པོ་ཏོ་བའི་དཔེ་ཆོས་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-19 17:40:20     རྩོམ་པ་པོ།   པོ་ཏོ་བ།    ཀློག་ཐེངས།  

903091_13308780479av9.jpg

ཡོན་ཏན་ཀུན་གྱི་འབྱུང་གནས་རིན་པོ་ཆེ། ། བདེན་གཉིས་ཐུགས་ཆུད་དོན་དམ་དགོངས་པ་གསལ། །
བྱམས་དང་སྙིང་རྗེ་བྱང་ཆུབ་ཐུགས་མངའ་ཞིང་། །བློ་གྲོས་མཚུངས་མེད་སྤྲུལ་སྐུ་པོ་ཏོ་བ། །
དགོངས་པ་སྐོང་མཛད་གྲབ་པ་བྲག་དཀར་བ། །མཉམ་མེད་ཡབ་སྲས་རྣམས་ལ་གུས་ཕྱག་འཚལ། །
བྱང་ཆུབ་ལམ་རབ་གསལ་བྱེད་དཔེ་ཡི་ཆོས། །འགྲོ་ལ་ཕན་ཕྱིར་རིན་ཆེན་སྤུངས་པ་བྲི། །
བླ་མ་རྣམས་ཀྱི་མན་ངག་དཔེའི་སྒོ་ནས་བསྟན་པ་སྟེ། ཨ་ཕའི་སྐད་དུ་ཁ་ཆེམས་རླུང་། །
སྐྱབས་སུ་འགྲོ་བའི་དོན་སྐོར་ལས་མཐུན་ཕྱོགས་བསྒྲུབ་བྱ་བསྟན་པ་ལ་དཔེ་ཉེར་བཞིས་བསྟན་ཏེ།
འཁོར་ལོས་སྒྱུར་རྒྱལ་ནམ་མཁའ་འདྲ། །བྱའི་རྩལ་འདྲ་ཞིང་སྐྱེལ་མ་འདྲ། །
སྟོན་པ་གཞན་སྤངས་རྒྱ་གར་ཡུལ། །སྐུགས་ཁོངས་ཚུད་པ་བུ་ཤིའི་མ། །
ཡིད་བཞིན་ཤཱཀྱ་ཡོན་ཏན་སོགས། །ཆང་གླུ་ཡུལ་འབྱུང་བུ་ལོན་སྙོག །
ནས་ལ་སོགས་པའི་ཆར་བབས་ནས། །སྔོན་བསུ་མེ་ཏོག་ཙམ་ཞིག་ཡིན། །
ནམ་མཁའ་སྨན་བཞིན་གྲུ་གཅིག་མི། །རྒན་མོའི་ཆོས་བདེན་བཙད་པོའི་ཁོལ། །
རྒྱ་གར་དགེ་བསྙེན་ལི་རྒྱལ་བཞིན། །ཕ་ཚན་ལྷ་གསོལ་གཉེན་སྦྲོན་ལྟར། །
སྐྱབས་འགྲོའི་སྤང་བྱ་མི་མཐུན་པའི་དཔེ་བཅུ་དྲུག་གིས་བསྟན་ཏེ། བྲག་ཕུག་བྱང་བལྟས་དམུས་ལོང་བཞིན། །
ཁྱི་རའི་རྫིང་བུ་དགྲ་ལྷ་སྨན། །བུ་མོའི་སོ་འཛུགས་ཇོ་བོ་འཇུ། །
མོ་མ་ཡས་ཐགས་རྨི་ལམ་ཙམ། །མ་ལ་བུ་ཤ་གཉིས་ལ་ཞོན། །
ལྷ་ལ་སྙུག་རུམ་བོན་པོའི་ལྷ། །བདག་པོ་ངན་པའི་རྟ་གཡག་བཞིན། །
རྟེ་གུ་སྣ་གོང་བྲ་བ་བསད། །དལ་འབྱོར་རྙེད་པར་དཀའ་ཞིང་རྙེད་པ་འདི་ཆུད་མ་ཟོས་པར་བྱ་བ་ལ་དཔེ་ཉི་ཤུ་རྩ་བརྒྱད་ཀྱིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་གཉིས་ཀྱིས་བསྟན་ཏེ།
མཁར་ཐོག་རྩྭ་དང་རུས་སྦལ་མགྲིན། །ཁབ་རྩེར་ཡུངས་ཀར་ཆགས་ལ་སོགས། །
ཉིན་སྐར་ཆང་གི་སྦང་མ་བཞིན། །སྲིན་འབུས་ཕྱག་འཚལ་རྐྱང་ལ་ཞོན། །
ཆུ་བོའི་གྲུ་འདྲ་ལོ་རྡེང་བུ། །ཤ་བོ་ངལ་འདྲ་སོ་ཁའི་མཁར། །
དལ་འབྱོར་མི་མཐུན་པའི་ཕྱོགས་སྤང་བ་ལ་དཔེ་བཅུ་དྲུག་གིས་བསྟན་ཏེ། བྱིས་པའི་སྣེ་ཟན་གཙང་པའི་ཉ། །
ཕ་མེས་བཀུག་སྟེ་ཆུ་དང་ནགས། །བྱི་ཁྲ་བྱ་གླག་ཕོ་རོག་དང་། །
རྨིག་པ་འཕྱི་བ་གཡག་འཐབ་དང་། །སྐྱེ་སྐ་བྱི་བ་ཁུག་རྟ་རྣམས། །
གསེར་སྣོད་ངན་སྐྱུགས་འཕྱག་པ་འདྲ། །རྫ་ཁུར་ལ་ཆ་གྲང་མོ་བཞིན། །
མི་རྟག་ཅིང་འཆི་བ་རྗེས་སུ་དྲན་པ་སྒོམ་པ་ལ་དཔེ་ལྔ་བཅུ་རྩ་ལྔས་བསྟན་པ་ལས།དང་པོ་མི་མཐུན་ཕྱོགས་ལ་དཔེ་སུམ་ཅུ་རྩ་དགུས་བསྟན་ཏེ། འདི་ན་མི་དགའ་རི་གཟར་གྱད། །
ཆུ་འགྲམ་རྫིང་ཆུ་རྩྭ་ཕུང་བཞིན། །མར་མེ་ཟིལ་བ་ཆུ་བུར་འདྲ། །
ཤིང་ལས་ལོ་བྲུལ་ཆུ་བོའི་རྒྱུན། །ཕྱག་ན་འཚོ་བྱེད་ཁ་བརྡ་རི། །
གདོལ་པ་མ་ཧེ་ཚོང་འདུས་བཞིན། །རི་གདོང་འདས་ལ་བྱ་གཏོང་ལྟོས། །
ལུག་དང་བ་ལང་ཁྲག་མཐོང་བཞིན། །ཤ་དང་རུས་པ་སྦྲང་བུའི་རོ། །
ཚོང་པ་བྲང་ཁང་འདོམ་མི་སུམ། །ཀླུ་སྟན་རྫོང་ཕྲུ་བྱེད་པ་ལྟར། །
ཞང་བཙུན་གཉན་སྟོན་གུང་རྒྱལ་བཞིན། །མཛེ་གླུ་གསེར་ཁའི་བཤོས་བུ་དེ། །
སྣང་སེལ་བ་གླང་རྗེས་ཀྱི་མཆོག །མི་འགྲོ་མགྱོགས་འགྲོ་ཕྱིར་མི་ལྡོག །
ལོ་གསུམ་ཚ་བ་གོས་ལ་ཕར། །བྱ་ཕོ་གདང་འཛེག་སྣམ་བུ་གཅུ། །
ལོག་འཐེན་རྡོ་ཆགས་རྒན་པོ་སྐྱེས། །མི་རྟག་པ་སྒོམ་པའི་མི་མཐུན་ཕྱོགས་ངོས་བཟུང་སྟེ་སྤང་བ་ལ་དཔེ་བཅུ་དྲུག་གིས་བསྟན་ཏེ། ཤི་སྦར་ཞིབ་ཕོངས་ཆུ་རྡུགས་ཁྱེར། །རྟོད་ཕུར་ཇོ་གདན་དབང་ཡོད་ན། །
ཁ་ཤ་ཞོ་སྙིང་བལ་མིག་པོ། །ཆུ་ལ་བོང་བུ་ལག་བསྲོས་མེ། །མཛེས་འཛིན་མི་ཡོང་རྒྱང་མདའ་འཕེན། །
གོང་མོ་འབྲི་སྐམ་འདྲེ་སྙོགས་ལྟར། །ལྕགས་མེད་སྤྲང་ལམ་སྦང་ཐང་བཞིན། །ལས་རྒྱུའབྲས་ཀྱི་ཆོས་སྐོར་ལ་དཔེ་ལྔ་བཅུ་རྩ་གསུམ་ལས། དང་པོ་མཐུན་ཕྱོགས་དཔེ་ཉི་ཤུ་རྩ་དགུས་བསྟན་ཏེ། 
བཟང་ལན་ངན་ལན་ཚ་མངར་འདྲ། །ས་འགྲོ་བྱ་འཕུར་གྲིབ་མ་ལྟར། ། 
ཨ་བ་དྷཱུ་ཏཱིས་གཟིགས་པ་བཞིན། །ངག་གི་དབང་ཕྱུག་ཁ་བྲག་ལམ། །
ཞིང་ལ་འབྲས་བཏབ་ཨ་ཤོ་ཏ། །ཆུ་ཡི་ཐིགས་པ་མེ་སྟག་འདྲ། །
ཁོ་བོ་ལྟོ་ཟ་དགྲ་བཅོམ་བཞིན། །རྩ་བ་སྨན་ན་གཏེར་རྙེད་བཞིན། །
མ་བསད་མཚོ་ལ་མེ་འབར་འདྲ། །མེ་དང་ཉེ་ན་སྐྱུ་ལ་གཟབ། །
ལེགས་སམ་ལེགས་ན་བྱིས་པ་མེ། །རིན་ཆེན་བླ་མ་ལུག་རྫི་བཞིན། །
དུག་འཐུངས་བཞིན་དང་བཤིག་ཏུ་བཏུབ། །ས་ལ་འགྱེལ་བ་ས་ལ་བརྟེན། །
མེ་དོང་ཤ་སྲང་ལྔ་ལྔ་བཏོག །སྟོང་གསུམ་བྲན་གྱུར་བསད་ཀྱང་རུང་། །
ལས་རྒྱུ་འབྲས་ཀྱི་མི་མཐུན་ཕྱོགས་དཔེ་ཉི་ཤུ་རྩ་བཞིས་བསྟན་ཏེ། 

སྐལ་ཆད་སྨྱོན་པ་མདའ་འཕེན་བཞིན། །
མར་སྐོགས་ཆུ་རྡོ་ཅེར་རེ་ལོང་། །གཡོ་ཅན་གསུམ་དང་ཕྲ་མེན་མ། །
བས་ཀྱི་ཤྭ་བ་རྩིད་བུ་ཆུ། །ལོག་བརླན་ཞལ་བསིལ་ཁྱི་དང་སྡེར། །
ཞ་ཡི་སྔགས་པ་རྡོག་པ་དྲེད། །སྭོོ་དང་སྭོོ་སྟེ་ཁོང་ཕྱོགས་མང་། །
ཕྱུག་པོའི་བང་མཛོད་ཟུ་གུ་བརྗེ། །ཐེམ་རྩའི་གང་གཡང་བོང་བའི་རྦབ། །
འགྲོན་པོ་ཕ་ཁྱིམ་རྫུད་ལམ་འཐུར། །སེན་མོ་རེ་རེ་ཇ་ཐུད་འགྲངས། །

འཁོར་བའི་ཉེས་དམིགས་སྒོམ་པ་ལ་དཔེ་ཉི་ཤུ་རྩ་དགུས་བསྟན་ཏེ། དང་པོ་མཐུན་ཕྱོགས་དཔེ་བཅུ་གསུམ་ནི།
དགའ་བོ་ཉུང་མ་མུ་ནེ་དཔལ། །འབྲོག་དགོན་བཙོན་དོང་སྲིན་མོའི་གླིང་། །
ཟོ་ཆུན་ཁྱུད་མོ་སྨྱོན་པ་འདྲ། །ངན་སྐྱུགས་རྨ་རུལ་ཚེར་ཁུང་ལྟར། །
ཕོལ་མིག་ལྔ་པ་བཙོན་སྲུང་བསད། །སྦྲང་མ་མིག་ཆུང་མཐའ་མཐོང་བྱ། །

གཉིས་པ་མི་མཐུན་ཕྱོགས་སྤང་བ་ལ་དཔེ་བཅུ་དྲུག་ནི། རྙོང་ལ་སྤྲེའུ་གཞལ་མེད་ཁང་། །འབྲོག་དགོན་ཆུ་མིག་ཤིང་གྲིབ་ལ། །
ཉ་དང་ཕྱེ་ལེབ་གླང་ཆེན་དང་། །བུང་བའི་རི་དྭགས་ལན་ཚྭའི་ཆུ། །
ནད་པ་ཆང་འཐུང་དུག་སྨན་བཞིན། །སྤུ་གྲིའི་སྦྲང་རྩི་གཡན་པ་འདྲ། །
སླར་ལོག་ཆུ་བོ་ཟངས་རྦབ་ཟློག།

རྟེན་སོ་སོ་ཐར་བའི་ཚུལ་ཁྲིམས་ལ་བསླབ་པ་ལ་དཔེ་ཉི་ཤུ་རྩ་དྲུག་གིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་བཞི་ནི། རྟ་ལ་སྲབ་དང་ཆུ་ཆེན་གྲུ། །
རྒྱ་མཚོ་བགས་ཀྱིས་རོ་དང་ཞག །སྒ་སྲབ་བཀའ་རྟགས་ཁྱུ་ཡིས་འཚོ། །
ཁས་བླངས་དམ་བཅས་རི་དྭགས་བཞིན། །ས་གཞི་དྲི་མེད་སྣོད་གཙང་འདྲ། །
རྒྱལ་པོ་བྱོན་པ་སྟོབས་དང་ལྡན། །ལྡན་གྲོལ་མེ་ཏོག་ལྷ་གཉིས་བཞིན། །
གཉིས་པ་མི་མཐུན་ཕྱོགས་སྤང་བ་ལ་དཔེ་བཅུ་གཉིས་ནི།ཡུར་ཆུ་གཙང་པོ་མི་སྐྱ་སེར། །
ཞིང་ཐོག་ཡོག་པ་ཟླ་ཆ་ཡིན།།བ་ཡི་ངོ་འཛུམ་ལྷམ་བོལ་དུ། །
བགོས་རུང་གཏུབས་རུང་གསས་ཟན་ཁྱི།།མི་ལྟོགས་ནོར་ཐུན་དགྲས་ཁྱེར་བཞིན། །
གདིང་བ་ཁ་འུག་མདའ་མ་སོགས།།ཨ་ཁུ་ཉི་མ་བྱ་གླག་སྤྲེའུ། །

སྔོན་དུ་འཁོར་ལོ་བཞི་པོ་ཚང་དགོས་པས། དང་པོ་མཐུན་པར་གྱུར་པའི་ཡུལ་ན་གནས་པ་ལ་དཔེ་ཉི་ཤུ་རྩ་གཅིག་གིས་བསྟན་པ་ལས།དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་ནི།

བསོད་སྙོམས་རི་དྭགས་བྱ་བྱི་བཞིན། །
ཡུན་རིང་མི་སྡོད་གར་ཡང་བདེ།།བུང་བ་བཞིན་དུ་ཉི་ཟླ་བསྐོར། །
བྱི་བ་ཕུག་གཞུག་ངང་པ་ལྟར།།ཚངས་སྤྱོད་ཅིག་གི་རྒྱལ་བཙུན་སྤུན། །
གཉིས་པ་མི་མཐུན་པའི་ཡུལ་སྤང་བ་ལ་དཔེ་བཅུ་གཅིག་ནི།

ལྟོགས་ན་ནད་པ་བོན་པོ་རྟ། །
ཐང་འདུག་མི་བདེ་ཀོང་འདུལ་གྱིས།།སྦལ་པ་རྨ་ཅན་རྐྱང་ཤོད་འདྲ། །
ཕྲུ་བ་ནག་པོ་ཐ་ག་བཞིན།།ཁྱི་དང་ཉེ་ན་ཝ་གལ་འདྲ། །
ཟུར་ལ་བྲོས་ན་ཁང་བུ་རྙེད།།

སྐྱེས་བུ་དམ་པ་ལ་བརྟེན་པའི་ཆོས་སྐོར་ལ། དང་པོ་བརྟེན་བྱ་སློབ་དཔོན་གྱི་མཚན་ཉིད་བསྟན་པ་ལ་དཔེ་ཉི་ཤུ་རྩ་གསུམ་གྱིས་བསྟན་ཏེ།དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་གཅིག་ནི།
གསེར་གྱི་ཁྲོན་རྡོལ་མིག་ཅན་ལས།།ཧ་བོའི་གངས་དང་རྨ་བྱའི་མདོངས། །
སྤ་སྒོམ་ཁབ་འགོམས་ཁྲུང་ཁྲུང་རྫོགས།།བྱང་རྟ་ཟན་སློབ་མས་བུ་གསོ། །
བོང་དོར་འདུལ་བཞིན་ར་འདེད་འདྲ།།ཤིང་གི་རང་འཐག་སྨོན་པའི་ལམ། །
སྦྲུལ་གྲིབ་ནོར་བ་ལྤགས་སྔོན་ཝ།།ཨ་ཇོ་རྡོར་ལེགས་ལོང་བས་མིན། །
མ་གསར་སྦ་ཚབ་ཁྲོད་པ་ལྟར།།མཛེ་པོའི་མན་ངག་ཆུ་ཟླ་ཉབ། །
འོག་མིན་གླང་འདྲ་མཆིང་བུ་ལྟར།།

སྟེན་མཁན་སློབ་མའི་མཚན་ཉིད་བསྟན་པ་ལ་དཔེ་ཉི་ཤུ་རྩ་ལྔས་བཤད་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་ནི།

བུ་ཆུང་ཁ་ཅན་ཁ་མེད་བཞིན། །རྒྱལ་འབྱུང་གསེར་པོ་ནཱ་རོ་པ།།

པྲ་བ་ཀ་ར་ཞིང་ལ་གསེར། །རྒྱལ་བུ་ཕ་མགོ་ཤར་ཡོན་བཞིན།།

སློབ་མའི་མཚན་ཉིད་དང་མི་ལྡན་པ་སྤང་བ་ལ་དཔེ་བཅོ་ལྔ་ནི།
ངང་པ་རྒྱ་གར་གཡག་རྒོད་ཁལ།།འཇག་མ་རི་ཤོ་ཁྱི་ལྡོམ་བཞིན། །
སློག་ཧྲུལ་གླང་ཧྲན་ཁྱི་བྱ་སྙོགས།།རྨོས་གླང་བྱི་ཕྲུག་མྱང་ནས་བསགས། །
དཀྱུས་འགོར་ཙབ་ཙབ་ཨ་ནེ་ནི།།སྦྲེལ་ཐག་ཆད་པ་ཨ་ན་ལེ། །

འདི་ན་མར་བླ་མ་བསྟེན་ཚུལ་ཇི་ལྟར་བསྟེན་པ་ལ་དཔེ་བཅོ་བརྒྱད་ཀྱིས་བསྟན་པ་ལས།།དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་ནི།
བུ་ཆུང་བྱེ་ཕྲུག་མ་ལ་རག།དཔལ་འབྱུང་རྣམ་ཐར་རྐ་འགོ་སྨད། །
སྨན་པ་བསྟེན་བཞིན་ཐུ་བ་འཇུ།།རྟ་ཕྲུག་དང་འདྲ་བུང་བ་འདྲ། །
ཕ་ཝང་སྲན་ཕྱེ་ལུད་པ་ཐོབ།།

བླ་མ་བསྟེན་པའི་མི་མཐུན་ཕྱོགས་སྤང་བ་ལ་དཔེ་བརྒྱད་ནི།
ཤིག་འཆའ་ཞིང་རྨོས་ཆད་པ་གཅོད།།ལེགས་སྐར་ཁྱི་གུ་གཡག་རྒན་ཚྭ། །
ཁྱི་ཟན་མི་ལྡད་སྤྲེའུ་ཡི་ཟས།།

འདི་ན་མར་རང་གི་ལེགས་སྨོན་གྱི་ཆོས་སྐོར་བསྟན་པ་ལ་དཔེ་བཅུ་གཅིག་གིས་བཤད་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་དྲུག་ནི།

བུར་གོར་བཞིན་དུ་རྐྱང་གི་རྟ། །
སྒྱེ་གསེར་སྤྲུགས་པོ་སར་ཏི་བཙུགས།།པྲ་ཛྙཱ་ངེད་ཀྱི་གནའ་གཏམ་ནི། །
སྔོན་གྱི་ལེགས་སྨོན་མ་བཏབ་པའི་རྟགས་བསྟན་པ་ལ་དཔེ་ལྔ་ནི།
ཨ་མ་ང་ནི་ཤ་ཤོར་སྡུག།ཤ་སྡུག་ཁྱི་སྡུག་ས་བོན་མེས། །
རྟ་དམག་མི་ཤོང་ར་དང་བྱ།།

འདི་ན་མར་བསོད་ནམས་བསགས་པའི་ཆོས་སྐོར་བསྟན་པ་ལ་དཔེ་ཉི་ཤུ་རྩ་གསུམ་གྱིས་བསྟན་པ་ལས།དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་གཉིས་ནི། 
ཨ་ཏི་ཤ་དང་རྐང་ཆད་ཀྱང་།།སོ་མེད་རྙིལ་གྱིས་ཚོང་པའི་ལམ། །
ཞིང་པའི་སོ་ནམ་ཚོང་པའི་ཟོང་།།ནོར་བུ་མཆོད་ན་དབུལ་བ་སེལ། །
ཞིང་རྡུལ་སེམས་ཅན་གྲངས་རྙེད་སོགས།།ས་བོན་རང་ཤ་རང་ཁྲག་འཐུང་། །
བྱང་ཆུབ་སེམས་ཀྱིས་སྟན་ལ་འདུག།མི་མཐུན་པའི་ཕྱོགས་སྤང་བ་ལ་དཔེ་བཅུ་གཉིས་ནི།
མི་ཁོམ་ལུས་བླངས་སྦུར་བས་བལྟས།།དེ་ལ་མི་བཟོ་ལྷ་འདྲེས་རྐྱེན། །
ལྷམ་ཡོད་ཆུ་ནང་བགེགས་རིགས་བཞིན།།ཆུས་ཁེངས་འཇོལ་མོ་རབས་ཆད་བུ། །
ས་བོན་མེ་བླུག་རྡོ་ལེབ་སྟེང་།།ས་བོན་རུལ་བ་ནོར་བུ་བཙོངས། །

ཐེག་པ་ཆེན་པོའི་ལམ་ངོས་བཟུང་བ་ལ་དཔེ་བཅུ་གཉིས་ཀྱིས་བསྟན་པ་ལས།

དང་པོ་མཐུན་ཕྱོགས་དཔེ་ལྔ་སྟེ།འགྲོ་ས་ལམ་དང་རྒྱུ་འབྲས་བཞིན།།

ལྗོན་ཤིང་གསེར་འགྱུར་བདུད་རྩི་འདྲ། །མི་མཐུན་པའི་ཕྱོགས་སྤང་བ་ལ་དཔེ་ལྔ་སྟེ།

ཆུ་ཤིང་གཤོག་ཆག་ལྷ་ཁང་ལྟ།།སྦུད་པ་འབུད་པ་འཕྱི་བ་བཞིན། །

 བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་བསྒོམ་པ་ལ། དཔེ་བདུན་གྱིས་བསྟན་པ་ལས།དང་པོ་མཐུན་ཕྱོགས་ལ་དཔེ་བཞི་སྟེ།
འབུ་སྲིན་གཡག་ཙམ་ཁྱི་མིར་གཏོང་།།འདམ་བུ་གཅིག་སྟོང་རལ་གྲི་དགྲ། །

མི་མཐུན་པའི་ཕྱོགས་ལ་དཔེ་གསུམ་སྟེ།
བ་གཏོར་ཆུས་ཁྱེར་མ་སྐྱེས་དགྲ།

བྱམས་པ་སྒོམ་པ་ལ་དཔེ་བཅུ་གཉིས་ཀྱིས་བསྟན་པ་ལས། མཐུན་ཕྱོགས་ལ་དཔེ་དྲུག་གིས་བསྟན་ཏེ།

མ་ནི་བུ་ལ་གསེར་རྙེད་པ། ། ཕ་མ་སྐྱིད་གྲོགས་སྡུག་གྲོགས་པ། །
བུ་ཆུང་ངུ་འམ་རྒྱལ་ཤེ་བཞིན།།མི་མཐུན་ཕྱོགས་སྤང་བ་ལ་དཔེ་དྲུག་སྟེ།
སྲེག་བྱེད་མེ་དང་ཡི་དྭགས་ལྟར།།ཁྱི་འདྲ་ཞོ་ཆེ་སྡུག་བསྔལ་བཞིན། །
ཉི་མ་བརྒྱ་བསྒོམ་མ་ལ་སྡུག།

སྙིང་རྗེ་སྒོམ་པ་ལ་དཔེ་དགུ་ཡིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་ལྔ་སྟེ།
དམུས་ལོང་འབྲོག་འཁྱམས་མི་གཙང་དོང་།།ཁ་རླངས་ཁྲི་གཉན་ཡུལ་སྣ་གདོང་། །
མི་མཐུན་པའི་ཕྱོགས་ལ་དཔེ་བཞི་སྟེ།སྔགས་པ་ར་གསོད་ཕྱུག་རྒན་ལ། །
བུ་བསད་ནོར་གསོག་ཁྲ་སྤྱང་བཞིན།།

སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོས་སྐོར་ལ་དཔེ་བཞི་བཅུ་ཞེ་གསུམ་གྱིས་བསྟན་པ་ལས།དང་པོ་མཐུན་ཕྱོགས་ལ་དཔེ་ཉི་ཤུ་རྕ་གཉིས་ཀྱིས་བསྟན་ཏེ།
ཆུ་འདོད་བདུད་རྕི་རམ་བུ་གསེར།།ཆུ་རྒལ་འོར་གཅིག་ཞང་མོན་ཟེར། །
བུ་སྟོར་ལག་བཅིངས་སྒལ་བཅོས་འདྲ།།ཆུ་རྙེད་གྲུ་འདྲེན་ལུག་རྫི་བཞིན། །
འདམ་རྫབ་པདྨ་མཆོད་ཐང་བསྐྱེད།།ཡིད་བཞིན་ནོར་བུ་དགེ་སློང་བཞིན། །
བྱམས་པས་གསུངས་པའི་རྣམ་ཐར་ལས།།ཡིད་བཞིན་བདུད་རྕི་ཉི་འོད་བཞིན། །
རྡོ་རྗེ་གདན་ལ་བསྐོར་མཛད་ཚེ།།རྒན་མོས་མ་ཧེ་བུ་གཅེས་མ། །
ཞིང་པའི་ཆུ་ལུད་ཆུ་ཆེན་བཞིན།།ཤ་གཟུག་མྱུ་གུ་ཆོས་བདུན་བསླབ། །

མི་མཐུན་ཕྱོགས་ལ་དཔེ་ཉི་ཤུ་རྕ་གཅིག་གིས་བསྟན་ཏེ།

དགྲ་བོ་ཡུལ་འབྱིན་ཟན་གཡོས་ལྟར།།ཟས་ངན་འཚོལ་དང་ལད་མོ་བཞིན། །
རྨ་ཁའི་ཤུ་བ་དང་སྣ་ཁྲག།རྔ་ཡོད་ཙམ་ན་འབྲས་མི་འབྱུང་། །
ཆུ་ཁར་བོར་བཞིན་སྨན་རྒྱལ་ཐོགས།།གྲུ་འཛིན་རྒྱལ་པོ་གྲུ་པ་འདྲ། །
རྒན་མོའི་དགེ་རྩ་སྤྲེའུའི་བུ།།རང་འགྲངས་ཙམ་ན་གང་གིས་ཉུང་། །
བདེན་བྲལ་ལོ་བསྒྱུར་ཁྱི་ལྟར་ཟུག།སྔགས་པ་མར་འཚོང་ཡེ་འབྱུང་བཞིན། །

སྦྱིན་པ་སོ་སོའི་མཚན་ཉིད་བཤད་པ་ལ་དཔེ་བཅུ་དྲུག་གིས་བསྟན་ཏེ།དང་པོ་མཐུན་ཕྱོགས་ལ་དཔེ་དགུས་བསྟན་པ་ལས། དང་པོ་ཟང་ཟིང་གི་སྦྱིན་པ་ལ་དཔེ་ལྔ་སྟེ།

སྦྲུལ་སྐོགས་རི་དྭགས་ཁྱིམ་བདག་བཞིན།།དགེ་སློང་ཁོ་བོ་མཁས་པ་ལགས། །

ཆོས་ཀྱི་སྦྱིན་པ་ལ་དཔེ་གཉིས་ཏེ།
དགོན་པའི་དགེ་སློང་ཁ་ཏོན་ཀློག།

མི་འཇིགས་པའི་སྦྱིན་པ་ལ་དཔེ་གཉིས་ཏེ། 
རྒྱལ་རིགས་འཇིགས་སའི་རབ་བྱུང་བཞིན།།

མི་མཐུན་ཕྱོགས་སྤང་བ་ལ་དཔེ་བདུན་ལས། ཟང་ཟིང་སྦྱིན་པའི་མི་མཐུན་ཕྱོགས་ལ་དཔེ་བཞི་སྟེ།

མར་ལ་ཏི་ཐོ་ཁྲག་ལ་ཁྱི། །བག་མ་རྣ་བའི་ལྷན་པ་འདྲ། །
བྱང་པ་སྟོན་མོ་ཆོས་ཀྱི་སྦྱིན་པའི་མི་མཐུན་ཕྱོགས་ཀྱི་དཔེ་སྟེ།

མེས་ཚིག་རྒོད། །

མི་འཇིགས་པའི་སྦྱིན་པའི་མི་མཐུན་པ་ལ་དཔེ་གཉིས་ཏེ།སེང་གེ་བསད་འདྲ་ཀོང་བུ་ལྡག །

སྡོམ་པ་གསུམ་སོ་སོའི་མཚན་ཉིད་བཤད་པ་ལ་དཔེ་བཞི་བཅུ་ཞེ་ལྔས་བསྟན་ཏེ།མཐུན་ཕྱོགས་ལ་དཔེ་ཉི་ཤུ་རྩ་བཞིས་བསྟན་པ་ལ། དང་པོ་སྡོམ་པའི་ཚུལ་ཁྲིམས་ལ་དཔེ་བཅོ་བརྒྱད་ཀྱིས་བསྟན་ཏེ།

རྩྭ་འམ་མི་གཙང་འདམ་སྐྱེས་བཞིན། །
དོང་གི་ཁ་ཆོད་ཆུ་ཡོན་འདྲ།།འབྲུ་མར་སྣོད་འདྲ་མར་མེ་བཞིན། །
གླང་ཆེན་མྱོས་པ་ཁལ་བཀལ་བ།།འོན་ལོང་ལྐུགས་པའི་འདུ་ཤེས་སོགས། །
བུ་ཤ་སྨན་བཞིན་གཅོང་ཅན་ཟས།།རྨ་དཀྲིས་བཞིན་དུ་རྫི་བུའི་གོས། །
བྲན་མོ་བཞིན་དུ་ལུག་རྫི་ལྟར།།གཏུན་པོ་ལག་གིས་དགྲ་འདུལ་བཞིན། །
རབ་ཏུ་ཡང་ཡང་གསེར་འབུམ་བརྒྱ།།དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་དཔེ་གཉིས་ཏེ།
རླན་གྱིས་སྡུད་བསྐྱེད་རྐང་མིག་ལྡན།།སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་དཔེ་བཞི་སྟེ།
ཕ་མ་མི་སྐྱོ་ཟླ་འོད་སོགས།།མིག་གིས་བལྟས་ནས་རང་ལུས་ལ། །

ཚུལ་ཁྲིམས་ཀྱི་སྤང་བྱ་མི་མཐུན་ཕྱོགས་ལ་དཔེ་ཉི་ཤུ་རྩ་གཅིག་གིས་བསྟན་ཏེ།སྡོམ་པའི་ཚུལ་ཁྲིམས་མི་མཐུན་ཕྱོགས་ལ་དཔེ་བཅུ་གསུམ་གྱིས་བསྟན་པ་ནི།
ཁྱི་འདྲ་ཟླ་གྲགས་སྦོམ་དགའ་མོ།།སྟག་དང་སེང་གེ་སྐྱིན་ཐང་ཆུ། །
རལ་སྐོལ་གླང་སྟོར་བྲམ་ཟེ་མོ།།ཕུའི་གླང་བུ་བསྙེན་གནས་འདིས། །
ཤིག་གིས་ཆོས་དབྱིངས་དགེ་འདུན་གྱིས།།ཨག་ཚོམ་མེ་བུས་བཏེག་ནས་བརྡབས། །

དགེ་བ་ཆོས་སྡུད་ཀྱི་མི་མཐུན་ཕྱོགས་དཔེ་གཉིས་ཏེ། མེས་བསྲེགས་འདབ་གཤོག་མེད་པའི་བྱ།།སེམས་ཅན་དོན་བྱེད་ཀྱི་མི་མཐུན་ཕྱོགས་ལ་དཔེ་ལྔ་སྟེ།

སྣམ་བུ་བོར་བཙོངས་མ་ཡར་བུ།།སྦྲང་བུ་བསྔོས་བསྒྱུར་ཕན་གནོད་སྐྱེལ། །

བཟོད་པའི་མཚན་ཉིད་བཤད་པ་ལ་དཔེ་ཉི་ཤུ་རྩ་བརྒྱད་ཀྱིས་བསྟན་ཏེ།མཐུན་ཕྱོགས་ལ་དཔེ་བཅུ་གཉིས་ཀྱིས་བསྟན་པ་ལས། དང་པོ་ཆོས་ལ་ངེས་སེམས་ཀྱི་བཟོད་པ་ལ་དཔེ་གཉིས་ཏེ།

ས་དང་མགར་བའི་འོག་རྡོ་བཞིན། །

གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ལ་དཔེ་བརྒྱད་དེ།

དྲང་སྲོང་ཤིང་བཞིན་ཤ་ཁམ་འགའ། །བཟོད་རྟེན་གཤེན་སྟོན་རུབ་ཆོས་བཞིན། །
ཁ་ཉེན་གནོད་བྱེད་སྐད་གཏོང་འདྲ།།སྡུག་བསྔལ་དང་ལེན་གྱི་བཟོད་པ་ལ་དཔེ་གཉིས་ཏེ།
ཉ་པ་ལ་སོགས་རྟག་ཏུ་ངུ་།།བཟོད་པའི་མི་མཐུན་ཕྱོགས་ལ་དཔེ་བཅུ་དྲུག་གིས་བསྟན་པ་ལས།
ཆོས་ལ་ངེས་སེམས་བཟོད་པའི་མི་མཐུན་ཕྱོགས་ལ་དཔེ་གཉིས་ཏེ།ཁྱི་ཁལ་མི་ཐེག་ཤའུ་བཞིན། །གནོད་པ་ལ་ཇི་
མི་སྙམ་པའི་བཟོད་པའི་མི་མཐུན་ཕྱོགས་ལ་དཔེ་བཅུ་གཉིས་ཏེ།རྒན་གཞོན་བཟོད་པ་བྱེད་མི་སྟེ། །
ཕོག་རྩི་མདུང་གཅིག་བྱ་རོག་འུག།ཕྱི་མེས་ཤི་འདྲ་ཁྱི་རྫོག་འདྲ། །
སྔོན་ལ་བོང་བདག་སྡོམ་ལ་ཤིང་།།ཤ་འུ་ཤ་སྦྲང་མིག་བཞིན་དུ། །
སྡུག་གྲོང་བུད་མེད་ཆུ་གླེང་འབྱིན།།སྡུག་བསྔལ་དང་ལེན་གྱི་བཟོད་པའི་མི་མཐུན་ཕྱོགས་ལ་དཔེ་གཉིས་ཏེ།
ལས་ལ་ངན་པ་ཁ་འདེ་མངར།།བརྩོན་འགྲུས་ཀྱི་མཚན་ཉིད་བསྟན་པ་ལ། དཔེ་ཉི་ཤུ་རྩ་བརྒྱད་ཀྱིས་བསྟན་ཏེ།
དང་པོ་མཐུན་ཕྱོགས་ལ་དཔེ་བཅོ་བརྒྱད་ཀྱིས་བསྟན་པ་ལས།གོ་ཆའི་བརྩོན་འགྲུས་ལ་དཔེ་བཞི་སྟེ།
ཕྱ་མཁར་ཐོབ་འདྲ་ནོར་བུ་ལེན།།སྨན་པ་མེ་ཏོག་བྲན་ཁོལ་འདྲ། །སྦྱོར་བའི་བརྩོན་འགྲུས་ལ་དཔེ་བདུན་ཏེ།
མགོ་ལ་མེ་ཤོར་པང་དུ་སྦྲུལ།།མེ་ཚིག་འདོན་པ་ས་ཆུ་གཏོད། །
ནས་ཕུང་ཆུས་ཁྱེར་སྡོམ་པ་བཞིན།།གླང་རྒན་ལྕག་གིས་པྲད་པྲད་ཀྱིས། །ཕྱིར་མི་ལྡོག་པའི་བརྩོན་འགྲུས་ལ་དཔེ་
བདུན་གྱིས་བསྟན་ཏེ།ཐོགས་མེད་བྱམས་པ་ཤིག་དང་འདྲ། །བྱང་པའི་ར་མདའ་ཆུ་རྡོ་འབིགས། །
གསེར་འཚེངས་ནོར་སྤེད་ཉུང་ཐུག་འཐུང་།།བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་དཔེ་ལ་དཔེ་བཅུ་གཉིས་ཀྱིས་
བསྟན་པ་ལས། གོ་ཆའི་བརྩོན་འགྲུས་ཀྱི་མི་མཐུན་པ་ལ་དཔེ་གཉིས་ཏེ།གྲོད་སྐོགས་མེ་ལ་ཝ་མོ་རོ། །
སྦྱོར་བའི་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ལ་དཔེ་དྲུག་སྟེ།ཉི་བཙོན་གློ་རྡོལ་བྱ་བྱེའི་ཟན། །
ཁྱི་ཡི་འཁུར་བ་ར་སྣོར་མ།།བྱིས་པ་པོངས་དང་གང་སྙོམས་འདྲ། །ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་མི་མཐུན་པ་ལ་དཔེ་བཞི་སྟེ།བྱང་པ་གསེར་བརྐོ་ལྒང་བུག་འདོད། །བརྒྱུགས་པས་རྒྱ་གར་སེ་མོ་གྲུ །བསམ་གཏན་གྱི་ཆོས་སྐོར་
དཔེ་ཉི་ཤུ་རྩ་བཞིས་བསྟན་པ་ལས།དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་གཅིག་གིས་བསྟན་ཏེ། བསམ་གཏན་གྱི་རྒྱུ་
བསྟན་པ་ལ་དཔེ་གསུམ་སྟེ།དྲི་མེད་སྣོད་དུ་ཆུ་གཙང་བཞིན། །དབེན་པ་ལས་སྐྱེས་ཆོག་ཤེས་པ། །
བསམ་གཏན་གྱི་ངོ་བོ་ལ་དཔེ་གཉིས་ཏེ།གཞུ་བདུངས་ཞགས་པས་གླང་ཆེན་འཛིན། །
བསམ་གཏན་རྒྱུད་ལ་བརྟན་པར་བྱ་བ་ལ་དཔེ་གསུམ་སྟེ།རི་བོ་རྒྱ་མཚོ་དོམ་བཞིན་དུ། །
བུམ་ནང་མར་མེ་བསམ་གཏན་རྒྱུད་ལ་བརྟན་པའི་རྟགས་ལ་དཔེ་གསུམ་སྟེ།སེང་རྒྱལ་བཞིན། ། 
རྒྱ་མཚོ་དངས་ལ་སྐུ་མཐོང་ཤི།།བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ལ་དཔེ་བཅུ་གསུམ་གྱིས་བསྟན་ཏེ།
མ་དག་སྣོད་འདྲ་ཁྲོམ་ཟིས་ཁྱེར།།སྟན་ཐོག་ཚོང་འདུས་ཤ་མེད་བྱ། །
སུག་ཟོང་བྲེ་རེ་རྟ་ཆུ་རྫིང་།།རྟ་བཤའ་ལྷ་གསོལ་བདེན་མཐོང་ན། །
བྱང་པ་མོ་བཞིན་རྟགས་མེད་འདྲ།།མར་ཟན་གནས་བརྟན་ཉ་ཟམ་བཞིན། །ཤེས་རབ་སྟོང་ཉིད་ཀྱི་ཆོས་སྐོར་བཤད་པ་ལ་དཔེ་དྲུག་ཅུས་བསྟན་ཏེ།དང་པོ་མཐུན་ཕྱོགས་ལ་དཔེ་སུམ་ཅུ་རྩ་ལྔ་བསྟན་པ་ལ། ཤེས་རབ་སྟོང་པ་ཉིད་
ཀྱི་ཡོན་ཏན་བསྟན་པ་ལ་དཔེ་བཅུ་སྟེ།སྐྱེས་བུ་མིག་ཅན་ཟས་ལ་ལྕེ། །
བཅུད་ལེན་བུ་ག་ཆུང་ངུ་ནས།།དགུ་གཞུག་བདུད་རྩི་བྱ་འཕུར་འདྲ། །
སྒྲོན་མེ་ཕ་ལམ་ཟོར་མི་ལྕི།།ཐོས་པའི་ཤེས་རབ་ལ་བསླབ་པ་ལ་དཔེ་བརྒྱད་ཀྱིས་བསྟན་ཏེ།
ཐབ་ཆེན་འཛིན་པ་རྨི་ལམ་བཞིན།།སྒྱུ་མ་དང་འདྲ་རབ་རིབ་སོགས། །
སྟག་མོ་ཀེང་རུས་རྭ་དང་བྲག།བཙུན་མོ་ཤི་འདྲ་རྒྱ་འབག་མིག །
ཕྲན་ཚེགས་བསགས་པས་ཕྱུག་པོར་འགྱུར།།ཐོས་པའི་དོན་དེ་ཉིད་བསམ་པའི་ཤེས་རབ་ཀྱིས་གཏན་ལ་དབབ་པ་ལ་དཔེ་གཉིས་ཀྱིས་བསྟན་ཏེ། ཁང་སྟོང་རྐུན་མ་སྲིན་པོ་བཙལ།།ཐོས་བསམ་གཉིས་ཀྱིས་ཤེས་རབ་ཀྱིས་གཏན་ལ་
ཕབ་པའི་དོན་ལ། སྒོམ་པའི་ཤེས་རབ་ཀྱིས་གོམས་འདྲིས་མཐར་ཕྱིན་པར་བྱ་བ་ལ་དཔེ་བཅོ་ལྔ་སྟེ།
ནམ་མཁའི་དཀྱིལ་ལྟར་སྒྱུ་མ་མཁན།།མཁའ་བརྩིགས་ཁེབས་འབྱེད་ལྟོ་ཟ་མཁས། །
ལག་པས་བཟུང་ནས་མིག་གིས་ལྟ།།རྐང་པ་བྱ་ཡི་གཤོག་པ་འདྲ། །
བུ་ཆུང་ཉི་མ་སྤྲིན་ཁེབས་བཞིན།།རྡོ་རྗེ་ཕ་ལམ་ནོར་བུ་འདྲ། །
ནད་པའི་ཕ་བཞིན་ཡིད་བཞིན་ནོར།།དཔག་བསམ་ཤིང་དང་བུམ་པ་བཟང་། །
ཤེས་རབ་ཀྱི་མི་མཐུན་ཕྱོགས་ལ་དཔེ་ཉི་ཤུ་རྩ་ལྔས་བསྟན་པ་ལས།ཤེས་རབ་སྟོང་པ་ཉིད་ཀྱི་རྩི་ཡིས་མ་ཟིན་པའི་
སྐྱོན་བསྟན་པ་ལ་དཔེ་བཞི་སྟེ།དམུས་ལོང་བརྒྱ་ཕྲག་ལྟད་མོ་མི། །
འཇག་མའི་མི་རྟ་དུག་སྡོང་འདྲ།།ཐོས་པའི་ཤེས་རབ་ཀྱི་མི་མཐུན་པ་ལ་དཔེ་དགུ་སྟེ།
ཁ་ཟས་མི་གཙང་ལག་སྟོང་འགྲོ།ལ་ལ་སྟོང་འབྱམ་ལྷགས་པ་འགམ། །
སྙེ་མ་ལོང་མ་ས་སྒང་འདྲ།།ལྡན་མ་པུར་བུར་རྦ་དགེ་མཐོང་། །
གླེནཆེན་གླེན་ཆུང་ལྡེར་བཟོའི་མིག།བསམ་པའི་ཤེས་རབ་ཀྱི་མི་མཐུན་ཕྱོགས་ལ་དཔེ་བཞི་སྟེ། 
སྦྲུལ་ལ་འོ་མ་སྦྲུལ་བསྲུངས་ལྟར།།སྤྱང་རྒོད་ཁྱི་དང་ར་མདའ་ཀུན། །སྒོམ་པའི་ཤེས་རབ་ཀྱི་མི་མཐུན་པ་ལ་དཔེ་
བརྒྱད་དེ། ཆུ་མཐོང་སྐྲ་ཤད་འཁྱག་སྟེང་མཁར།།གྲལ་མགོར་རྗེས་ལ་ཁྲུས་སྨན་འདྲ། །
རྐང་གཤོག་ཡ་མེད་སྨིག་རྒྱུ་སྙེག།གསང་སྔགས་ཀྱི་སྒོར་འཇུག་པར་འདོད་པ་ལ། སྔགས་ཀྱི་མཚན་ཉིད་བསྟན་པ་
ལ་དཔེ་བཅུ་དགུས་བསྟན་ཏེ།དང་པོ་སྔགས་ཀྱི་ཡོན་ཏན་བསྟན་པ་ལ་དཔེ་དྲུག་སྟེ།
ལག་གི་བཟོ་བྱེད་རྨ་བྱ་བཞིན།།གསེར་རྩི་དང་འདྲ་རྟ་བཟང་ཞོན། །
མ་ར་ན་ཛ་བ་ཛ་ར།།སྔགས་ཀྱི་ཉེས་དམིགས་བསྟན་པ་ལ་དཔེ་བཅུ་གསུམ་གྱིས་བཤད་དེ།
བོད་ན་མི་འདུག་གོ་མི་ཆོད།།མེ་ཆུ་བསྲེས་པས་རབ་འབྱོར་གྱིས། །
ཕས་ཕམ་དོ་མིན་བོ་སྦྲེལ་བཞིན།།སེང་གེའི་འོ་མ་ཚོང་པ་གསེར། །
སྦྲུལ་སྨྱུག་མཚོན་ཆའི་འཁོར་ལོ་འདྲ།།བཙན་དུག་ཟོས་ན་གཏིང་རྡོ་འདོགས། །
ང་ལ་ཆ་མེད་ཨ་ཕོ་ཟེར།།

བླ་མའི་བཀའ་དྲིན་དྲན་པས་དད་གུས་ཀྱིས་བླ་མ་མཉེས་པར་བྱ་བ་ལ་དཔེ་བཅུ་གསུམ་བསྟན་པ་ལས་དང་པོ་མཐུན་ཕྱོགས་ལ་དཔེ་བདུན་གྱིས་བསྟན་པ་ནི།
ཕུ་ཆུ་རྫིང་བཏང་ས་བརླན་དང་།།བ་གླང་མི་ཁྱུ་མི་མཉམ་མཉམ། །
ལྟོགས་པའི་ཟས་སྟེར་ཉེ་རྒྱལ་བཞིན།།བུ་དང་ཆུང་མ་རང་སྲོག་ཀྱང་། །
ཨ་ཏི་ཤ་དང་རིགས་ངན་བཞིན།།བླ་མའི་བཀའ་དྲིན་མི་དྲན་པ་སྤང་བ་ལ་དཔེ་དྲུག་སྟེ།
ཕ་མེས་གང་བས་དོན་མ་གྲུབ།།མོན་མོ་མ་མཐོང་སྲུང་མ་ཡེལ། །
བཙུན་མོ་ཆོས་ཉན་རྐང་མགྱོགས་བཞིན།།

བསྔོ་བའི་ཆོས་སོ་སོར་བསྟན་པ་ལ་དཔེ་བཅུ་དགུས་བསྟན་པ་ལས།
དང་པོ་མཐུན་ཕྱོགས་ལ་དཔེ་དགུ་ཡིས་བསྟན་ཏེ།གསེར་དངུལ་མགར་བ་ཁྲིད་འདྲ་ཞེས། །
ཆུ་ཐིགས་ལྗོན་ཤིང་ཁར་ཕོག་སྣ།།བསྐྱོད་དང་དངོས་པོ་བསྔོས་བསྒྱུར་བྱས། །
ཆུ་ཁྱེར་སྐྲ་ནས་སྦྲེལ་ཐག་ཅན།།བསྔོ་བའི་མི་མཐུན་པའི་ཕྱོགས་བསྟན་པ་ལ་དཔེ་བཅུས་བསྟན་ཏེ།
སྐར་མདའ་དགྲ་ལ་ཁམ་བྱེད་ཕྱིར།།མཆིལ་མ་ཐང་ལ་ཆུ་ཤིང་བཞིན། །
བསགས་པ་ཁྱིས་ཁྱེར་ཁུ་ཚུར་བྲག།བང་ཁར་མུན་ཡུགས་དུག་ཅན་ཟས། །
མུ་སྟེགས་མཆོད་སྦྱིན་བུབ་པའི་སྟེང་།།གཏིང་རྡོ་སྦྲགས་ནས་རྡོག་པས་ཕུལ། །
དགྲ་ཟིན་ཕྱེ་ནས་གྲྭ་བཞི་ནས།།ཟན་རྡོག་གཅིག་ལ་གཙུབ་ཤིང་མེ། །
མཁས་པ་མར་མེ་མཛད་ཀྱི་གཞུང་།།སྐྱེས་བུ་གསུམ་གྱི་ཐར་པའི་ལམ། །
ངོ་སྤྲོད་གསལ་བྱེད་དཔེ་ཡི་ཆོས།།ཅུང་ཟད་མདོར་བསྡུས་བཀོད་པ་འདི། །
བདག་གཞན་དོན་ཀུན་གྲུབ་གྱུར་ནས།།མཐའ་ཡས་སེམས་ཅན་དོན་བྱེད་ཤོག ། །

                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།