སེམས་ཡུར་དགུ་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-08 07:09:52     རྩོམ་པ་པོ།   ཐང་སག་པ་དངོས་གྲུབ་རྒྱ་མཚོ'    ཀློག་ཐེངས།  

 

IMG_3303.JPG

༄༅། །ན་མོ། བླ་མ་དཀོན་མཆོག་རིན་པོ་ཆེ། །རྣམ་པ་གསུམ་ལ་ཕྱག་འཚལ་ལོ། །བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེ་ནམ་མཁའ་གང་བར་ཤོག །སྡུག་ན་ཀུན་གྱི་སྡུག་བསྔལ་ཁུར། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་ཤོག། །དམ་པ་འགའ་ཡི་ཞལ་ནས་གསུངས།། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གང་ཡང་མེད་པའི་བན་བཙུན་ཁྱོད་རང་མཛུབ་མོ་ནང་དུ་ཁུག་ལ་བསམ་བློ་ཞིག་ཉལ་ཉལ་པ་ཡང་ཡང་ཐོངས་དང་། ཁྱོད་ཆོས་པ་ཡིན་ཁུལ་བྱེད་ཀྱི་འདུག་པ། དེ་ཡིན་ན་ཁྱོད་ཆོས་སྒོར་ཞུགས་ནས་ཡུན་ཇི་ཙམ་སོང་། སྡོམ་པ་ཅི་འདྲ་བླངས། བསྲུང་སྡོམ་ཇི་འདྲ་བྱས། སྤང་བླངས་ཚུལ་བཞིན་མ་བྱས་ན། རྣམ་སྨིན་ཅི་འདྲར་ཡོང་རྒྱུར་འདུག ཉེས་ལྟུང་གིས་མ་གོས་ཤིང་གོས་ཀྱང་ཕྱིར་བཅོས་བྱས་པའི་སྡོམ་གསུམ་གྱི་ཚུལ་ཁྲིམས་གཙང་ལུགས་ཅི་འདྲ་ཡོད། ཆོས་པ་རབ་ལ་ཞག་སྐྱེད། འབྲིང་ལ་ཟླ་སྐྱེད། ཐ་མ་ལ་ལོ་སྐྱེད་དགོས་པ་གསུངས་ཤིང་། སྐྱེད་ཐོན་ལུགས་ཡང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་གསུངས་པ་ལྟར་ཉམས་སུ་བླངས་པ་ན། ཐོས་རྟགས་ཞི་ཞིང་དུལ་བ་ཡིན། །སྒོམ་རྟགས་ཉོན་མོངས་ཆུང་བ་ཡིན།། ཞེས་གསུངས་པ་ལྟར་དགོས་རྒྱུ་ཡིན། ཕྱི་ཐོས་པས་སྒྲོ་འདོགས་ཆོད་པའི་ཡར་སྐྱེད་ཅི་འདྲ་ཡོད། བར་བསམ་པས་གནས་མཚང་རིག་པའི་ཡར་སྐྱེད་ཅི་འདྲ་ཡོད། ནང་སྒོམ་པས་ཉམས་རྟོགས་སྐྱེས་པའི་ཡར་སྐྱེད་ཅི་འདྲ་ཡོད། དེ་དག་གི་འབྲས་རྟགས་བླང་དོར་ཤེས་པའི་སྒོ་ནས་ལས་འབྲས་ལ་ཡིད་ཆེས། འཁོར་བ་ལ་ངེས་འབྱུང་། སྙིང་རྗེ་བྱམས་སེམས། གནས་ལུགས་ཀྱི་ལྟ་བ། རིམ་གཉིས་ཀྱི་རྟོགས་པ་སོགས་ཅི་འདྲར་ཡོད་སེམས་ལ་ཡུར་མ་ཡུར་ཞིག

ལྷག་པར་ཆོས་བྱས་པའི་ལག་རྗེས། ཆོས་པ་རབ་འཆི་བ་ལ་བྲོད་ཅེས་བྱ་བ་སྒྱུ་ལུས་འོད་གསལ་སོགས་ལ་བརྟན་པ་ཐོབ་པ་ཞིག་དགོས་པས་དེ་ཁྱོད་ལ་ཨེ་ཡོད། འབྲིང་མི་འཚེར་ཞེས་བྱ་བ་འཕོ་བ་སོགས་ལམ་འཁྱེར་གདེངས་ཁེལ་གྱི་བློ་གཏད་ཡོད་པ་ཞིག་དགོས་པས་དེ་ཁྱོད་ལ་ཨེ་ཡོད། ཐ་མ་མི་འགྱོད་ཅེས་བྱ་བ་རང་རྒྱུད་སྡིག་ལྟུང་གིས་ཆུད་མ་ཟོས་ཤིང་ཉམས་རྟོགས་ཆེར་མ་སྐྱེས་རུང་། ཚེ་འདིའི་འདུན་མ་བློས་བཏང་ནས་ཕྱི་མ་དོན་གཉེར་གྱི་བྱ་བ་ལ་སྙིང་རུས་འགྱོད་མེད་བྱས་པ་ཞིག་དགོས་པས་དེ་ཁྱོད་ལ་ཨེ་ཡོད། ཚེ་འདིའི་དོན་དང་འབྲེལ་ན་ནི་གཡའ་གངས་མཚམས་སུ་ཕྱག་རྒྱ་ཆེན་པོ་སྒོམ་ལོ་བྱས་ཀྱང་ཚེ་འདི་ལ་ཞེན་ན་ཆོས་པ་མིན། ཞེས་གསུངས་འདུག་པ། གཞན་ལ་ཟོག་བྱེད་དུ་རང་ཟོན་དང་རྫུ་བག་མ་བྱེད་པར་སེམས་ལ་ཡུར་མ་ཡུར་ཞིག

གལ་ཆེ་བ་གཅིག་ལ་བླ་མ་དཀོན་མཆོག་གི་རྫས། སྡེ་པ་གནས་བཞིའི་རྫས། དད་རྫས་གཤིན་ཟས་སོགས་ཚུལ་ཁྲིམས་གཙང་རུང་ལེ་ལོ་ཅན་གྱིས་ཟོས་ན་བུ་ལོན་དང་འདྲ་བར་གསུངས་འདུག་པ་ལ། ལེ་ལོ་ཅན་ཡང་དག་མི་སྡོམ་པ་ཁྱོད་ལྟ་བུས་རང་གིས་ཟོས་ཟོས་པས་མ་ཆོག སྙོག་སྙོག་པས་མ་ཆོག ཉེ་དུ་ཁྱིམ་པ་ཚུན་གྱི་ཁར་བསྐྱལ་ནས་ངན་སོང་ལ་སྦྱོར་བ་འདི། སངས་རྒྱས་ཀྱི་བཀའ་ལས་ལྕགས་གོང་དམར་འབར་བ་ཁར་བཅུག་པ་འདྲ་བར་གསུངས་འདུག་པས། ཁྱོད་ལ་སངས་རྒྱས་ཀྱི་གསུང་མི་བདེན་པའི་ཁུངས་དང་། བརྩི་མི་དགོས་པའི་གདེངས་ཤིག་ཨེ་ཡོད། དེ་མེད་ན་ཁྱོད་ཀྱིས་དཀོར་ལ་ཅི་ཙམ་སྤྱད། དཀོར་སྦྱོང་མདོ་ནས་གསུངས་པ་ཚུལ་མཐུན་ཅི་འདྲ་བྱས། སྔགས་ནས་གསུངས་པ་ཚུལ་མཐུན་ག་འདྲ་བྱས། ཁྱོད་ཀྱི་ཞེ་ཕུག་ན་ངས་ནག་ཆང་མ་བྱས་པར་ཁ་ཏོན་གང་དམར་ངོས་དཀོར་ཟས་ཅི་དཔེ་འདྲེ་ཙམ་ལས་མ་ཟོས་སྙམ་པ་འདུག་སྟེ། དེའི་གཤགས་དེ་གཤིན་རྗེ་ཆོས་རྒྱལ་ལ་འདེབས་ཐུབ་པ་འདུག་གམ་སེམས་ལ་ཡུར་མ་ཡུར་ཞིག

ཡང་ཁྱོད་ལྟོ་འགྲངས་ཉི་མས་དྲོས་ཞིང་མི་མང་གི་ཁྲོད་ན་འདུག་དུས་ཆོས་པ་ནད་འཁྱག་ཅིག་ཡིན་པ་འདྲས་འདུག་སྟེ། ཀུན་སྤྱོད་ཁ་ཤས་དང་། ཁྱད་པར་རྐྱེན་གཅིག་དང་ཕྲད་ཙ་ན་ཐ་མལ་བའི་ནང་ནས་ཐ་ནག ཨུ་ཚུགས་ཀྱིས་རི་ཕུགས། འདོད་པས་མཚོ་དཀྲུགས། ཞེད་མེད་རོ་མཆོང་བྱེད་པ་ཞིག་འདུག་པས། དེ་ཨེ་བྱས་མ་བྱས་ཨེ་རུང་མི་རུང་སེམས་ལ་ཡུར་མ་ཡུར་ཞིག

ཁྱོད་དང་པོ་ཆོས་སྒོར་ཞུགས་འཕྲལ་སྐབས་སྙོམ་ཆུང་གླགས་མེད་འཁྱག་པ་ཆེ་ཞིག་ཡོད་པ་དེ། ད་ནི་གླགས་ཡོད་མདོག་ཆེ་བ་འཁྱག་པ་ཆུང་བ། ཀོ་ལོང་དམ་ཞིང་མི་དགོས་དགུ་དགོས་མཐོ་བ། ཉོན་མོངས་ཀྱི་གོང་བུ་སྡིག་པའི་ཁྲེས་པོ་ལྟུང་བའི་ཕད་བུ། དཀོར་ཟན་གྱི་རྒྱལ་པ་ཆོས་བརྒྱད་ཀྱི་ཁོལ་པོ། དགེ་བའི་ཕྱོགས་ལ་བོང་ཆད་གྱེན་ལ་འདེད་པ་ལྟ་བུ། མི་དགེ་བའི་ཕྱོགས་ལ་རི་གཟར་གྱི་འབབ་ཆུ་ལྟ་བུ། དངོས་འཛིན་ལ་ཤི་སྤར་འཐམས་ཤིང་འདོད་སྲེད་ལ་ཨ་འཐས། ལུས་རྣམ་འགྱུར་ངན་པ་དུ་མའི་སྒོ་ནས། ངག་ཚིག་རྩུབ་ཕྲ་མ་རྫུན་ངག་ཀྱལ་སྣ་ཚོགས་དང་། སེམས་རེ་དོགས་ཆགས་སྡང་བརྣབ་སེམས་གནོད་སེམས་ལོག་ལྟ་གཏི་མུགས་སོགས་ཀྱིས་དུས་འདའ་ཞིང་། གལ་སྲིད་ཡུད་ཙམ་རེ་དགེ་ཕྱོགས་ལ་དྲན་ཤེས་བརྟེན་རུང་བྱིང་རྒོད་རྨོངས་གསུམ་གྱི་དབང་དུ་ཤོར་ཏེ། མདོར་ན་སྐྱེས་པའི་སྔ་དྲོ་ནས་བཟུང་ཉི་མ་དེ་རིང་ཚུན་ཆད་ལུས་ངག་ཡིད་གསུམ་དུག་གསུམ་གྱི་དབང་དུ་ཤོར་བའི་མི་དགེ་བ་ཁོ་ནས་མི་ཚེ་འདས་འདུག་ཀྱང་། ད་དུང་ཆོས་པ་ཡིན་རྒྱུ་བ་བྱེད་པའི་ཧམ་པ་འདི་ད་དུས་ཀྱི་སྐྱེ་རྒུ་འདི་བའི་རྣམ་དཔྱོད་ལ་བལྟས་ན་འོས་ཤིང་བཏུབ་པ་ཙམ་འདུག་སྟེ། ཁྱེད་ཀྱི་སེམས་ལ་ཅི་མངོན་པ། །རྒྱལ་བའི་ཐུགས་ལ་མ་འགྲིབ་གསལ། །རང་གི་ཡི་དམ་ལྷ་ཁྲེལ་བའི། །བསམ་ངན་ཡིད་ལ་མ་བྱུང་ཨང་།། ཞེས་དང་། ལོང་བའི་མདུན་ན་མིག་ལྡན་ལྟར། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །རྟག་ཏུ་སྒྲིབ་མེད་སྤྱན་གྱིས་གཟིགས། །སྤྱོད་ངན་ཕག་ཏུ་མ་བྱེད་ཨང་།། ཞེས་གསུངས་འདུག་པས། བླ་མ་དཀོན་མཆོག་ཡེ་ཤེས་སྤྱན་ལྡན་ཚོ་ལ་ཨེ་བཏུབ་ལྟོས་ལ་སེམས་ལ་ཡུར་མ་ཡུར་ཞིག

ད་ནི་སྙིང་ལ་རུས་པ་ཡོད། མགོ་ལ་ཀླད་པ་ཡོད། རང་ལ་ཤ་ཚ་ཡོད་པ་ཞིག་ཡིན་ན། སྔ་སྤྱོད་ལ་འགྱོད་པ་སྐྱེ་རན་འདུག་གོ། ད་སྤྱོད་ལ་ཡར་བསྐྱེད་འདོན་རན་འདུག་གོ། རན་པ་མ་ཟད་འཕྱིས་གྲབས་འདུག་གོ། སྐྱེས་པ་ཐམས་ཅད་འཇིག་ལུགས་ལ་ལྟོས་ཤིག བསགས་པ་ཐམས་ཅད་ཟད་ལུགས་ལ་ལྟོས་ཤིག འདུས་པ་ཐམས་ཅད་འབྲལ་ལུགས་ལ་ལྟོས་ཤིག གང་ལའང་སྙིང་པོ་ཨེ་འདུག་ལྟོས་ཤིག ངེས་འབྱུང་བྱང་སེམས་ལྟ་བས་མ་ཟིན་ཅིང་། བསྔོ་སྨོན་གྱི་རྒྱས་མ་ཐེབས་པའི་མཆོད་སྦྱིན་ཚུལ་ཁྲིམས་སོགས་དགེ་རྩ་རླབས་ཆེན་རྣམས་ཀྱང་ཐར་བའི་རྒྱུར་མི་འགྲོ་བར་གསུངས་ན། ཡིད་ཉོན་མོངས་ཀྱིས་བསྐྱོད་ནས་ལྟོ་གོས་གཏམ་གསུམ་ཞེ་ཕུག་ན་བཅུག་པའི་ཕྱོགས་འཛིན་གྱི་ངལ་དུབ། མཐོན་པོའི་ངོ་འཛིན། མཉམ་པོའི་འགྲོགས་ལུགས། དམའ་བའི་སྐྱོང་ཕན་སོགས་ལ་ཆོས་ལྡན་གྱི་བྱ་བར་མིང་བཏགས་ཀྱང་། དུག་ལ་སྨན་གྱི་མིང་བཏགས་ནས་ཟོས་པ་དང་ཁྱད་པར་ཨེ་འདུག་སེམས་ལ་ཡུར་མ་ཡུར་ཞིག

མི་གཞན་ཡང་བསླུ་མི་རུང་བར་སེམས་ནས་ཤེས་བཞིན་དུ། རང་གིས་མ་བསླུ་བར། མི་སྙིང་ཅན་ཚོ། རང་ལ་སྙིང་རྗེས་ལྟོས། སྙིང་རྗེ་ན་ཞེ་ནས་ཆོས་ཤིག་མཛོད། ཅེས་གསུངས་པ་ལྟར། རང་གིས་རང་ལ་སྙིང་རྗེས་ལྟོས། བློ་ཕུགས་ཆོས་ལ་གཏོད་ཅིག ཆོས་ཕུགས་སྤྲང་ལ་གཏོད་ཅིག སྤྲང་ཕུགས་ཤི་ལ་གཏོད་ཅིག ཤི་ཕུགས་གྲོག་པོ་སྐམ་པོ་ལ་གཏོད་ཅིག ཆོས་བྱས་པའི་དགོས་པ་ཐོབ་བྱའི་གཙོ་བོ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་རྒྱུ་ཡིན་ཞིང་། དེ་ཐོབ་བྱེད་ཀྱི་ལམ་ཡང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཁོ་ན་ཡིན་ཀྱང་། དེ་གོ་ཞིང་རྟོགས་པར་བྱེད་པ་ལ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྐྱབས་འགྲོ་ལས་འབྲས་ངེས་འབྱུང་བྱང་སེམས་སོགས་མེད་ཐབས་མེད་ཅིང་། དེའི་ནང་ནས་ལྷག་པར་གལ་ཆེ་པའི་རྩལ་འདོན་རྒྱུ། ཐོས་རྒྱ་གོ་རྒྱ་སྙིང་སྟོབས་ནུས་པ་གང་ཡོད་གཅིག་ཏུ་བསྒྲིལ་ནས་ཐོག་མར་དགྲ་བདག་འཛིན་འགོང་བོ་འདི་འདུལ་དགོས་རྒྱུ་ཡིན་ནོ་ཞེས་ཚད་ལྡན་བླ་མའི་བཀའ་ནས་ལན་གཅིག་མ་ཡིན་པར་ཐོས། གསུང་རབ་དགོངས་འགྲེལ་དང་བཅས་པ་མང་བོ་ནས་གསུངས་པ་ཡང་ཡང་མཐོང་། རང་གི་རིག་པས་ཀྱང་ངེས་པ་རྙེད་པས་ན། ད་རེས་གཅིག་པུར་དགྲ་དངོས་འཛིན་འདུལ་བའི་མཐུ་རྩལ་ཡོད་དོ་རེམས་ཤིག ཐུལ་ཅིག ཆོམས་ཤིག སུན་ཕྱུངས་ཤིག མགོ་ནོན་ཅིག རྩ་བ་ནས་ཐོན་ཅིག ཚེ་ཐོག་མ་མེད་པ་ནས་ད་ལྟ་ཡན་འཁོར་བའི་བཙོན་རར་ཆུད་ནས་སྡུག་བསྔལ་མཐའ་ཡས་པས་མནར་བ་འདི། དགྲ་ཉོན་མོངས་ཀྱིས་གང་བསླབས་ལ་ཉན་གྱི་བསྡད་པས་ལན་པ་ཡིན་པས། ད་སྟེ་ཚིམ་རྒྱུ་ཡིན་ཀྱང་ཚིམ་རན་ཞིང་། སུན་རྒྱུ་ཡིན་ཀྱང་སུན་རན་འདུག་པས། བློ་ཐག་རྦད་ཀྱིས་བཅད་པ་འགབ་མི་འགབ་སེམས་ལ་ཡུར་མ་ཡུར་ཞིག

སྤྱིར་དམ་པའི་ཆོས། སྒོས་སུ་ཐེག་ཆེན་རྒྱུ་འབྲས་ཀྱི་ཆོས་སྣ་བས་ཐོས་པ་ཡང་ཡིད་བཞིན་ནོར་བུ་སྟོང་ཕྲག་གཅིག་རྙེད་པ་ལས་ལྷག་པ་ཡིན་ཏེ། དེ་འདྲ་མི་བསམ་པར་དུད་འགྲོ་བཞིན་འཐོམ་འཐོམ་དུ་ལུས་པ་འདི། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ།། ཞེས་གསུངས་པ་ལྟར་དད་པ་མེད་པས་ལན་པ་ཡིན་པས་དད་པ་སྐྱེད་ཅིག རང་སྟོབས་གཞན་སྟོབས་ཐབས་བློ་ཞེ་གསུམ་གྱི་སྒོ་ནས་སྦྱངས་ན། སྔར་དད་པ་མེད་ཀྱང་གསར་དུ་སྐྱེ་ངེས་པ་ཡིན་ནོ།། ཡང་བླ་མ་ལ་དད་པ་ཡོད་ཟེར་རྨོངས་ཞེན་བྱེད་པ་དང་། ལས་འབྲས་ལ་དད་པ་ཡོད་ཟེར་ཁ་བཤད་བྱེད་པ་མང་བས། དེ་འདྲ་ནི་ཚེས་གཅིག་ནས་འཕྱུགས་ན་བཅོ་ལྔའི་བར་ཟེར་བའི་དཔེ་བཞིན། ཆོས་ཚུལ་བཞིན་མི་ཡོང་བའི་རྒྱུ་ཆེ་ཤོས་གཅིག་ཏུ་སྣང་བས་གང་ལ་ཡང་གོལ་ས་གཅོད་པ་གལ་ཆེ་བ་འདུག་གོ། དད་པ་སན་སུན་སྐྱེས་ནས་ནི། །ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན།། ཞེས་གསུངས་པ་ལྟར་ལེ་ལོ་སྤོང་བ་གལ་ཆེ་བ་འདུག་གོ། དེ་རྣམས་གོ་རྒྱུ་ཨེ་བྱུང་། ད་དུང་མི་གོ་ཞིང་ཅུང་ཟད་གོ་རུང་རྣ་བར་ཡང་མི་འཛུལ། སེམས་ལ་ཡང་མི་འབབ་འདུག་ན་ནི་ཁོག་པར་བདུད་ཞུགས་པ་ཡིན་ཐག་ཆོད་ཅིང་། དེ་རེ་ཞིག་སུས་ཀྱང་ཐུབ་པར་དཀའ་བས། འཇིག་རྟེན་པའི་ཁྱུ་ནས་ནི་དོན་ཚར། ད་ཆོས་པའི་ཁྲོད་དུ་བསྟན་པ་ནང་ནས་བཤིག་གི་མ་སྡོད་པར། མུ་སྟེགས་པ་ལྟ་བུའི་རྗེས་ལ་སོང་ཞིག དེ་ཡང་མ་ཐུབ་ན། སུག་བཞི་ཚུགས་ལ་དུད་འགྲོའི་ཁྱུ་ལ་ཨེ་འདྲེ་བལྟས་པ་འགབ་སྟེ། ཆོས་འཇིག་རྟེན་གཉིས་ཀའི་བཟོ་ལྟ་གང་ཡང་མེད་པར་མིའི་གྲལ་ལ་སྙེགས་ཀྱང་ངོ་ཚ་བ་ལས་མེད་དོ།། ཡང་རང་གཞན་གྱི་སྤྱོད་ཚུལ་ལ་བལྟས་པས། གཞན་གྱི་དེ་མིན། ད་དུང་འདི་ག་ཡིན་སྙམ་པའི་བློ་འཆར་གྱི་འདུག་ན། ལྟས་ངན་གྱི་དང་པོ་རང་མཐོང་ཟེར་བ་དེ་ཡིན་པས། ལོ་ཟླ་སྦྲེལ་ནས་ཉིན་མཚན་དུས་དྲུག་རང་གི་སྣ་ལ་མཛུབ་མོ་བཙུགས་ནས་ཐུགས་བསམ་ཞིབ་མོ་ཐོངས་ལ་སེམས་ལ་ཡུར་མ་ཡུར་ཞིག

ཡང་གསང་ཆེན་བླ་ན་མེད་པའི་སྨིན་བྱེད་ཀྱི་བཀའ་དྲིན་ཐོབ་ནས། ཇི་སྐད་བཤད་པའི་ཉམས་ལེན་སྤྱོད་པ་བོགས་འབྱིན་སོགས་ཚུལ་བཞིན་ཐུབ་ན་ཚེ་འདིར་སངས་རྒྱ་ངེས་པ་དང་། སྤྱོད་པ་སོགས་བོགས་འབྱིན་མ་ཐུབ་ན་བར་དོར་འཚང་རྒྱ་བ་དང་། ཉམས་ལེན་ཅུང་ཟད་བྱས་སམ་མ་བྱས་ཀྱང་རྩ་ལྟུང་གིས་མ་གོས་ན། སྐྱེ་བ་བདུན་ནམ་བཅུ་དྲུག་གི་བར་ལ་མཆོག་འགྲུབ་པ་དང་། རྩ་ལྟུང་གིས་གོས་ན་དེས་ལྷ་ལ་མཆོད་པ་ཕུལ་ཀྱང་མི་བཞེས་པ་དང་། འཆི་རྐྱེན་ངན་པ་དང་བཅས་རྡོ་རྗེ་དམྱལ་བར་སྐྱེ་ངེས་པ་དང་། དེ་ཉིད་གནས་པའི་ལུང་བའི་ཆུ་བཏུང་བ་ཚུན་ཆད་ཉམས་གྲིབ་ཀྱིས་ནོན་པར་གསུང་བ་གོ་བཞིན་དུ། ད་དུང་སྤང་བྱའི་གཙོ་བོ་རྩ་ལྟུང་བཅུ་བཞི། བླང་བྱའི་གཙོ་བོ་དག་པ་བཞི་ལྡན་གྱི་རྣལ་འབྱོར་རམ། སྐུ་གསུམ་ལམ་འཁྱེར་སོགས་ལ་བརྩོན་པ་གང་ཡང་མི་བྱེད་པ་འདི། རྡོ་རྗེ་འཆང་གིས་གསུངས་རུང་དེ་བཞིན་བདེན་ནའང་དགོས་མེད་སྙམ་པ་ཡིན་འདུག་པས། རྡོ་རྗེ་འཆང་ལའང་ཡིད་མི་ཆེས་པ་དེ། ཁྱོད་རྡོ་རྗེ་འཆང་ལས་ཕོ་ཚོད་ཆེ་བའམ། ཡང་ན་གདོན་གྱིས་ཟིན་ནས་སྙིང་མེད་པ་གང་རུང་གཅིག་ལས་འོས་མ་འདས་པས་སེམས་ལ་ཡུར་མ་ཡུར་ཞིག། །།

ཅེས་རང་རྒྱུད་ཉོན་མོངས་ཀྱི་བརླན་གཤེར་ཆེས་པའི་སྐྱོན་གྱིས་ཕྱིན་ཅི་ལོག་གི་སྔ་སྔོ་ཚན་ཆེར་སྐྱེས་པས་ཡོན་ཏན་མྱུ་གུ་སྐྱེ་མ་ཐུབ་པར་བརྟེན། སེམས་ཡུར་དགུ་མ་འདི་དྲན་གྲུབ་ཏུ་བྲིས་པ་ལགས།། ཞེས་པ་འདི་རྗེ་ཐང་སག་པ་དངོས་གྲུབ་རྒྱ་མཚོས་མཛད་པའོ།། ཆོས་གྲྭ་ཆེན་པོ་བདེ་མོ་དགའ་ལྡན་ཆོས་འཁོར་གླིང་ནས་པར་དུ་བཀོད་པའོ།། སརྦ་མངྒལམ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།