ཨང་ཡིག་བདུན་ཅུ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-05-23 10:22:34     རྩོམ་པ་པོ།   ཁ་རག་སྒོམ་ཆུང་།     ཀློག་ཐེངས།  

༄༅།།ཁ་རག་པ་བཞེངས་ནས་དགོན་པར་བཞུགས་པ་དང་། ཕྱོགས་བཞིར་ཐོ་བཞི་བཙུགས་ནས།  ཤར་གྱི་ཐོ་ལ། ཉམ་ཆུང་བདག་ལ་རྐྱེན་ངན་གནོད་པ་མང་༎བརྟན་པ་ཐོབ་ན་བྱང་ཆུབ་གྲོགས་སུ་འགྱུར།།ནགས་ཀྱི་མེ་དང་མེ་སྟག་ཇི་བཞིན་དུ༎གཅིག་པུར་སྡོད་པ་ཁོ་བོའི་གཡར་ཏམ་ཡིན༎ལྷོར།འཆི་བདག་བདུད་ནི་མི་སྡོད་ཚུར་ཚུར་འོང་། །དེ་ལ་འབྲོ་བའི་ཐབས་ནི་གཅིག་ཀྱང་མེད། །ད་ལྟ་གཉིད་དང་ལེ་ལོའི་དབང་སོང་ནས། །ཅི་འདྲའི་དུས་ཤིག་བདག་ལ་ནམ་ཡོང་ན། །ནུབ་ཏུ།  ཚེ་འདིའི་ལྟོ་རྒྱབ་ཇི་ལྟར་བྱས་ཀྱང་འཆིང། །ཤི་ནས་བྱང་ཆུབ་འབྲས་བུ་བཙལ་ཐབས་མེད། །དགྲ་ཟིན་སྡེ་རིས་ཀུན་ལ་མ་ཆགས་པར། །བསོད་ནམས་ཆེན་པོ་མྱུར་ཏུ་གསོག་པ་གཅེས། །བྱང་གི་ཐོ་ལ།  ཚེ་ལ་ལོང་མེད་ཐ་སྙད་ཐུབ་པ་མེད། །དེ་ཕྱིར་དམ་པའི་དགོངས་པ་ལོང་མཛོད་ཨང་། །འདུ་འཛི་སྤངས་པའི་དགོན་པ་ཉམས་དགའ་དེར། །བསེ་རུ་ལྟ་བུར་གཅིག་པུར་གནས་པར་བྱ༎ཞེས་དང་། སྒོ་ཡི་ཡ་ཐེམ་ལ།སོ་ནམ་མ་བྱས་ཡོ་བྱད་མ་བསགས་ཀྱང་། །ཆོས་པ་འཁྱགས་སམ་ལྟོགས་ནས་ཤི་བ་དག།སུས་ཀྱང་མཐོང་ཞིང་ཐོས་པ་ཅང་ཡོད་དམ། །ཕྱིན་ཆད་དུ་ཡང་མཐོང་ཞིང་ཐོས་མི་འགྱུར། །མ་ཐེམ་ལ། སྙིང་རིང་བཀའ་བློ་མི་བདེ་རང་འདོད་ཆེ༎ཟག་པ་འཕེལ་བའི་འཁོར་གཡོག་མེད་ན་ལེགས༎ང་ཡི་ཉེ་གནས་ཤེས་རབ་བརྩོན་འགྲུས་ཡིན༎དགོས་པའི་དོན་རྣམས་བསྒྲུབ་ལ་སྐྱོ་བ་མེད།།ཅེས་སོགས་དང་།བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཤེས་གཉེན་ནོར་བུ་རིན་ཆེན་དང་། །ཡི་དམ་ལྷ་དང་དཀོན་མཆོག་གསུམ། །གཙུག་གི་རྒྱན་དུ་བཞུགས་ནས་ཀྱང་། །ཁྲེལ་མེད་སེམས་ལ་གཟིགས་སུ་གསོལ། །ཆོས་མེད་ཟོག་པོ་ཆོས་ཚུལ་མཁན། །ཁྲེལ་མེད་ལོག་རྟོག་བསམ་པ་ལ། །གཉེན་པོའི་སེམས་ཀྱིས་གྲོས་ཤིག་འདེབས། །ཡུན་དུ་ཕན་གྱི་ཉོན་ཅིག་ཨང་། །མཚང་ནས་བྲུས་ཤིང་མ་བཏབ་ན། །གླེན་པ་ཁྱོད་ལ་གོ་བ་མེད། །བྱམས་པའི་གདམས་ངག་མ་ཉན་ན། །དམན་པའི་གནས་སུ་ལྷུང་ངོ་ཨང་། །ཁྱོད་ཀྱི་ད་ལྟའི་སྡུག་བསྔལ་ཀུན། །སྔོན་ཚེ་ལས་ངན་སྤྱད་པས་ལན། །རང་གིས་ཉེས་ཀྱི་སྡུག་བསྲན་བསྐྱེད། །གཞན་ལ་ཡས་སུ་མ་ཆེ་ཨང་། །ད་ལྟའི་བདེ་དང་སྡུག་བསྔལ་ཀུན། །སྔ་མའི་ལས་ལ་རག་ལས་པས། །ཁྱོད་ལ་གདམ་དུ་མི་བདོག་གི །གང་བྱུང་གྲོགས་སུ་ཁྱེར་ཅིག་ཨང་། །ཚེ་འདིའི་བདེ་བ་ཡུད་ཙམ་སྟེ། །གཏན་གྱི་བདེ་བ་བྱུང་འདོད་ན། །ཚེ་འདིའི་སྡུག་བསྔལ་ཕྲ་མོ་ཀུན། །ཁྱོད་ཀྱིས་དང་དུ་ལོངས་ཤིག་ཨང་། །ད་ལྟའི་སྡུག་བསྔལ་ཕྲ་མོས་ཀྱང་། །སྔར་བྱས་སྡུག་བསྔལ་ཟད་བྱས་ནས། །ཕྱི་མའི་དུས་ན་བདེ་འགྱུར་གྱི། །སྡུག་བསྔལ་དགའ་བར་སྒོམས་ཤིག་ཨང་། །རྐྱེན་ངན་དགེ་བའི་བཤེས་གཉེན་ཡིན། །བར་ཆད་དགེ་སྦྱོར་བསྐུལ་མ་ཡིན། །སྡུག་བསྔལ་སྡིག་པའི་ཕྱགས་ཤིང་ཡིན། །ཡི་དགའ་བྱུར་དུ་མ་ལྟ་ཨང་། །སྙན་གྲགས་བདུད་ཀྱི་ཕྱེ་འཐོར་ཡིན། །བསྙེན་བཀུར་འཆིང་བའི་ཞགས་པ་ཡིན། །བསོད་ནམས་དགེ་སྦྱོར་བར་ཆད་ཡིན། །དུག་ལ་སྨན་དུ་མ་ལྟ་ཨང་། །བློ་སྣའི་སྒྲོ་འདོགས་མ་ཆོད་ན། །ཅི་བྱས་སེམས་ལ་བདེ་དུས་མེད། །སྒྲོ་འདོགས་ཆོད་པའི་མཁས་པ་ལ། །རྐྱེན་ངན་གྲོགས་སུ་འཆར་རོ་ཨང་། །རང་གི་སེམས་ཀྱིས་མ་ཁྲེལ་ན། །མི་ཡི་འཕྱ་སྨོད་སྒྱུ་མ་ཡིན། །གཞན་གྱི་ཁ་ལ་མ་ཉན་པར། །རང་སེམས་དཔང་དུ་ཆུགས་ཤིག་ཨང་། །ཆོས་མིན་ཆོས་ལྟར་བཅོས་པ་ཡི། །ཆོས་ལ་བརྟེན་པའི་གཡོ་སྒྱུ་ཡིས། །ཚེ་འདིའི་ཆེ་ཐབས་མ་སྒྲུབ་པར། །འཇིག་རྟེན་བློ་ཡིས་ཐོངས་ཤིག་ཨང་། །ཚེ་འདིའི་སྙན་གྲགས་བསོད་ནམས་དང་། །ཕྱི་མར་ཕན་པའི་འཆི་ཆོས་གཉིས། །གར་གླགས་གར་ཁྱེར་མ་བྱེད་པར། །ངེས་པར་འཆི་ཆོས་གྱིས་ཤིག་ཨང་། །དད་གུས་འཁོར་ལས་དཀོན་པ་མེད། །མི་ངན་དཔོན་ལས་སྡུག་པ་མེད། །བཟང་བོའི་དཔོན་ཆ་མ་འཛིན་པར། །ངན་པའི་དམན་ཆ་ཟུངས་ཤིག་ཨང་། །ཁྱོད་ནི་འཇིག་རྟེན་ཁམས་ན་དམན། །རང་གི་སྐྱོན་ལ་མ་ཁྲེལ་བར། །བསོད་ནམས་ལྡན་པ་གཞན་དག་ལ། །ཕྲག་དོག་འགྲན་སེམས་འཁྲུལ་ལོ་ཨང་། །སྣང་བ་ཡུལ་གྱི་འདོད་ཡོན་ལ། །ཞེན་པ་གཏིང་ནས་མ་ལོག་པའི། །བཙུན་དུ་རེ་བའི་ཚུལ་འཆོས་ཀྱིས། །མི་ནག་བསླུ་རྡོ་མ་བྱེད་ཨང་། །རྒྱལ་བས་གསུངས་པའི་མདོ་སྔགས་ཀྱི། །ངེས་ཤེས་བློ་ལ་མ་ཤར་བའི། །ཐ་སྙད་ཚིག་ལ་ཞེན་་ཡིས། །མངོན་པའི་ང་རྒྱལ་མ་ཆེ་ཨང་། །ཐོག་མེད་དུས་ནས་གོམས་པ་ཡི། །ལོག་རྟོག་ཅིག་ཅར་མི་སྤོངས་ཀྱི། །ཧ་ཅང་བཟང་བོ་མ་སྔ་བར། །བློ་སྐྱེད་རིམ་གྱིས་ཐོན་ཅིག་ཨང་། །འགྲན་སེམས་སློབ་གཉེར་བྱས་པ་དང་། །ལོ་འདོད་སྟོན་པ་བྱེད་པ་དང་། །མཁས་འདོད་ང་རྒྱལ་སྨྲ་བ་གསུམ། །ཆོས་སུ་འགྲོ་འམ་སོམས་ཤིག་ཨང་། །རང་གི་བློ་ལ་མ་ཤར་བར། །གཞན་ལ་བཤད་པས་ཕན་པ་མེད། །སླར་ལ་བདག་ལ་ཞེ་ཁྲེལ་གྱི། །རྙེད་ཕྱིར་དམ་ཆོས་མ་འཚོང་ཨང་། །སྐྱོ་ཤས་གཏིང་ནས་མ་སྐྱེས་པའི། །ཆོས་རྒྱལ་ཞེ་ཕུགས་བཞག་པ་ཡིས། །གཞན་ལ་སྐྱོ་ཚུལ་འཆོས་པ་ཡི། །ཨ་ཅང་སྡུག་སྐད་མ་ཆེ་ཨང་། །ཁ་དད་ཆེ་ལ་གཏིང་དད་ཆུང་། །བྱ་འོ་སྙམ་ལ་བྱ་བློ་གང་། །མཇུག་མ་སྔ་ལ་སྨིན་པ་བུལ། །རང་ལ་ཁྲེལ་བར་སྒོམས་ཤིག་ཨང་། །མེ་ཡི་རང་བཞིན་ཚ་བ་ལྟར། །སེམས་ཅན་སྐྱོན་གྱི་རང་བཞིན་ཡིན། །གཞན་གྱི་སྐྱོན་ལ་མ་རྟོགས་པར། །རང་སྐྱོན་རྟོགས་པ་སྤོངས་ཤིག་ཨང་། །ཐེག་ཆེན་སྟོན་པའི་བླ་མ་ཡི། །ཕྱི་རོལ་སྤྱོད་ལམ་མི་མཛེས་ཀྱང་། །ནང་གི་ཐུགས་དགོངས་མི་ཤེས་པས། །བླ་མའི་སྐྱོན་ལ་མ་རྟོག་ཨང་། །ཁྱོད་ཀྱི་སེམས་ལ་ཅི་མནོ་བ། །རྒྱལ་བའི་ཐུགས་ལ་མ་སྒྲིབ་གསལ། །རང་གི་ཡི་དམ་ལྷ་ཁྲེལ་བའི། །བསམ་ངན་ཡིད་ལ་མ་རྒྱུ་ཨང་། །ལོང་བའི་དྲུང་ན་མིག་ཅན་ལྟར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དག །རྟག་ཏུ་སྒྲིབ་མེད་སྤྱན་གྱིས་གཟིགས། །སྤྱོད་ངན་ཕག་ཏུ་མ་བྱེད་ཨང་། །སོ་སོ་སྐྱེ་བོ་མགུ་དཀའ་བས། །འདྲིས་ནས་ཡོན་ཏན་མི་མཐོང་ཞིང་། །སྐྱོན་མཐོང་ནས་ནི་སྨོད་འགྱུར་གྱི། །གཅིག་བུར་ཉམས་སུ་ལོངས་ཤིག་ཨང་། །ཚེ་འདིའི་ཕ་མ་བུ་ཚ་དང་། །ཉེ་གཞི་རྩ་ལག་ཐམས་ཅད་ཀུན། །མགྲོན་པོ་གནས་མཐུན་འཛོམས་འགྱེད་ལྟར། །འབྲེལ་མེད་ཡིད་ལ་གྱིས་ཤིག་ཨང་། །ལག་སྟོང་སྒྲེན་མོར་འགྲོ་ཙ་ན། །དབུལ་ཡང་ལྷག་མ་བསྡུས་པ་ལ། །སྡིག་སྤོང་ལོངས་སྤྱོད་མ་གསོག་པར། །བློ་ཕུགས་སྤྲང་ལ་གཏོད་ཅིག་ཨང་། །བདག་གིས་བརྩིགས་པའི་མཁར་སྤེ་རུ། །གཏན་དུ་སྡོད་དབང་མི་བདོག་གི །དོན་མེད་མཁར་ལས་མ་བྱེད་པར། །རི་ཁྲོད་དགོན་པ་འགྲིམས་ཤིག་ཨང་། །མཐའ་མེད་ཁྱིམ་ཐབ་བྱས་པ་ན། །དགོས་མེད་བུ་ཚ་བྱུང་ནས་ནི། །ཁྲོལ་མེད་སྤྲང་བོ་བྱ་དགོས་ཀྱི། །གྲོས་ཉེས་ཆུང་མ་མ་ལེན་ཨང་། །ཞེན་ཆགས་བྲལ་བའི་དམ་པ་ལ། །ལས་ཀྱི་ཕྱག་རྒྱས་དགོས་པ་མེད། །ཞེན་ཆགས་སེམས་དང་འདྲེས་པ་ཡི། །ཕྱག་རྒྱས་ངན་འགྲོར་འཁྲིད་དོ་ཨང་། །ཆོས་མིན་སྤྱོད་པ་འབྱུང་བའི་རྒྱུ། །འོག་མའི་ངན་དཔེ་མ་བལྟ་བར། །དམན་པ་སྙིང་རྗེའི་གནས་སུ་སྒོམས། །གྲུབ་ཐོབ་རྗེས་སུ་སྙེགས་ཤིག་ཨང་། །སྡིག་པའི་གྲོགས་པོ་ཐབས་ཀྱིས་སྤོངས། །མཁས་བཙུན་ཡོན་ཏན་ལྡན་པ་དང་། །འཇིག་རྟེན་བློ་ཡིས་བཏང་བ་ཡི། །བཤེས་གཉེན་དམ་པ་བསྟེན་ཅིག་ཨང་། །བསམ་འཕེལ་ཡིད་བཞིན་རིན་ཆེན་ལྟར། །བྱིན་རླབས་རང་སེམས་གུས་ལས་འབྱུང་། །ལྷ་དང་བླ་མ་དཀོན་མཆོག་ལ། །མོས་གུས་དྲག་པོ་གྱིས་ཤིག་ཨང་། །བདག་ལ་མ་ནོར་ལམ་སྟོན་པའི། །ས་མཁན་དགེ་བའི་བཤེས་གཉེན་གྱིས། །རྗེས་སུ་བསྟན་པའི་གདམས་ངག་ལ། །སྒྲུབ་པ་སྙིང་བོ་གྱིས་ཤིག་ཨང་། །རྒྱལ་བས་གསུངས་པའི་སྡེ་སྣོད་ལ། །བློ་གྲོས་ལེགས་པར་སྦྱངས་པ་ཡིས། །མི་ཤེས་ཐེ་ཚོམ་དང་བྲལ་བ། །གཞོན་པའི་དུས་ན་སློབ་ཤིག་ཨང་། །བཤེས་གཉེན་དམ་པས་མ་ཟིན་ན། །སྣོད་ངན་ཞབས་ནས་ཟགས་པ་ལྟར། །ཟག་བཅས་ཤེས་པ་བརྗིད་ངེས་པས། །ཐོས་པ་བསམ་པས་སྐྱོངས་ཤིག་ཨང་། །དལ་འབྱོར་མི་ལུས་ཐོབ་པའི་རྒྱུ། །ཚུལ་ཁྲིམས་བསླབ་པ་རིན་པོ་ཆེ། །རང་གི་རྒྱུད་ལ་ཐུབ་ཚོད་ཀྱིས། །དྲི་མེད་གཙང་མ་སྲུངས་ཤིག་ཨང་། །ཤེས་པ་འཕྲོ་ལ་ལུས་ལ་གནོད། །མཁས་བཙུན་རྣམས་ཀྱིས་སྨད་པའི་གནས། །ཉེས་པ་ཐམས་ཅད་འབྱུང་བའི་རྒྱུ། །ཆང་དང་བུད་མེད་སྤོངས་ཤིག་ཨང་། །སྐྱེ་བ་དམན་པའི་བུ་མེད་ཀྱིས། །འཁོར་ལ་ཕན་སེམས་ཆེ་བ་ན། །སྙིང་རྗེར་བརྫུས་པའི་ཆགས་སེམས་ཀྱིས། །ཆོས་ཀྱི་བར་ཆད་བྱེད་དོ་ཨང་། །བདག་ལ་སྡུག་བསྔལ་སྐྱེད་བྱེད་པའི། །ཉོན་མོངས་དགྲ་བོ་འཇོམས་པ་ལ། །འཇིགས་དང་ཞུམ་པ་མི་བྱེད་པར། །མངོན་པའི་ང་རྒྱལ་བསྐྱེད་ཅིག་ཨང་། །ཁོང་ནད་སེལ་བའི་གཏར་སྲེག་ལྟར། །ངན་སོང་སྡུག་བསྔལ་སེལ་བའི་ཐབས། །ཆོས་དཀའ་ཐུབ་དྲག་པོ་ལ། །མི་བཟོད་འཇིགས་པར་མ་བྱེད་ཨང་། །ད་ལྟའི་སྡུག་བསྔལ་འདི་འདྲ་ཡང་། །བདག་གིས་བཟོད་པར་མི་ནུས་ན། །ངན་སོང་གསུམ་གྱི་སྡུག་བསྔལ་ལ། །བཟོད་དུ་རེ་བ་འཁྲུལ་ལོ་ཨང་། །བདག་གི་སྤྱོད་པ་འདི་འདྲ་ཡིས། །མི་ལུས་རིན་ཆེན་མ་ཐོབ་ན། །སངས་རྒྱས་ཐོབ་ཏུ་རེ་བ་ཡི། །ལྟ་བ་མཐོ་བ་འཁྲུལ་ལོ་ཨང་། །དལ་འབྱོར་མི་ལུས་རིན་པོ་ཆེ། །རྙེད་པར་དཀའ་བ་ཐོབ་པ་ལ། །ཐོབ་པ་ཡལ་བར་མི་གཏོང་བར། །གཏན་གྱི་སོ་ནམ་གྱིས་ཤིག་ཨང་། །གཞན་གྱིས་སྤྱད་པའི་དགེ་བ་ལ། །རྗེས་སུ་དགའ་བ་བསྒོམ་བྱ་ཞིང་། །བྱ་མིན་ལས་ལ་འཇུག་འདོད་ན། །ལུས་ངག་གཡོ་བ་སྡོམས་ཤིག་ཨང་། །བདག་གཞན་གཉིས་ཀྱི་བར་ཆད་སེལ། །ཐུན་མོང་མཆོག་གི་དངོས་གྲུབ་འབྱུང་། །ཡི་དམ་ལྷ་ཡི་བཟླས་སྒོམ་ལ། །ཐེ་ཚོམ་མེད་པར་འབུངས་ཤིག་ཨང་། །སེམས་ཀྱི་གླང་བོ་མྱོས་པ་འདི། །དམན་པའི་ཡུལ་ལས་དྲངས་པ་ན། །ཉོན་མོངས་རླུང་འཚུབ་ལྡང་འགྱུར་གྱི། །དྲན་པའི་ཐག་པས་བཟུང་ཞིག་ཨང་། །ཐོས་པ་ཚིག་གི་ཞོལ་ཁང་གིས། །ཉོན་མོངས་དམག་དཔུང་ཐུབ་དཀའ་བས། །བསམ་སྒོམ་འབད་པ་དྲག་པོ་ཡིས། །ངེས་ཤེས་མཁར་སྤེ་བརྩིགས་ཤིག་ཨང་། །མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྙེད་ཚེ་ལེ་ལོ་མ་བྱེད་ཨང་། །བརྩིགས་པ་འཇིག་ལ་བསག་པ་ལུས། །འབྲེལ་བའི་གཉེན་རྣམས་བོར་ནས་ནི། །གཅིག་བུ་གར་འགྲོ་ཆ་མེད་ཀྱི། །འགྲུས་མེད་བློ་སྣ་མ་མང་ཨང་། །མི་འཆི་སྡོད་པའི་ས་ཕྱོགས་མེད། །འཆི་ངེས་དེ་ཡང་མྱུར་ཏུ་འཆི། །འཆི་ལ་ཅིས་ཀྱང་མི་ཕན་གྱི། །ལོང་མེད་རྒྱུན་དུ་རྟེན་ཅིག་ཨང་། །གཏན་གྱི་མཐོ་རིས་བདེ་བ་དང་། །ངན་སོང་གསུམ་གྱི་སྡུག་བསྔལ་གཉིས། །ད་ལྟ་རང་ལ་འདམ་ཁ་ཡོད། །མནོ་བསམ་ཟུང་འབྲེལ་ཐོངས་ཤིག་ཨང་། །གཡོ་སྒྱུ་ཟོལ་ཟོག་ཁྲམ་དང་བརྫུན། །མ་བྱིན་ལེན་སོགས་དམན་པའི་ལས། །ངན་སོང་སྡུག་བསྔལ་འབྱུང་བའི་རྒྱུ། །ལས་ངན་སྡུག་པ་སྤོངས་ཤིག་ཨང་། །ཚེ་འདིའི་བདེ་བ་ཡུན་ཙམ་སྟེ། །གཏན་གྱི་བདེ་བ་འབྱུང་འདོད་ན། །འགྲུབ་ཅིང་རང་དབང་ཡོད་པ་ལ། །སྦྱིན་སོགས་དགེ་ལ་འབུངས་ཤིག་ཨང་། །ཐམས་ཅད་སྒྱུ་མའི་བསླུ་བྲིད་ཡིན། །བློ་ལྟོས་བྱས་ན་མི་བསླུ་བ། །དཀོན་མཆོག་གསུམ་ལས་མི་བདོག་གི །རྟག་ཏུ་སྐྱབས་སུ་སོང་ཞིག་ཨང་། །འཁོར་བ་བ་ལ་བདེ་བ་མེད། །མི་རྣམས་འབྲས་དང་འདྲ་བ་ཡི། །སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་གདུང་། །འཁོར་བའི་ཉེས་དམིགས་སྒོམས་ཤིག་ཨང་། །ཉེ་བར་ལེན་པ་སྡུག་བསྔལ་རྒྱུ། །ཀུན་འབྱུང་ལས་དང་ཉོམས་དག །བདག་མེད་ལམ་གྱིས་སྤངས་པ་ཡི། །ཞི་བདེའི་ཡོན་ཏན་སྒོམས་ཤིག་ཨང་། །ཁྲོ་བས་རང་དོན་ཡལ་བོར་འདོར། །མཛའ་བཤེས་གྲོགས་རྣམས་སྐྱོ་བར་འགྱུར། །ཚིག་རྩུབ་དུག་མདའ་མ་འཕེན་པར། །རྒྱུད་ངན་ཞེ་སྡང་སྤོངས་ཤིག་ཨང་། །བདེ་འདོད་སྡུག་བསྔལ་མི་འདོད་པར། །བདག་དང་སེམས་ཅན་ཆེ་མཚུངས་པས། །རང་གི་ཉམས་ལ་དཔག་ནས་སུ། །བདག་གཞན་སྙོམས་པར་སྒོམས་ཤིག་ཨང་། །སྔོན་ཚེ་ཕ་མར་གྱུར་པ་ཡི། །དྲིན་ཅན་ཁམས་གསུམ་སེམས་ཅན་ལ། །གནོད་སེམས་འཚེ་བ་ཀུན་སྤངས་ནས། །བྱམས་དང་སྙིང་རྗེ་སྒོམས་ཤིག་ཨང་། །སེམས་ཅན་རྣམས་ལ་གནོད་བྱས་ན། །བུ་གཅིག་བསད་པའི་ཕ་མ་བཞིན། །ཐུགས་རྗེ་ལྡན་པའི་རྒྱལ་བ་རྣམས། །ཅིས་ཀྱང་མཉེས་ཐབས་མེད་དོ་ཨང་། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀུན། །ལས་དང་ཉོན་མོངས་རྒྱུ་ལས་བྱུང་། །དེ་ཡང་བདག་རྟོགས་ལས་འབྱུང་བས། །བདག་མེད་དོན་ལ་ལྟོས་ཤིག་ཨང་། །གཟུང་འཛིན་གཉིས་དང་བྲལ་བ་ཡི། །རང་སེམས་འདོད་ནས་མ་སྐྱེས་པ། །བློ་ཡི་ཡུལ་ལས་འདས་པའི་ཕྱིར། །ཞེ་འདོད་ཀུན་དང་བྲལ་ལོ་ཨང་། །ལས་དང་བོ་བའི་རྟོག་པ་ལ། །གསལ་ཆ་ཡོད་དེ་བརྟན་ཆ་མེད། །རྟོག་པའི་རླུང་ལ་མ་བསྐུར་བར། །དྲན་པའི་ཐག་པས་ཟུངས་ཤིག་ཨང་། །གནས་ལུགས་ཅི་ཡང་མ་འགྲུབ་པས། །མཐའ་བཞིར་ངང་གིས་བྲལ་བ་ལ། །ཤེས་པ་ཅི་ཡང་མི་རྟོག་པས། །འཛིན་རྟོག་བྲལ་བར་གྱིས་ཤིག་ཨང་། །ཆོས་ཀུན་རྨི་ལམ་སྒྱུ་མ་འདྲ། །བདེན་པའི་དངོས་པོ་ཅི་ཡང་མེད། །མེད་བཞིན་སྣང་བའི་དངོས་པོ་ལ། །མངོན་པར་ཞེན་པ་མ་ཆེ་ཨང་། །གནས་ལུགས་དོན་ལ་མ་འགྲུབ་ཀྱང་། །རྨི་ལམ་དུས་ཀྱི་རྒྱུ་འབྲས་ལྟར། །འཁྲུལ་བའི་རྒྱུ་འབྲས་མི་སླུ་ཡི། །སྡིག་སྤོང་དགེ་ལ་འབུངས་ཤིག་ཨང་། །སྔར་བྱས་སྡིག་ལ་འགྱོད་པ་སྒོམས། །ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ། །རྟག་ཏུ་སྐྱབས་འགྲོ་སེམས་བསྐྱེད་ཀྱི། །གཉེན་པོ་དགེ་ལ་འབུངས་ཤིག་ཨང་། །དགེ་བའི་དངོས་པོ་ཆུང་ངུ་ཡང་། །འབྲས་བུ་མི་ཟད་ཆེན་པོར་འགྱུར། །དུས་གསུམ་བསྔོ་བ་ཐམས་ཅད་ལ། །སེམས་བསྐྱེད་སྔོན་དུ་ཐོངས་ཤིག་ཨང་། །འདིར་བསྟན་གྲོས་དང་བློ་བསྟུན་ན། །ངན་སོང་སྡུག་བསྔལ་ཀུན་བྲལ་ཏེ། །གནས་སྐབས་མངོན་པར་མཐོ་བ་ཡི། །ལྷ་མིའི་བདེ་བ་འབྱུང་ངོ་ཨང་། །མཐར་ཐུག་སྒྲིབ་གཉིས་བྱང་བ་དང་། །སྐུ་གསུམ་ཡེ་ཤེས་བཞི་ལྡན་ཏེ། །འཁོར་འདས་གཉིས་ལ་མི་གནས་པའི། །བླ་མེད་བྱང་ཆུབ་འགྲུབ་པོ་ཨང་། །ཞེས་པ་གཙང་ཁ་རག་སྒོམ་ཆུང་གིས་ཁ་རག་རྩའི་དགོན་པར་བརྩམས་པའི་ཨང་ཡིག་བདུན་ཅུ་བ་རྫོགས་སོ།

                                          རྩོམ་སྒྲིག་པ། མང་ར་བ།

གསལ་འདེབས།

                                            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།