སྒྲོལ་ལྗང་རྩ་རྒྱུད་ལྟར་གཙོ་རྐྱང་གི་སྒྲུབ་ཐབས་རྡོ་རྗེ་སེམས་དཔའི་ཞལ་ལུང་གདུངས་པ་ཀུན་སེལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 20:54:37     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 35844437889994210.jpg

    ན་མ་སྭ་ར་སྭ་སྟྱེ། དྲན་པས་འཇིགས་པ་ཀུན་སྒྲོལ་འདོད་པའི་དོན། །མ་ལུས་སྒྲུབ་བྱེད་རྒྱལ་བ་ཀུན་གྱི་ཡུམ། །འཕགས་མ་སྒྲོལ་མའི་ཞབས་ལ་ཕྱག་བྱས་ཏེ། །རྗེ་དང་སྙིམ་ཏོག་ལུགས་བཞིན་འདིར་བརྗོད་བྱ། །དེ་ལ་རྗེ་བཙུན་སྒྲོལ་མ་ལ་རྒྱུད་སྡེ་བཞིའི་ལུགས་ཡོད་པ་ལས།

    འདིར་གསང་འདུས་རྩ་རྒྱུད་ལས་གསུངས་པའི་སྒྲོལ་མ་རྗེ་རིན་པོ་ཆེའི་མཐའ་དཔྱོད་མྱུ་གུ་དང༌། རྩོད་དུས་ཀྱི་ཀུན་མཁྱེན་ཤནྟི་བའི་སྙིམ་ཏོག་གི་མན་ངག་བཞིན་གཙོ་རྐྱང་གི་སྒྲུབ་ཚུལ་ནི། གནས་ཡིད་དང་མཐུན་པར་གདན་ལ་འཁོད་དེ། སྐྱབས་འགྲོ་སེམས་བསྐྱེད་བྱས། དེ་ནས་རང་སྒྲོལ་མར་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་ས་བོན་ཀྱི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་རྗེས་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པར་དམིགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེགྷ་ས་མུ་ཏྲ་སྤ་ར་ཎ་ས་མ་ཡི་ཤྲཱི་ཡེ་ཧཱུཾ། དེ་བཞིན་དུ། པུཏྱཾ། པུཥྤེ། དྷུཔེེ། ཨཱ་ལོ་ཀེ །གནྔྷེ། ནཻ་ཝི་ཏྱ། ཤཔྟ་རྣམས་ཨརྒྷཾ་གྱི་གནས་སུ་བཅུག་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམས་ལ། ཨོཾ་ཤཱནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མི་དམིགས་པའི་སྟོང་བ་ཉིད་དུ་གྱུར་བར་བསམ། སྟོང་བའི་ངང་ལས་བཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་ཏཾ་ལས་ཨུཏྤལ་ཏཾ་གྱིས་མཚན་པ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་སྒྲོལ་མ་ལྗང་ཁུ། ལྗང་ཁུ་དང༌། དཀར་པོོ་དང༌། དམར་པོའི་ཞལ་གསུམ་ཕྱག་དྲུག་གི་གཡས་སྣ་ཚོགས་རྡོ་རྗེ། འཁོར་ལོ། རྡོ་རྗེས་མཚན་པའི་ཨུཏྤལ། གཡོན་དྲིལ་བུ། རིན་ཆེན། རལ་གྲི་འཛིན་པ་དབུ་སྐྲ་རལ་བ་ཕྱེད་བཅིངས་སུ་བྱས་པ། ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ། ཟུར་གྱིས་ལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། རིན་པོ་ཆེའི་དབུ་རྒྱན་གསོལ་བ། རིན་པོ་ཆེའི་སྙན་རྒྱན་དང༌། སྙན་གོང་ཨུཏྤ་ལའི་གདེངས་ཀ་དང༌། དར་དབྱངས་ཀྱིས་མཛེས་པར་བྱས་པ། རིན་པོ་ཆེའི་མགུལ་རྒྱན་དང༌། མུ་ཏིག་གི་སེ་མོ་དོ་དང༌། རིན་པོ་ཆེའི་དོ་ཤལ་དང༌། ཕྱག་གདུབ་དང༌། ཞབས་གདུབ་དང༌། རིན་པོ་ཆེའི་འོག་བག་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱིས་ག་ཤལ་ཕྱས་ཤིང༌། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་ཅན། ཞི་བ་འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་བར་གྱུར། དེའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་ཞལ་གཅིག །ཕྱག་གཉིས་པ། དེའི་ཐུགས་ཀར་ཟླ་བ་ལ་ཏིང་ངེ་འཛིན་སེམས་དཔའ་ཏཾ་ཡིག་འོད་ཟེར་འབར་བས་མཚན་བ། དེའི་སྤྱི་བོར་ཨོཾ། མགྲིན་བར་ཨཱཿཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམ་བ་དང་འདྲ་བའི་ཡེ་ཤེས་པ་དང༌། དབང་གི་ལྷ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། དྲི་མ་དག ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། སྔར་ལྟར་མཆོད། ནང་མཆོད་ཀྱང་ཡོང་ན་ཕུལ། རྒྱལ་བའི་ལྷན་སྐྱེས་དགའ་བའི་རོལ་བ་ལས། །དུ་མར་སྤྲོ་ཞིང་འགྲོ་བའི་དོན་མཛད་ཀྱང༌། །གཉིས་མེད་གཉིས་བྲལ་བདེ་སྟོང་ལྷ་མོའི་སྐུ། །རྗེ་བཙུན་སྒྲོལ་མར་ཤར་བ་ཁྱོད་ལ་འདུད། །ཅེས་སོགས་ཅི་རིགས་ཀྱིས་བསྟོད། ཐུགས་ཀར་ཟླ་སྟེང་དུ་ཏཾ་ཡིག་གི་མཐར་སྙིང་པོ་དང་ཉེ་སྙིང་དང་རྩ་སྔགས་ཡི་གེ་བཅུ་བས་བསྐོར་བ་ལ་འོད་ཟེར་འབར་བ་དང་ལྷའི་སྤྲོ་བསྡུ་དང་བཅས་སྔགས་གསུམ་དང་གཙོ་བོར་ཡི་གེ་བཅུ་བ་བཟླས། དེ་ནས་ལངས་པ་ན་ཡིག་བརྒྱས་བརྟན་པར་བྱས་ལ། སྨོན་ལམ་བྱ་ཞིང༌། གཏོར་མ་སྤྱི་ཁྱབ་བམ། གསང་འདུས་ལྟར་བྱས་ལ་ཐུན་བཞི་སོགས་སུ་ཏིང་ངེ་འཛིན་དང་བཟླས་པ་འབུམ་མམ། ས་ཡའམ། བྱེ་བ་སོང་ན་ལས་ཅི་རིགས་འགྲུབ་གསུངས་སོ། །འདི་ནི་རྩ་རྒྱུད་ལས། གཟི་བརྗིད་ཕུང་བོ་སོགས་ཀྱི་དགོངས་པ་ཤནྟི་པ་དང༌། རྒྱལ་བའི་བྱིན་གྱིས་བཤད་པ། མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ་ལས། དཔའ་བོ་གཅིག་པ་དང༌། བདག་པོར་བསྒོམ་པ་གཉིས་ལ་བྱང་གོས་པ་འདྲའོ། །ཞེས་གསུངས་པའི་དགོངས་པར་སྲད་རྡོ་རྗེའི་འཆང་ཆེན་པོས་གསུངས་པ་དང་ཕྱག་ལེན་ཁྲིད་པ་ལྟར་ཡིན་པས་གཅེས་པར་གྱིས། ལས་ཚོགས་སོགས་གཞན་དུ་ཤེས་དགོས་སོ། །

    འདི་ལྟར་བཀོད་པའི་རྨད་བྱུང་ཟླ་ཟེར་གྱིས། །འཇིགས་དང་གདུངས་པའི་མུན་ཚོགས་ཀུན་བསལ་ཏེ། །སྐུ་གསུམ་ཀུནྡའི་འདབ་མ་རབ་ཕྱེ་ཞིང༌། །ལུས་ཅན་ཆོས་སྐུའི་སྣང་བར་རོལ་གྱུར་ཅིག །ཅེས་སྒྲོལ་ལྗང་རྩ་རྒྱུད་ལྟར་གཙོ་རྐྱང་གི་སྒྲུབ་ཐབས་རྡོ་རྗེ་སེམས་དཔའི་ཞལ་ལུང་གདུངས་པ་ཀུན་སེལ་ཅེས་པ་འདི་ཡང་དད་དང་རྣམ་དཔྱོད་ལྡན་པའི་རབ་བརྟན་དགེ་སློང་གིས་བླ་མེད་ལུགས་གཅིག་དགོས་ཞེས་ཡང་ཡང་བསྐུལ་པའི་ངོར་ཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་བའི་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །ཨོཾ་ཨཱཿཏཾ་ཧཱུཾ་སྙིང་བོ་དང༌། ཨོཾ་ཨཱཿབཛྲ་རཱ་ཏི་ཏཾ་ཧཱུཾ་ཉེ་བའི་སྙིང་བོ་དང༌། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ་རྩ་སྔགས་སོ། །

                                                                                                                           རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།