སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཡིད་བཞིན་དབང་གི་འཕྲེང་མཛེས་འཆི་མེད་བདུད་རྩིའི་བུམ་བཟང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 20:58:10     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

313413458707608858.jpg 

    ན་མ་སྶྭ་ར་སྭ་སྟྱཻ། གང་གི་ཞབས་བསྟེན་ལྟ་ཅི་དྲན་ཙམ་གྱིས། །ནད་གདོན་དགྲ་བགེགས་འཇིགས་བརྒྱད་ཀུན་སོགས་ཞི། །ལས་བཞི་གྲུབ་ཆེན་བརྒྱད་སོགས་མྱུར་སྩོལ་བའི། །རྒྱལ་ཀུན་ཡུམ་གྱུར་ཏཱ་རེ་སྙིང་དབུས་བཞུགས། །སྒྲོལ་དཀར་བཀའ་བབས་བརྒྱད་དང་ཁྱད་པར་དུ། །ཇོ་ལུགས་སྒྲེ་དང་བ་རི་སླེ་ནག་ནས། །བརྒྱུད་པའི་ཉིང་ཁུ་མཁས་གྲུབ་ནོར་བཟང་བའི། །ཉེ་བརྒྱུད་རྨད་བྱུང་བཤེས་རྣམས་ཞབས་ལ་འདུད། །

    དེ་ལ་འདིར་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་བསྒྲུབ་བར་འདོད་པས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་ཡིད་འཁུལ་ངེས་བྱས། རང་སྒྲོལ་མར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་རྗེ་བཙུན་མ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་སྤྱན་དྲངས་ལ་ཕྱག་འཚལ་བ་དང༌། མཆོད་པ་སོགས་སྤྲོ་ན་བྱ། བསྡུ་ན། ཨོཾ་སྭབྷཱ་ཝ་ནས་ཆོས་ཐམས་ཅད་རང་བཞིན་མི་དམིགས་པའི་སྟོང་བར་གྱུར་བར་བསམ། སྟོང་པའི་ངང་ལས་བཾ་ལས་པདྨ་དཀར་པོ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཏཾ་ཡིག་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་མེ་ཏོག་ཨུཏྤལའི་ཡུ་བ་ཐུགས་ཀར་མཐེབ་སྲིན་གྱིས་འཛིན་པ། སྙན་གྱི་ཐད་དུ་ཁ་ཕྱེ་བའི་ཡལ་ག་གསུམ་དུ་གྱེས་པའི་དབུས་མ་ཁ་ཤག་གིས་ཕྱེ་བ། གཡས་སྤུད་ནས་འབྲས་བུ་ཡོད་པ། གཡོན་ཁ་མ་ཕྱེ་བ། དེ་གསུམ་གྱིས་དུས་གསུམ་གྱི་སངས་རྒྱས་མཚོན་པ། རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཟླ་བའི་དཀྱིལ་འཁོར་ལ་སྐུ་དྲང་བོར་བརྟེན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། སྙིང་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏ་ཡིག་དཀར་པོ་དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་སམ། ལྷོ་ཕྱོགས་པོ་ཏ་ལ་ནས་རྗེ་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་པ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ། ཞེས་བདུད་རྩིའི་ཆུས་དབང་བསྐུར། ལུས་གང༌། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར་པར་བསམ། མཆོད་པ་ཨ་མྲྀཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་གྱུར་པར་བསམ། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ནས། ཨོཾ་ཤཔྟ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་མོས་ནས། ཨོཾ་ཨཱརྱ་ཏཱ་རེས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱཱི་ཙྪ་སྭཱཧཱ། དེ་བཞིན་དུ་པུཏྱཾ། པུཥྤེ། དྷུཔེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་ཏྱཻ། །ཤཔྟའི་པར་སྦྱར་བས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཞེས་སོགས་དང༌། རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་འཕྲིན་ལས་རྣམས། །རབ་མཛེས་ཡིད་འོང་ལྷ་མོའི་སྐུར་བསྟན་ནས། །རབ་མང་འགྲོ་ལ་ཚེ་དང་མཆོག་སྩོལ་མ། །རབ་དཀར་ལྷ་མོ་ཨུཏྤལ་བསྣམས་ལ་བསྟོད། །ཅེས་པས་ཀྱང་བསྟོད་ལ། ང་རྒྱལ་དང་གསལ་སྣང་ལ་སེམས་ཅི་ནུས་འཇོག །

    བཟླས་པ་བྱ་བ་ནི། རང་གི་སྙིང་ཀར་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་དང་བཅས་པ། མུ་ཁྱུད་རིམ་པ་གསུམ་དང་ལྡན་པ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཏཱཾ་ཡིག་དཀར་པོ། དེའི་མཐར། ཨོཾ་བདག་གི་ཚེ་དང་བསོད་ནམས་བུཥྚིཾ་ཀུ་རུ་ཧཱ། ཞེས་པས་བསྐོར་བ་དང༌། རྩིབས་བརྒྱད་ལ་མདུན་ནས་གཡས་བསྐོར་དུ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཞེས་པའི་ཡི་གེ་བརྒྱད་དང༌། མུ་ཁྱུད་ནང་མ་ལ་ཨཱ་ལི་གཡོན་བསྐོར། བར་མ་ལ་ཀཱ་ལི་གཡས་བསྐོར། ཕྱི་མ་ལ་རྟེན་འབྲེལ་སྙིང་པོས་བསྐོར་བ་སྔགས་ཐམས་ཅད་ཀྱང་བདུད་རྩིའི་འོད་ཟེར་དང་བཅས་པ་གྱེན་འགྲེང་གི་རྣམ་པ་ཅན་དུ་བསྒོམ། འདི་ནི་ངག་གི་དབང་ཕྱུག་གྲགས་པས། སྒྲོལ་མ་དེ་ཡི་སྙིང་ཀར་བསྒོམ། །འཁོར་ལོ་དཀར་པོ་འོད་ཟེར་ཅན། །རེ་མིག་བརྒྱད་ལ་ཡི་གེ་ནི། །བརྒྱད་ཀྱིས་ཡོངས་སུ་བསྐོར་པའོ། །ཨོཾ་ཧཱ་གསལ་བྱེད་དབུས་གནས་པར། །བསྒྲུབ་བྱའི་མིང་ནི་ལྟེ་བར་བྱ། །ཞེས་པའི་སྔགས་འགོད་ལུགས་མ་ནོར་བའོ། །སྔགས་དེ་རྣམས་ལས་འོད་ཟེར་དཀར་པོའི་ཚོགས་དཀར་ཕྲོམ་གྱིས་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་དང་ཚེའི་བར་ཆད་ཞི་བར་བྱས། འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ལུས་ཀྱི་ཕྱི་ནས་འོད་ཟེར་དཀར་པོའི་གུར་ཁྱིམ་འདོམ་གང་ཁོར་ཡུག་ཙམ་ཞིག་གིས་བསྐོར་བས་ཞི་བའི་ལས་ཐམས་ཅད་འགྲུབ་པར་བྱས་སོ་སྙམ་དུ་བསམ། དེ་བཞིན་དུ་འོད་ཟེར་སེར་པོའི་ཚོགས་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་དང་བསོད་ནམས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་སོགས་པ་རྒྱས་པར་བྱས། སྔར་བཞིན་དཀར་པོའི་མཐའ་ནས་འོད་ཟེར་སེར་པོའི་གུར་ཁྱིམ་གྱིས་བསྐོར་བས་རྒྱས་པའི་ལས་ཐམས་ཅད་འགྲུབ་པར་བསམ། ཡང་འོད་ཟེར་དམར་པོའི་ཚོགས་འཕྲོས། ཁམས་གསུམ་དབང་དུ་བསྡུད་པའི་མཐུ་དང་ལྡན་པར་གྱུར། ཕྱིར་འཕྲོས་སེར་པོའི་མཐའ་ནས་འོད་ཟེར་དམར་པོའི་གུར་ཁྱིམ་གྱིས་བསྐོར་བས་དབང་གི་ལས་འགྲུབ་པར་བསམ། ཡང་འོད་ཟེར་མཐིང་ཀའི་ཚོགས་འཕྲོས། མངོན་སྤྱོད་ཀྱི་ལས་ཐམས་ཅད་འགྲུབ་པའི་མཐུ་དང་ལྡན་པར་བྱས། ཕྱིར་འཕྲོས་དམར་པོའི་མཐའ་ནས་འོད་ཟེར་མཐིང་ཀའི་གུར་ཁྱིམ་གྱིས་བསྐོར་བས་དྲག་པོའི་ལས་ཐམས་ཅད་འགྲུབ་པར་བསམ། ཡང་ལྗང་གུའི་གུར་ཁྱིམ་གྱིས་བསྐོར་བས་ལས་རབ་འབྱམས་ཐམས་ཅད་འགྲུབ་པར་བསམ། མཆིན་ཁའི་ཚོགས་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ཕྱིར་འཕྲོས་ལྗང་གུའི་མཐའ་ནས་མཆིན་ཁའི་གུར་ཁྱིམ་འདོམ་གང་ཁོར་ཡུག་ཙམ་ཞིག་གིས་བསྐོར་བས་དེ་ཐམས་ཅད་བརྟན་པར་བྱས་པར་བསམ་ལ། དེ་ཡང་འོད་ཟེར་དྲུག་གི་གུར་ཁྱིམ་གྱི་ནང་ཐམས་ཅད་མེ་ཏོག་ཨུཏྤལ་ཁ་ཕྱེ་ལ་མ་རྙིང་པའི་ཚོགས་ཀྱིས་གང་བར་བསྒོམ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་མ་མཱ་ཨ་ཡུ་པུ་ཎྱཻ་པུ་ཥྚིཾ་ཀུ་རུ་སྭཱཧཱ། ཞེས་སྤེལ་ཚིགས་དང་བཅས་པ་འདོན། གྲངས་རབ་སྤྱི་རྒྱུད་ལྟར་དང༌། ཟླ་བ་དྲུག་ཏུ་ཏིང་འཛིན་བརྟན་པོས་བསྒྲུབས་ན་དངོས་གྲུབ་གཞུང་བཞིན་འབྱུང་ལ། འབྲིང་རྨི་ལམ་དུ་སཱ་ཚ་དང༌། མཆོད་རྟེན་དཀར་པོ་དང༌། མེ་ཏོག་རྨི་ན་འགྲུབ་པར་གསུངས་ཏེ། སྤྱན་སྔ་རིན་པོ་ཆེའི་ཞལ་ནས། མཆོད་རྟེན་དང་སཱ་ཚ་རྨི་ན་འཆི་ལྟས་དང་བར་ཆད་བཟློག་པ་ཡིན་གསུངས། བཤེས་གཉེན་རིན་པོ་ཆེ་སྒྲེ་པའི་ཞལ་ནས། མེ་ཏོག་དང་སཱ་ཚ་རྨི་ན་འཆི་བའི་མཚན་མ་དང་བར་ཆད་ཐམས་ཅད་བཟློག་པ་ཡིན་གསུངས། དགེ་བའི་བཤེས་གཉེན་སྤྱན་སྔ་པའི་ཞལ་ནས། འདིའི་བསྙེན་པ་འབུམ་ཚོ་གཅིག་བསྐྱལ་ན་བར་ཆད་ཀྱིས་མི་ཚུགས་གསུངས དགེ་བཤེས་སྒྲེ་བའི་ཞལ་ནས། འདི་འཕྲིན་ལས་ཀྱི་ལྷ་ཡིན་པས་འགྲུབ་སླ་བ་ཡིན་གསུངས། དགེ་བཤེས་སླེ་ནག་པའི་ཞལ་ནས། འདི་ཟློས་ཤེས་ན་མགོ་སུག་བྲལ་ཡང་གེགས་མེད་གསུངས་པས་དེ་ལྟར་བྱས་ན་ལེགས་སོ། །ཐུན་འཇོག་ཁར་རིམ་གྱིས་བསྡུས་ལ་མི་དམིགས་པར་བསམ་ཞིང་ལྟ་ཐོག་ཏུ་བཞག །བསྔོ་བ་སྨོན་ལམ་བྱ། ཐུན་མཚམས་ལ་མཎྜལ་དང་ཕྱག་དང་སྐོར་བ་བྱེད་གསུངས་པ་ལེགས་ཤིང༌། གཏོར་མ་གྲུབ་ནའང་བྱ། ཕན་ཡོན་ནི། འཆི་བླུ་ལས། ཚངས་དབང་ཁྱབ་འཇུག་ཉི་ཟླ་དང༌། །དྲག་པོ་འདོད་ལྷ་ཕྱོགས་སྐྱོང་གིས། །བ་སྤུའི་རྩེ་མོ་གཅོད་མི་ནུས། །འཆི་བདག་ལས་རྒྱལ་སྒྲོལ་མ་བཞིན། །སྐྲ་དཀར་གཉེར་མ་རྒས་ནད་དང༌། །དབུལ་བ་ལ་སོགས་མདོར་བསྡུས་ན། །སེང་གེ་ལ་སོགས་འཇིགས་པ་བརྒྱད། །སྡུག་བསྔལ་རབ་ཏུ་འཇོམས་པར་བྱེད། །བསྐུལ་བ་མེད་པར་གོས་བཏུང་བ། །ཁ་ཟས་རིན་ཆེན་ལ་སོགས་འདུ། །རལ་གྲི་དང་ནི་མིག་སྨན་དང༌། །རྐང་མགྱོགས་བུམ་པ་བཟང་སོགས་འགྲུབ། །ཅེས་གསུངས་པ་ལྟར་རོ། །རྗེ་བཙུན་ཡིད་བཞིན་འཁོར་ལོ་སྒྲུབ་པའི་ཐབས། །བདུད་རྩིའི་བུམ་བཟང་ཉེ་བར་བསྒྲུབས་པ་ཡིས། །འཆི་བདག་བདུད་ཀྱི་གཡུལ་ལས་ལེགས་རྒྱལ་བའི། །རྡོ་རྗེ་གསུམ་གྱི་གོ་འཕང་ཐོབ་པར་ཤོག །སྙིགས་མའི་མུན་ཚོགས་ཀུན་ཞི་མངོན་མཐོ་དང༌། །ངེས་ལེགས་རྫོགས་ལྡན་དགའ་སྟོན་ཕུན་ཚོགས་ལ། །སྐྱེ་དགུ་ལྷུན་གྲུབ་སྤྱོད་པའི་རྒྱུར་ཡང་ཤོག །ཅེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཡིད་བཞིན་དབང་གི་འཕྲེང་མཛེས་འཆི་མེད་བདུད་རྩིའི་བུམ་བཟང་འདི་ཡང༌གྲོ་ཚང་དབོན་པོས་ཉིན་བདེ་དངུལ་གྱི་མཎྜལ་དང༌། གསེར་ཞོ་བཅུ་ལས་གྲུབ་པའི་ལྷའི་རྣ་རྒྱན་ཁྱད་འཕགས་གཡུ་བྱུ་རུའི་ཕྲ་ཅན་སོགས་དང་བཅས་ཏེ་བསྐུལ་བ་དང༌། རང་གཞན་རྒྱུན་འཁྱེར་དུ་བསམས་ནས། ཆོས་ཚུལ་འདིའི་སྐོར་མ་ལུས་པ་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་སོགས་ཀྱི་བཀའ་དྲིན་ལས་ཐོབ་པའི་ཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར་བ་ཀུན་ལ་དགེ་བར་གྱུར་ཅིག།

                                                                                                                              རྩོམ་སྒྲིག་པ། མང་ར་བ།

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།