བློ་སྦྱོང་སེམས་དཔའི་རིམ་པ་ལས་རང་རྒྱུད་ངན་པ་དམའ་དབབ་པའི་ཆོས་བཞུགས་སོ། །

    སྤེལ་དུས།  2016-11-17 21:31:17         ཀློག་ཐེངས།  

70035007226342927.jpg

        རང་འདོད་འཁྲིབ་མ་ཞུགས་པས། །ཐེག་དམན་ལྟ་བར་མི་ལྟང་ཞིང༌། །སྲིད་པའི་བཙོན་རར་མ་བསྡམས་པའི། །གྲོལ་བ་དེ་ལ་ཕྱག་འཚལ་ལོ། །ངའོ་བྱ་བ་མགོ་བསྐོར་ཡིན། །དགོས་ཞེས་བྱ་བ་ངོ་དགའ་ཡིན། །གཞན་མ་ཞེས་པ་དགྲ་ཚིག་ཡིན། །མི་དགོས་ཅེས་པ་བར་ཆད་ཡིན། །བདག་གཞན་ཅེས་པ་འབྱེད་ཚིག་ཡིན། །ཆགས་སྡང་ཞེས་པ་འཁྲུག་པ་ཡིན། །འདི་འདྲའི་རྣམ་དབྱེ་སུ་བྱེད་པ། །དེ་ནི་ཟབ་མོའི་ཆོས་ལས་ཉམས། །མཁས་པས་དགྲ་བོ་འཇོམས་འདོད་ན། །དང་པོ་ང་བདག་ཁྱད་དུ་བསད། །གང་གིས་སྐུར་པ་བཏབ་གྱུར་ཀྱང༌། །དེ་ལ་དག་མཚང་རྣམས་མི་བྱེད། །གང་གིས་གནོད་པ་སྐྱལ་གྱུར་ཀྱང༌། །ཁ་འཛིན་ཤགས་འདེབས་ཡང་མི་བྱེད། །ལུས་སྲོགལོངས་སྤྱོད་བྲལ་གྱུར་ཀྱང༌། །རང་གི་བསགས་པས་ལན་ནོ་ཞེས། །ལྷག་པར་རང་ལ་སྙིང་ཚིམ་སྦྲེང༌། །གང་གིས་འདྲེ་གདོན་རྦད་གྱུར་ཀྱང༌། །དེ་ལ་ཁུ་འཁྲིགས་མི་བྱ་སྟེ། །གཞན་གྱི་བསམ་པ་ཚིམ་པར་བྱ། །མི་ཕོད་བསམ་པ་རྫི་བ་སྟེ། །སྙིང་དང་འདྲ་བའི་འཁོར་ལ་སོགས། །ཤ་ལ་བརྩེ་བས་ཕྲོགས་གྱུར་ཀྱང༌། །རང་ལ་འགལ་མེད་སྙིང་ཚིམ་བསྒྲང༌། །ཡོན་བདག་དྲིན་ལན་ལོག་མཇལ་ཚེ། །སྐད་ཅིག་ཙམ་ཡང་མི་འཁྲུགས་པར། །བཟོད་བསྐུལ་བཀའ་དྲིན་དྲན་པར་བྱ། །ད་ནི་སྡིག་པ་སྤོང་བའི་ཐབས། །ཞེ་སྡང་མེད་པར་དབྱེ་པར་བཤད། །དེ་ལ་བཀའ་དྲིན་བྱམས་པ་བསྒོམ། །རང་ལ་སྙིང་ཚིམ་ཐོ་ལེས་བཏབ། །དེ་ལྟར་བཟོད་པ་མ་ཐོབ་བར། །གྲོགས་ནི་གཤིས་ངན་དག་དང་འགྲོགས། །དེ་ལ་དམིགས་རྐྱེན་རབ་བྱས་ནས། །འཁོར་བ་པ་ཡི་སྐྱོན་བསམ་ཞིང༌། །སྙིང་རྗེ་ཆེན་པ་ལྷག་པར་བསྒོམ། །གནས་མལ་ས་ཕུག་གད་སྐྱིབས་དང་། །ཁང་རུལ་ཐགས་པ་འཛགས་པ་དང་། །ལྷ་ཁང་ཕྱུགས་ལྷས་འབྲོག་སྟོང་དང་། །གཅོང་རོང་ཡིད་མི་དགའ་བར་བསྡད། །དེ་ཚེ་ཤེས་པ་མི་དགའ་ཤིང༌། །ཀླུང་དུ་བསྡད་ན་རི་ལ་འགྲོ། །དེར་ནི་སྡོད་སྙིང་མི་འདོད་དེ། །གསོ་དང་སྐྱིབས་དང་ཟུར་ལ་སྙེག །ཡང་ཡང་སྡོད་ས་རབ་སྤོ་ཞིང༌། །ཤེས་པ་མི་དགའ་སྐྱོ་བ་ན། །རང་ལ་ཤགས་འདེབས་འདི་ལྟར་བྱ། །ཁྱོད་ཀྱི་ཤེས་སྤྱོད་འདི་འདྲ་ན། །གནས་མལ་འདི་ཡང་ཡང་རབ་ཡིན། །བློ་སེམས་འདི་ཀུན་བདེ་མོ་ཡིན། །གཞན་དུ་ཁྱོད་ཀྱི་སྡུག་སྲན་འདིས། །དམྱལ་བར་མ་སྐྱེས་མཁར་རྗ་ཆེ། །བཙོ་བསྲེགས་མ་མྱོང་མཁར་རྗེ་ཆེ། །ཡི་དགས་བཀྲེས་སྐོམ་གྲོང་ཁྱེར་དུ། །བསྐལ་བར་མ་སྐྱེས་མཁར་རྗེ་ཆེ། །མི་གཙང་སྲིན་པོའི་གྲོང་ཁྱེར་དུ། །འདམ་རྫབ་ཆེན་པོར་རབ་འཕྱོ་ཞིང༌། །བསྐལ་བར་མ་སྐྱེས་མཁར་རྗེ་ཆེ། །གཞན་ཡང་འཇིགས་པ་རབ་བསམས་ཤིང༌། །བདག་ལ་ཁྲེལ་བརྡས་ཆོས་སོ་བྱ། །ལྟོ་ལ་གྱོང་སྐུར་དཀའ་ཐུབ་བྱ ། །གོས་ལ་གྱོང་སྐུར་དམན་ཆ་བཟུང༌། །བདེ་སྐྱིད་ཁྱད་བསད་གཉེན་པོ་བསྒོམ། །བྱ་བྱེད་ལིངས་བསྐྱུར་བྱར་མེད་བསྟེན། །ཅི་བྱེད་བྱང་ཆུབ་གྲོགས་སུ་བསྒྱུར། །བློ་སྦྱོང་སེམས་དཔའི་རིམ་པ་ལས་རང་རྒྱུད་ངན་པ་དམའ་དབབ་པའི་ཆོས་ཡོངས་སུ་རྫོགས་སོ།། །།

                                                                    རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།