྣམ་པ་ཅན་གཉིས་ཟུར་ལ་ཁ་སྦྱར་གྱི་དབུས་སུ། རང་སེམས་ཨ་དཀར་ཡོངས་སུ་གྱུར་པ་ལས། ཤེས་རབ་རྐང་དྲུག་གི་རྣམ་པ་ལེགས་བཤད་ཀྱི་སྦྲང་རྩི་ལེན་པར་བརྩོན་པ་ཞིག་ཏུ་བསྒོམ། ཨུཏྤལ་གྱི་ཡུ་བ་གཉིས་རྣ་བ་གཡས་གཡོན་ལ་ཟུག་པ་རྣ་བའི་དབང་པོ་དང་དབྱེར་མེད་དུ་བསམ། ཉན་བྱའི་ཆོས་ཡན་ལག་བརྒྱད་ལྡན་གྱི་བདུད་རྩིར་བསྒོམ་པ་ཉན་པས། རྣ་བའི་ཨུཏྤལ་གྱི་འདབ་མ་རྒྱས། དོན་གྱི་ཟིལ་མངར་རང་སེམས་རྐང་དྲུག་པས་སྤྱད་པས་ཚིམ་པར་བསྒོམ་མོ། །འདི་གསུང་རབ་ཀློག་པ་དང༌། དཔེ་ཆ་འཛིན་པ་སོགས་ལ་ཡང་བསྒོམས་པས་ཁྱད་ཆེ་བར་མྱོང་བས་གྲུབ་པོ། པཎྜི་ཏ་བི་བྷུ་ཏིས་རྣ་བར་ཨུཏྤལ་བསྒོམ་པ་འབའ་ཞིག་མཛད་ཀྱང༌། བླ་མ་པཎ་ཆེན་གྱིས་ཞལ་གདམས་ཁྲོ་ཕུ་པས་སློབ་མའི་དོན་དུ་བྲིས། འདིའི་དམ་ཚིག་ཏུ་ཆོས་དང་ཆོས་སྨྲ་བ་ལ་སྐྱོན་རྟོག་གི་བློ་མ་བྱུང་བ་གལ་ཆེའོ། །དེ་བྱུང་ན་ཉན་པའི་ཆོས་ཀྱིས་ཕན་མི་ཐོགས། བསམ་དུ་མི་ཐུབ་ཤེས་རབ་འཆལ་བའི་རྒྱུ་ཆེ་ཤོས་ཡིན་ནོ། །དེས་མཚོན་ནས་ཉིན་གཉིད་ལོག་པ། ལོག་གཡེམ་སྤྱི་དང༌། ཁྱད་པར་དཀོན་མཆོག་གི་རྟེན་གྱི་དྲུང་དུ་འཁྲིག་པ་བསྟེན་ནའང་ཤེས་རབ་འཆལ་བའི་རྒྱུར་འགྲོ་བས་གཟབ་བོ། །

    འཆད་པའི་མན་ངག་ནི། རང་འཇམ་དཔལ་དུ་བསྒོམ་པའི་ལྕེ་པདྨ་དཀར་པོ་འདབ་མ་དྲུག་པ་གཅིག་ཏུ་བསྒོམས་པའི་ལྟེ་བར་ཟླ་གདན་ལ་ལྕེ་དབང་གི་ངོ་བོ་ཨ་དཀར་པོ། འདབ་མ་དྲུག་ལ་འབྲུ་དྲུག་བསྒོམ། དེ་ལ་འཇམ་དཔལ་གྱི་ཐུགས་ཀ་ནས་ཤེས་རབ་གྱི་འཁོར་ལོ་སྤྱན་དྲངས་ནས་ཐིམ་པར་བསམ། ལྟེ་བའི་ཨ་ལས་གང་འཆད་ཅིང་རྩོམ་པའི་མིང་ཚིག་ཡི་གེ་རྣམས་ལྷག་ཆད་ནོར་འཁྲུལ་མེད་པར་གསལ་གདབ། གཞན་ཡིད་འཛིན་ནུས་པའི་ལེགས་བཤད་འབྱུང་བར་མོས་ལ་འཆད་ཅིང༌རྩོམ་མོ། །མན་ངག་འདི་ནི་སྤོབས་པ་བཟང་ཞིང༌། རང་གིས་བཤད་པ་དང་ཉན་པའི་ཆོས་ཀྱིས་གཞན་ལ་ཕན་པ་དང༌། གཞན་གྱིས་ངག་མནན་པ་སོགས་ཀྱིས་མི་སྡིགས་པས་ཟབ།

    རྫས་ལ་བརྟེན་ནས་ཤེས་རབ་འཕེལ་ཐབས་ནི། བཅོམ་ལྡན་འདས་ཡང་དག་པར་མཆོད་པ་དང༌། མཎྜལ་བྱས་ལ་དེའི་མདུན་དུ་རིམ་གྱིས་ཐོག་མར་ཤུ་དག་སྲན་མ་ཙམ་ཟ། དེ་ནས་དེ་ལས་ཆེ་ཙམ་ལ་གོམ་པ་ནས་ཞོ་ཕྱེད་ཀྱི་བར་དུ་སྦྱངས་ལ། དེ་ནས་ཤུ་དག་དཀར་པོ་ཞོ་ཕྱེད་ཀྱི་ཚད་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་འོ་མའམ། མར་དཀར་ལ་སྦྱར། ཐོ་རངས་བྱ་གག་གི་སྐད་མ་བྱུང་བ་ལ་ཟླ་བ་གཅིག་ཏུ་འཐུངས་ན། གླེན་པ་ལུག་ལྟ་བུ་དང༌། ངག་སྨྲ་མི་ཤེས་པ་ཡང་བླང་དོར་གྱི་གནས་རིག་ཅིང་སྨྲ་མཁས་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །ཟླ་བ་དྲུག་བསྟེན་ན་མ་ཐོས་པའི་བསྟན་བཅོས་རྣམས་ཀྱི་དོན་རྣམས་ཀྱང་རྟོགས་ཤིང་ཐོས་པ་འཛིན་པར་འགྱུར་རོ། །རྒྱ་མཚོར་འབབ་པའི་ཆུ་ལ་སྐེ་ནུབ་ཙམ་དུ་བརྒལ་ལ་ཛ་ཏིའི་མེ་ཏོག་འབུམ་ཕྲག་གཅིག་བླངས་ནས་སྔགས་རེ་བརྗོད། མེ་ཏོག་ཆུ་ཀླུང་དུ་དོར་བས། མེ་ཏོག་ཕུད་པ་གཅིག་རྒྱུན་ལས་ཟློག་ནས་འོང་བས་དེ་ལག་པས་བཟུང་ལ་སོས་མ་རེག་པར་མིད་ན་ཐོས་པ་འཛིན་པ་དང༌། ངག་གི་དབང་ཕྱུག་ཐོབ་པར་འགྱུར་རོ། །བོད་དུ་ཛ་ཏིའི་མེ་ཏོག་མི་རྙེད་པས། ཕུ་ཆུ་ཆེན་པོ་འབབ་པའི་ལུང་བ་ཁ་ལྷོར་ལྟ་བའི་ཤིང་གླང་མའམ། བ་ལུའི་མེ་ཏོག་གང་རིགས་འབུམ་ཕྲག་གཅིག་བླངས་ནས་སྔར་ལྟར་བྱེད་པའམ། ཡང་ན་མེ་ཏོག་སྟོང་ཕྲག་གཅིག་བླངས་ནས་རེ་རེ་ལ་སྔགས་བརྒྱ་རྩ་བརྒྱད་བརྗོད་ཅིང་ཆུ་ལ་བསྐྱུར་བ་སོགས་སྔར་བཞིན་བྱའོ་གསུངས། མེ་ཏོག་དེ་གཉིས་གང་རིགས་འབུམ་གྱིས་སྦྱིན་སྲེག་གི་ཆོ་ག་བྱས་ན་ཡང་སྔར་ལྟར་ཕན་ཡོན་འབྱུང་ཞིང་ཤེས་རབ་འཇམ་དཔལ་རྡོ་རྗེ་དང་འདྲ་བར་འགྱུར་རོ། །གྷི་ཧཾ་དང༌། ཨ་རུ་ར་རྣམ་རྒྱལ། ཐ་མ་གསེར་མདོག་ཞོ་དོའི་ཚད་ཀྱི་ཕྱེ་མ་ལ་བརྒྱ་རྩ་བརྒྱད་བསྔགས་ལ་ཐོ་རངས་བྱ་སྐད་མི་གྲག་པའི་དུས་སུ་འཇམ་དཔལ་གྱི་སྒོམ་བཟླས་དང༌། མདུན་དུ་འཇམ་དབྱངས་བསྒོམས་ལ་མེ་ཏོག་སྣ་ཚོགས་པས་མཆོད་ཅིང༌། དེ་བཞིན་དུ་ཅི་འབྱོར་པའི་མཆོད་པ་མཎྜལ་དང་བཅས་པས་མཆོད་ཅིང༌། རང་སྐྱུར་.....ཆང་ལ་སོགས་པ་རང་བཅོས་པ་མ་ཡིན་པ་སྐྱུར་པ་སྐྱུ་རུ་རའི་ཁུ་བ་ལྟ་བུ་ཞེས་གསུངས། གྱི་ཁུ་བ་ལ་སྦྱར་ཏེ་ཟླ་བ་དྲུག་འཐུང་ན་ཐོས་པ་འཛིན་ཅིང་ངག་གི་དབང་ཕྱུག་ཐེ་ཚོམ་མེད་པར་འགྲུབ་བོ། 

    གསུམ་པ་རྩོད་པ་ནི། རང་རྗེ་བཙུན་དུ་གསལ་བའི་མཆོག་སྦྱིན་གྱི་མཐེ་བོང་གི་རྩེ་ལས་རལ་གྲིའི་རྩེ་ཕྱིར་བསྟན་པའི་འཆང་བཟུང་ལ་ཨ་དཀར་པོའི་རྣམ་པར་གནས་པ། འཆང་བཟུང་གི་ཨའི་འོད་ཟེར་གྱིས་རྡོ་ཁབ་ལེན་གྱིས་ལྕགས་ལེན་པ་བཞིན་དུ་ཁོའི་ཤེས་རབ་རྣམས་དྲངས་ཏེ་འཆང་བཟུང་གི་ཨ་ལ་ཐིམ་པས་ཁོའི་ཤེས་རབ་ཀྱང་རང་གི་ཤེས་རབ་ཀྱི་གྲོགས་སུ་གྱུར་པ་དང༌། རལ་གྲིའི་རྩེ་ལ་མེ་རབ་ཏུ་འབར་བས་ཕྱིར་རྒོལ་དེ་ཉིད་ཀྱི་ལྕེ་གཞོ་བ་ཐུལ་གྱིས་བསྲེགས་པར་བསམ་ལ་སྔགས་བཟླས་པས། ཕས་ཀྱི་རྒོལ་བ་མཐའ་དག་ལས་རྣམ་པར་རྒྱལ་བ་ཐོབ་པར་འགྱུར་རོ། 

    བཞི་པ་སྲན་མ་སོགས་ཀྱི་ལས་སྦྱོར་ནི། རྒྱ་སྲན་ནམ། བལ་སྲན་ཞེས་པ་བོད་ན་ཡོད་པ་འདིས་ཀྱང་རུང་བས། དེ་ལྟ་བུའི་སྲན་མ་མེ་ལ་མ་རེག་ཅིང༌། མར་ནག་དང༌། ཆུ་དང༌། མར་དང༌། བུད་མེད་དང༌། ཁྱད་པར་དམ་ཚིག་དང་སྡོམ་པ་ཉམས་པ་སོགས་ཀྱིས་མ་རེག་ཅིང༌། འགོམ་ཡུག་མ་སོང་བ། མ་རུལ་བ་སྲིན་ལ་སོགས་པས་མ་ཁྱེར་བ་ཡོངས་སུ་སྨིན་པ་བདུན་རྩི་ལྔའམ་ནང་མཆོད་བྲན། དྲི་བཟང་གིས་བསྙུག་ལ་སྤོས་དཀར་གྱིས་བདུག་ལ་སྐམ་པ་རྣམས་བ་དམར་མོའམ། ར་དཀར་མོའི་འོ་མའམ། མེད་ན་དྲི་བཟང་གི་ཆུ་ལ་སྤང་བའི་སྲན་མ་རྣམས་དར་དཀར་པོ་དྲི་མ་མེད་པས་ཆིག་རྐྱང་དུ་དྲིལ། ཟླ་བ་གཟས་ཟིན་པའི་ཚེ་བདག་བསྐྱེད་མདུན་བསྐྱེད་དང༌། མཆོད་པ་མཎྜལ་སོགས་ཀྱི་མཆོད་པ་དེའི་མདུན་དུ་གནས་པར་མོས་ལ། རང་ཁ་ཤར་དུ་ཕྱོགས་པའི་ཁར་སྲན་མ་རྣམས་བཅུག །ལུས་སྤྱི་དང་ཁྱད་པར་གདོང་ལ་ཟླ་འོད་མི་ཕོག་ཅིང༌། རང་གིས་ཟླ་བ་མ་མཐོང་བ་བྱས། སྒྲུབ་གྲོགས་ཀྱི་གཟས་ཟིན་པ་དང༌། བཏང་བ་སོགས་བྱ་ར་བྱེད་དུ་བཅུག་ལ། ཇི་སྲིད་གཟའ་ལས་མ་གྲོལ་བར་ལྷ་ལ་དམིགས་ཤིང་གཞན་དུ་མ་ཡེངས་པར་རིག་སྔགས་ཀྱི་རྒྱལ་པོ་ལེགས་པར་བཟླ་བར་བྱ་ལ། དེ་ནས་སྒྲུབ་གྲོགས་ཀྱིས་གཟའ་ལས་གྲོལ་པར་བཤད་པ་དང༌། མཆོད་གཏོར་སོགས་བྱས་ཏེ་ཁ་ནས་ཕྱུང་སྟེ་མྱུ་གུ་འཁྲུངས་པ་ནི་གྲུབ་པའི་མཚན་མ་ཡིན་ཞིང༌། དེ་ནས་བལ་སྲན་མྱུ་གུ་ཅན་ཆུ་གཙང་མ་ཁྱོར་བ་གང་གིས་ཕུལ་སོས་མ་རེག་པར་མིད་པར་བྱའོ །མྱུ་གུ་མེད་པ་རྣམས་ས་ལ་མ་རེག་པར་ཕྱེ་མར་བྱས་ཏེ་མི་མ་ཡིན་གྱིས་ཟིན་པའི་མགོར་སྔགས་བཟླས་ཤིང་གཏོར་བས་གདོན་ལས་གྲོལ་པར་འགྱུར་རོ། །རལ་གྲིའི་རིག་འཛིན་ཀྱང་མ་ཡུ་རལ་གྲི་ཏ་སུ་པ་དང༌། པཎྜི་ཏ་ཞེས་པའི་ལྕགས་གང་ཡང་རུང་བ་ལ་བྱས་པའི་རལ་གྲི་ཁྲུ་གང་བ། ཨུཏྤལ་གཞོན་ནུ་མཐིང་ཀའི་མདོག་འདྲ་བ་ལག་པས་བཟུང༌། ཕྱི་རོལ་ཏུ་སྒྲུབ་གྲོགས་ཀྱིས་བྱ་ར་བྱས། ནང་དུ་རང་ཉིད་འཇམ་དཔལ་དུ་བསྐྱེད། གཞན་དུ་མ་ཡེངས་ཤིང༌ཐེག་པ་དམན་པའི་ཡིད་ལ་བྱེད་པ་ཅུང་ཟད་ཀྱང་མེད་པར་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སེམས་ཀྱིས་བཟླ་ཞིང་དེ་ཡང་ལག་པ་གཡས་པས་ལྟེ་བའི་ཐད་དུ་འཕྲེང་པ་འདྲེན་ཞིང་བཟླས་པ་ན། གྲོགས་པོས་ཟླ་བ་གྲོལ་བར་བརྗོད་པ་དང༌། རལ་གྲི་བཟུང་བཞིན་དུ་ནམ་མཁའ་ལ་འཕུར་ནུས་སོ། །དེ་བཞིན་དུ་འཁོར་ལོ་དང༌། རྡོ་རྗེ་དང༌། རྩེ་གསུམ་དང༌། མདའ་དང༌། ཐོ་བ་དང༌། ཞགས་པ་ལ་སོགས་པའི་རིག་འཛིན་ཀྱང་བསྒྲུབ་བོ། །དེ་སྐད་དུ་ཡང༌། སློབ་དཔོན་ཨཱརྱ་དེ་བས། དེ་བཞིན་རལ་གྲི་ཨུཏྤལ་ལོ་མ་འདྲ། །ཚད་དང་ལྡན་པ་ཡིད་དུ་འོང་བ་ལ། །ཐོག་མར་བསྲུངས་ནས་བསྒྲུབ་པ་བྱ་བ་ནི། །ལག་པ་གཡས་པས་ལེགས་པར་བཟུང་ནས་སུ། །ཟླ་བ་གཟས་ཟིན་གྲོལ་དུས་རལ་གྲི་དེས། །རིག་འཛིན་འགྱུར་ཏེ་གཡོ་ཞིང་ནམ་མཁར་འགྲོ། །རིག་འཛིན་རྣམས་ཀྱི་ཐོག་མར་འགྲོ་བ་ནི། །རལ་གྲི་གྲུབ་པ་དེ་ནི་སྟོབས་ཀྱང༌ཆེ། །གཟུགས་མཆོག་གྱུར་པ་གསེར་གྱི་བཙོ་མ་འདྲ། །སྐྲ་ཡང་རབ་ཏུ་འཁྱིལ་པ་ལྕང་ལོ་བཞིན། །ཞེས་གསུངས། འགྲེལ་བར་ཡང་ཚད་དང་ལྡན་པ་ཞེས་པ་ནི་ཁྲུ་གང་བ་ཞེས་གསུངས་སོ། །བཅུད་ལེན་ནི་འོ་མའམ། ཞོའམ། མར་གསར་གང་ཡང་རུང་བ་སྣོད་གཙང་མའི་ནང་དུ་བཀང་སྟེ། གཟའ་ལས་མ་གྲོལ་གྱི་བར་དུ་ལག་པ་གཡོན་གྱིས་ཁ་བཀབ་སྟེ་གཡས་ཀྱིས་སྙིང་ཁར་ཕྲེང་བ་བཟུང༌། སྔགས་བཟླས་ཏེ་སྒྲུབ་པ་ལྟོ་མ་འཐུང་གོང་ལ་ཞག་ཉེར་གཅིག་འཐུང་ན་ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། །པདྨའམ་བུནྜ་རི་ཀ་མ་རྙེད་ན་ཙམ་པ་ཀའི་མེ་ཏོག་གིས་སྦྱིན་སྲེག་འབུམ་བྱས་ན་བཅོམ་ལྡན་འདས་ངག་གི་དབང་ཕྱུག་གི་ཞལ་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་བཞིན་དུ་བིལ་པའི་སྦྱིན་སྲེག་འབུམ་བྱས་ན་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་འགྲུབ་བོ། །བོད་དུ་བིལ་པའི་དོད་ཤུག་འབྲུ་ལ་བྱས་ཀྱང་རུང་ངོ་གསུངས་སོ། །འབྲས་ཏིལ་ཞོ་གྲོ་ནས་སྲན་མ་སྟེ་འབྲུ་ལྔ་བསྲེས་པའི་མར་གྱིས་སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་པས། གནོད་སྦྱིན་མོ་དང༌། ཀླུ་མོ་ལ་སོགས་པ་འགུགས་པར་བྱེད་དོ། །དེ་སྐད་དུ་ཡང་འགྲེལ་བ་ལས། ཨོཾ་ཝ་ཀྱེ་དཾ་ཞེས་པ་ལ་སོགས་མེ་ཏོག་དང་སྤོས་མ་ཏི་ཀ་དང་འགྲེལ་ལོ། །སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་ཞེས་པ་ནི། ཤར་དུ་ལས་ཐམས་ཅད་པའི་ཐབ་ཁུང་ཞེས་པ་ནི་ལྷག་མའོ། །འདི་དག་ནི་གོང་དུ་བསྙེན་ཅིང་སྡོམ་པ་དང་ལྡན་པའོ་ཞེས་སོགས་ཀྱིས་རྒྱས་པར་བཤད་པ་ལྟར་འདུག་པས་ལེགས་པར་གོའོ། །

    སྨྲས་པ། སྒྲུབ་པ་ཙམ་གྱིས་བློ་གྲོས་འོད་སྟོང་གིས། །འཆད་རྩོད་རྩོམ་པའི་རིགས་ལམ་བྱེ་བ་བརྒྱའི། །འདབ་སྟོང་བཞད་པའི་བཅུད་མྱང་གྲགས་སྙན་གླུའི། །དར་དིར་བྱེད་དོ་འཇམ་མགོན་ཁྱོད་དྲིན་རྨད། །ཉི་མ་བྱེ་བའི་འོད་ཅན་མཁྱེན་རབ་གཏེར། །དྲན་པས་རྣམ་དཔྱོད་འབུམ་དུ་བཞད་ཅི་མཚར། །མི་དམན་ལས་ཀྱིས་བྱས་པའི་རྟ་བདུན་པར། །བལྟས་པས་ཆུ་སྐྱེས་མང་པོའང་བཞད་མིན་ནམ། །གསང་གསུམ་ཡོན་ཏན་གཏེར་གྱིས་རྒྱལ་བ་ཀུན། །གཅིག་ཏུ་མཛད་ཀྱང་མཚུངས་མིན་མགོན་པོ་འདིས། །འཕགས་བོད་མཁས་གྲུབ་བྱེ་བ་བསྐྲུན་མཛད་པ །མེས་པོས་བདུད་རྩིའི་ཟས་ལྡན་རྣམ་སྤྲུལ་བཞིན། །མགོན་ཁྱོད་མཉེས་པའི་སྒྲུབ་ཐབས་བདུད་རྩིའི་འོད། །བསྐྲུན་པས་མཐའ་ཀླས་འགྲོ་བའི་བློ་མུན་སངས། །བློ་གྲོས་རྒྱུ་སྐར་མ་འདྲེས་རབ་ཏུ་བཀྲ །ཐམས་ཅད་མཁྱེན་པའི་ཀུནྡ་བཞད་པར་ཤོག །འཆར་བདེ་གོ་རིམ་མཁས་དང་ཕྲ་འཛངས་བློ། །ཀུ་ཤའི་རྩེ་ལྟར་དཔྱད་གསུམ་དག་པའི་ངག །སྐྱོན་བརྒྱད་བྲལ་བས་བློ་ལྡན་ཡིད་འཕྲོག་པའི། །འཆད་ལ་ཐོགས་མེད་ལྟར་མཛོད་མཁྱེན་པའི་གཏེར། །སྒྲ་དང་དོན་གྱི་ཕྲ་ཞིབ་བྱེ་བ་བརྒྱས། །སྒྲུབ་དང་སུན་འབྱིན་སྒོ་ནས་འཁྲུལ་བ་ཀུན། །གཞོམ་ལ་ཟླ་བྲལ་དཔལ་ལྡན་གྲགས་པ་བཞིན། །མཁས་ཀུན་ཡང་རྩེ་མཛོད་ཅིག་རྒྱལ་ཀུན་ཡབ། །རྒྱ་ཆེའི་དོན་བསྡུ་མ་ཚང་གབ་དཀྲུགས་སྡེབས། །ཚིག་དང་དོན་རེའི་སྤྲོས་པ་སྟོང་འགྱེད་ཅིང༌། །དཀའ་བའི་གནད་འབྱེད་ཐེ་ཚོམ་ཀུན་གཅོད་པའི། །རྩོམ་ལ་དབྱངས་ཅན་དངོས་མཛོད་འཇམ་པའི་དབྱངས། །ཚེ་རབས་ཀུན་ཏུ་མགོན་ཁྱོད་གཙུག་བསྟེན་ནས། །རིག་གནས་ལྔ་དང་ཐོས་བསམ་སྒོམ་གསུམ་གྱི། །ཡང་རྩེ་ཐོབ་སྟེ་མཁའ་མཉམ་མར་གྱུར་འགྲོ། །སྒྲོལ་ལ་ཉེ་བའི་སྲས་བརྒྱད་ལྟ་བུར་ཤོག །ཅེས་སྒེག་པའི་རྡོ་རྗེའི་ལུགས་ཀྱི་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་བྱིན་རླབས་མྱུར་འཇུག་བདུད་རྩིའི་འོད་ཅན་འདི་ཡང་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་གནས་ལུགས་མངོན་དུ་གྱུར་པས་ཆོས་བརྒྱད་སྒྱུ་མ་ལྟ་བུར་གཟིགས་པ། རིམ་གཉིས་ཀྱི་རྣལ་འབྱོར་དབང་ཕྱུག་ཆེན་པོ་སློབ་དཔོན་རིན་པོ་ཆེ་གྲུབ་པའི་དབང་ཕྱུག་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུ་ངག་དབང་འཕྲིན་ལས་རྒྱ་མཚོའི་གསུང་གི་མེ་ཏོག་གིས་ཉིན་བདེ་ཆེ་ལེགས་བཅས་བསྐུལ་ངོར། རྒྱལ་བ་ཐམས་ཅད་ཀྱི་བདག་པོའི་སྒྲུབ་ཐབས་གཉིས་གཞིར་བཞག །འདིའི་རྒྱ་གཞུང་གང་ཡོད་དང་རྒྱུད་དང་འགྲེལ་བར་ཡང་ཡང་དཔྱད་ནས་ཆོས་འདིའི་སྐོར་རང་གཞན་དུ་མས་མཛད་པ་རྫོགས་པར་ཐོབ་པའི་མང་དུ་ཐོས་པའི་དགེ་སློང་ངག་དབང་བརྩོན་འགྲུས་སམ། མིང་གཞན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཞེས་བྱ་བས་རང་གི་ཡིད་ལའང་གོམས་པའི་སླད་དུ་སུག་བྲིས་བྱས་སོ། །

                                                                                                                               རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།