མཛོད་གནས་བརྒྱད་ཀྱི་དྲིས་ལན་སུམ་ཅུ་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-22 20:48:35     རྩོམ་པ་པོ།   རྡོ་རམས་པ་ཡར་འཕེལ་རྒྱ་མཚོ།     ཀློག་ཐེངས།  

       

       འདི་ཞེས་བསྒྱུར་མེད་ཀུན་མཐུན་རྣམ་བཞག་གཅིག།

གཞལ་བའི་ཤེས་བྱའི་ཁོང་ན་མ་མཆིས་ཤིང་།།

འགྲོ་སླད་སྣ་ཚོགས་གསང་གསུམ་སྒྱུ་མའི་འཕྲུལ།།

ཁ་འབབ་ཀླུང་བཞིའི་རྡུལ་ལྷག་སྟོན་ལ་འདུད།།

གྲུབ་མཐའ་ཁམས་དབང་སྣ་ཚོགས་སྒོར་བསྟུན་ཏེ།།

ཡོངས་གྲགས་ཐབས་ཤེས་གཟི་བྱིན་སྟོང་གསུམ་ཁྱོན།།

མ་བསླབ་བསླབས་ཙམ་སྐལ་དམན་ཡུལ་མིན་པས།།

འཆད་རྩོད་རྩོམ་པའི་གཟུགས་བརྙན་ཉེན་ཁ་ཆེ།།

འོན་ཀྱང་ཨུ་ཚུགས་བསྐུལ་མས་མ་བཏང་སླད།།

སྤྲེལ་གྱིས་མི་ཡི་ལས་ཀྱི་ཟློས་གར་ལ།།

དམ་པ་དགྱེས་པའི་མཆོད་སྤྲིན་དམིགས་བྲལ་ཡང་།།

སྐལ་མཉམ་བཞད་གད་ཙམ་སློང་ཉེས་མེད་སྨོན།།

༼དྲི་བ༽

དེ་ལྟར་ཆོས་མངོན་པ་ལས་ནི་བསམ་གཏན་དངོས་གཞིའི་བཞི་བོ་མ་གཏོགས་པ་ལ་ཡན་ལག་མེད་པར་བཤད་ཅིང་། ཞེས་པ་ནས། ཡན་ལག་བཞི་དང་ལྡན་པར་བཤད་དོ།། ཞེས་སོགས་ཀྱིས་ཆོས་མངོན་པའི་སྐབས་འདིར་བསམ་གཏན་གྱི་དངོས་གཞི་ལ་ཡན་ལག་ཡོད་པ་དང་། ཉེར་བསྡོགས་རྣམས་དང་གཟུགས་མེད་དངོས་གཞི་རྣམས་ལ་ཡན་ལག་མེད་པར་གསུངས་པས་འདིའི་ཡན་ལག་ཡོད་མེད་ནི་འོག་ནས་རང་འགྲེལ་ལས་གསུངས་པ་ལྟར་གཉེན་ཕན་གནས་ཀྱི་ཡན་ལག་ཡོད་མེད་ཀྱིས་བྱེད་ཀྱང་། སྤྱིར་གསུང་རབ་ལས་ཡན་ལག་འཇོག་ཚུལ་མང་བོ་གསུངས་པས་གཉེན་ཕན་གྱི་ཡན་ལག་མེད་ན་ཡན་ལག་མེད་པས་མ་ཁྱབ་པས་སྐབས་འདིར་ཡང་ཉེར་བསྡོགས་དང་གཟུགས་མེད་རྣམས་ལ་ཡང་ཚོགས་པས་ན་ཡན་ལག་དང་། མཚོན་པས་ན་ཡན་ལག་དང་། རྗེས་སུ་མཐུན་པས་ན་ཡན་ལག་ཏུ་འཇོག་ཚུལ་འདོད་དགོས་པས་དེ་དག་གི་དབང་དུ་བྱས་ན་ཡན་ལག་ཡོད་པར་འདོད་དམ། འདོད་ན། གཉེན་ཕན་གནས་ཀྱི་སྐབས་འདིར་ཡང་དེ་དག་ལ་ཡན་ལག་མེད་ན་ཡན་ལག་མེད་པས་མ་ཁྱབ་པས་སྐབས་འདིར་ཡང་དེ་དག་ལ་ཡན་ལག་ཡོད་པར་འདོད་དགོས་མིན་སོགས་ལ་གསལ་བཤད་གནང་རོགས།

༼ལན་ནི།༽

གཉེན་ཕན་གནས་གསུམ་གྱི་དབང་དུ་བྱས་ནས་བསམ་གཏན་གྱི་དངོས་གཞི་སྙོམས་འཇུག་གི་ཡན་ལག་ལྟར་གཟུགས་མེད་དངོས་གཞི་དག་ལ་མི་རུང་བ་མཛོད་རྩ་འགྲེལ་དང་བསམ་གཟུགས་སོགས་ཀྱི་ཡིག་ཆ་མཐའ་ཡས་པའི་དྲི་བྲལ་ལེགས་བཤད་དག་གིས་ལེགས་པར་གྲུབ་པ་ཅུང་ཟད་ཙམ་ཡང་གཡོ་བ་མེད་ལ། སྤྱིར་ནི་ཡན་ལག་འཇོག་ཚུལ་སྣ་ཚོགས་པ་དབུ་མ་ནས་ཤིང་རྟའི་ཡན་ལག་དང་། མཛོད་འདུལ་ནས་སྡོམ་པའི་ཡན་སོགས་དང་། ཕར་ཕྱིན་ནས་གཞི་ལམ་དང་བསྟན་བཅོས་ལ་འཇུག་པའི་ཡན་ལག་སོགས་དང་། རྣམ་འགྲེལ་ནས་སྒྲུབ་ངག་གི་ཡན་ལག་སོགས་རྫོགས་མཐའ་བྲལ་བ་མ་ཟད། མཛོད་རྩ་སྡོམ་ལས། བྱང་ཆུབ་དང་ནི་ལམ་ཡན་ལག། མ་གཏོགས་འདོད་ཁམས་སྲིད་རྩེ་ན།།   ཞེས་དང་གཟུགས་མེད་ན་ཡང་ལུས་དྲན་ཉེ།། ཡོད་དེ་སྡེ་ཚན་མཐའ་གཉིས་མ་གཏོགས་ཕྱིར།། ཞེས་སོགས་ལྟར་གཟུགས་མེད་དངོས་གཞིའི་སྙོམས་འཇུག་ལའང་ཡན་ལག་ཅིིའི་ཕྱིར་མེད། སྐབས་སྡོམ་ལས། ཡན་ལག་རྒྱུའོ་རྫོགས་བྱེད་ལའང་འཇུག། ཞེས་དང་། འདུལ་སྡོམ་ལས།  བྱེ་སྨྲ་རང་དང་ཡན་ལག་མི་འགལ་ཏེ།། ལྟ་སོགས་ལམ་དང་བྱང་ཆུབ་ཡན་ལག་བཞིན།། ཞེས་སོགས་དྲངས་པས་མི་རྫོགས་སོ།། གྲུབ་མཐའ་རྩ་བ་ལས། སྣོད་བཅུད་ཆགས་འཇིག་གནས་སོགས་ཆ་འདྲའང་།། ཞེས་དང་། རི་དབྱིབས་སོགས་མིན་ངེས་པའི་ལས་འདག་སོགས།། ཞེས་སོགས་ལྟར། མངོན་པ་གོང་འོག་གྲུབ་མཐའ་སོ་སོ། སྐབས་དོན་སོ་སོ། མདོ་སྔགས་ཕྱི་ནང་དུས་སྔ་ཕྱི་མོས་པ་དབང་བོ་སོགས་སོ་སོ་འདྲ་མིན་སའི་རྡུལ་གྲངས་ལས་བརྒལ་བ་ཡིན་པས་ན་གཞི་གཅིག་ལའང་སྒོ་མཐའ་ཡས་པ་ནས་དཔྱད་ན་ཡན་ལག་གཟུགས་མེད་དངོས་གཞི་ལ་འཇོག་མིན་གསལ་བར་འགྱུར་རོ་སྙམ་པ་ནི་རྣམ་རྟོག་གི་ཆ་ཤས་སོ།། བསམ་གཏན་དག་གི་ལམ་རྣམས་སླ།། ས་གཞན་དག་གི་དཀའ་བ་ཡིན།། ཞེས་པའི་སྟེང་ནས་ཀྱང་སྐབས་འདིའི་དྲི་བ་ལ་དམིགས་འབྱེད་ལེགས་པར་གསལ་སྙམ་པའང་འཆར་རོ།།

              ཆོས་སྡེ་ཆེན་མོ་རྔ་བ་སྒོ་མང་ནས་བསྐྲུན་པའི་ཤེས་རབ་ཅེས་པའི་སྤྱིའི་དེབ་གྲངས་དང་བོ་ལས་བཤུས་ཏེ་བཀོད།

        རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།