བློ་སྦྱོང་སེམས་དཔའི་རིམ་པ་ལས་ཟག་བཅས་དགེ་བའི་སྟོབས་བསྐྱེད་པའི་ཆོས་བཞུགས་སོ། །

    སྤེལ་དུས།  2016-11-17 21:25:49         ཀློག་ཐེངས།  

70035007226342927.jpg

        ལུས་དང་སྲོག་ལ་མི་ལྟ་ཞིང༌། །རྒྱལ་སྲིད་བྱ་དགའ་མི་བསྟེན་པར། །དཀའ་སྤྱད་བཟོད་པ་བསྒོམས་པ་ཡི། །དཔའ་བོ་དེ་ལ་ཕྱག་འཚལ་ལོ། །གཏམ་འདི་ཉོན་དང་རྟག་འཛིན་ཅན། །ལས་འདི་སེམས་དང་ཁུར་པོ་ཅན། །སྐྱེ་བ་གཏན་གྱི་སི་བོན་དེ། །ཚེ་ཐུང་འདི་ལ་སྒྲུབ་དགོས་ན། །ལོང་ཡོད་བསྟེན་པའི་སྙིང་མེད་པོ། །གདོན་འདི་གང་གིས་སླད་པ་ཡིན། །སླར་ཡང་སྐྱིད་འདོད་ཆེས་པས་ཕུང༌། །དེ་ལྟར་ཡིན་མོད་ཟུར་འགོ་རགས། །ད་དུང་གཤིས་ངན་མ་སྤངས་ན། །རྒྱུ་འདིས་ཤིན་ཏུ་ཕུང་བ་ཡིན། །ད་དུང་གཞན་དོན་མ་བསམས་པར། །ང་དགོས་འབའ་ཞིག་བརྟེན་བྱས་ན། །རང་གཞན་ཐམས་ཅད་མགོ་བསྐོར་ནས། །མནར་མེད་གནས་སུ་ངེས་པར་འཇུག །ཚེ་འདིའི་ཁ་འཛིན་ཤགས་འདེབས་གྱིས། །འདྲེ་རྟོག་ཟུར་མགོ་སུ་བས་རགས། །ན་ཚ་སྡུག་བསྔལ་སུ་བས་མང༌། །གཟེར་ཟུག་སྡུག་བསྔལ་སུ་བས་ཆེ། །ཚ་གྲང་སྡུག་བསྔལ་དམྱལ་བ་འདྲ། །དབུལ་ཕོངས་སྡུག་བསྔལ་སུ་བས་ཆེ། །བཀྲེས་སྐོམ་འཇིགས་སྐྲག་ཡི་དྭགས་འདྲ། །དུག་སྦྲུལ་ཁྱི་སྨྱོན་ཉིད་དང་མཚུངས། །ཡོད་ན་ཡོད་པས་སྐྱོང་ཕྱེར་སྡུག།མེད་ན་མེད་པས་འཚོལ་ཕྱིར་འཁྱམས། །གང་ལྟར་བྱས་ཀྱང་སྡུག་བསྔལ་བསོས། །ཅི་ལྟར་བྱས་ཀྱང་སྐབས་དོན་སྟོར། །རྩ་བ་བདག་འཛིན་ཆེས་བས་ལན། །སྡུག་སྲན་སྙིང་རུས་ཆུང་བས་ལན། །བྱམས་པའི་ཞིང་ས་རལ་བས་ལན། །སྙིན་རྗེའི་རྩབ་ཆད་པས་ལན། །སེམས་བསྐྱེད་དགེ་བ་སྟོར་བས་ལན། །མ་རབས་འགྲོགས་ལ་བརྟེན་པས་ལན། །དེ་རྣམས་ཐམས་ཅད་འདས་པའི་ཆོས། །མདུན་མ་བརླག་ཟིན་ཡར་ལ་མཆོད། །ད་ནི་སུ་ལའང་རེ་མ་ཆེ། །ཕྱི་ནང་གང་ལའང་དགོས་མ་འཆའ། །དོན་མེད་རྟོག་པའི་སྔོན་མ་བསུ། །སྔར་བྱས་ངན་པའི་རྗེས་མ་བཅད། །བདག་འཛིན་བྱེད་རི་ཞེ་གནའ་སྐྱོལ། །ངན་ཤགས་བྱེད་རི་ཞེ་གནའ་སྐྱོལ། །མི་ལ་འཛུགས་རི་ཞེ་གནའ་སྐྱོལ། །འདོད་ཡོན་སེམས་རེ་ཞེ་གནའ་སྐྱོལ། །ཇོ་བོ་སེམས་ཅན་མར་བསམས་ལ། །སྡུགགྱུར་ཐམས་ཅད་རང་གིས་ཁུར། །དུཿཁ་ཐམས་ཅད་རང་གིས་ལོང༌། །ཁྲེལ་བརྡས་ཆེན་པོ་རང་ལ་གྱིས། །སོམས་ཤིག་སྨོས་ཤིག་འཇིགས་པ་སོམས། །ཟློག་ཅིག་སྔར་བྱས་ལས་ངན་བཟློག །དེ་ལྟར་ཉོན་མོངས་རབ་ཆོད་ལ། །ཕྱི་ངན་དུས་སྐབས་ཐམས་ཅད་དུ། །བདག་འདིའི་དུཿཁ་མ་བཟུང་ཞིག །ལས་ངང་བསོག་ན་ཁྲོམ་དུ་སྒྲོགས། །ངོ་ལྐོག་བྱས་ན་ཁ་དམན་ཕོག །ནང་དབེན་གྱིས་ལ་དང་ཚང་བཤིག།སྤྱོད་ནང་དགུག་ལ་ཐོ་ལེས་ཐོབ། །བཙང་རྟག་སྐྱེས་ཚེ་མཛེ་རོས་འདུལ། །དོན་རྟོག་སྐྱེས་ཚེ་གཉན་དགུ་འགྲིམས། །སྐྱུག་བྲོ་སྐྱེས་ཚེ་སྣགཁྲག་འཇིབས། །ཁ་རྒྱང་མ་ཆེ་བདག་འཛིན་བསྐྱུར། །བྱིན་རླབས་མ་ཞུ་འདྲེ་ལ་བྱིན། །མཐུ་བོ་ཆེ་ལ་བློ་མ་གཏད། །མོ་བོན་དག་ལ་བློ་མི་དབབ། །དྲགསྔགས་དག་ལ་སེམས་མི་གཏད། །རྫས་དང་ལིང་ཁ་རང་ལ་བྱ། །འདྲེ་གདོན་ནད་ཀྱིས་བཏབ་པ་ན། །རྡོ་རྗེ་འཛིན་པ་ལ་སོགས་པའི། །ཁྲོ་བོ་ཐམས་ཅད་ཕྱིར་ལ་ཁྱེད། །མ་ཧཱ་ཀ་ལ་ལ་སོགས་པའི། །གཏུམ་པོ་ཐམས་ཅད་ཕ་ཚང་ཁྱེད། །ང་ནི་དེ་རིང་ལན་ཆགས་འཇལ། །སྲུང་སྐྱོབ་ར་མདའ་སྒྲོན་རི་ཤི །དེ་རིང་འཁོར་འདས་ཤན་ཤུན་འབྱེད། །འདུས་ཤིག་འདུས་ཤིག་ཤ་ཟ་དང་། །དབུགས་ལེན་ཐམས་ཅད་རྩ་འདིར་འདུས། །ཤ་བཤུའི་རོགས་ལ་སླེབས་པར་ཤོག །ཤ་བགོས་གྲོགས་ལ་སླེབ་པར་ཤོག།ཁྱེད་རྣམས་ང་ཡི་ཕ་མ་ཡིན། །བུ་ཡི་ཤ་ཁྲག་རོལ་དུ་གསོལ། །ཁྱེད་ནི་དྲིན་ཅན་ཕ་མ་ཡིན། །དེ་རིང་བཟང་ལན་ལེན་དུ་ཤོག །སྔོན་ཆད་ལུས་སེམས་གཅེས་པར་བཟུང༌། །རྒྱུ་དེས་ད་དུང་འཁོར་བར་འཁྱམས། །སྔོན་ཆད་བྱ་དགའ་རང་གིས་ཁྱེར། །རྒྱུ་དེས་ད་དུང་ན་ཚས་བཏབ། །སྔོན་ཆད་གནོད་པ་གཞན་ལ་སྐྱེལ། །རྒྱུ་དེས་ཁུར་པོ་རི་བས་ལྕི། །སྔོན་ཆད་བྱས་པས་འགྱོད་ལུགས་ལ། །ད་ནི་ཁུར་ཁྲིག་ཟ་རི་ཤི། །སྔོན་ནི་བདག་འཛིན་བསྲུང་སྲུང་ནས། །ཁ་ཙམ་ཚིག་གིས་སྐྱབས་འགྲོ་དྲན། །ད་ནི་སྐྱབས་གསུམ་མཐུ་ཆེ་ཡང༌། །ད་ནི་བདག་འདིའི་རྒྱབ་མི་བྱེད། །ཕུང་བྱེད་འདི་ཡི་གཏིང་མ་རྫི། །གལ་ཏེ་ཐུགས་རྗེས་སྐྱབས་བྱེད་ན། །འཛིན་པ་ནང་དུ་བརླག་པར་གྱིས། །བཟུང་བ་ཕྱི་རུ་བརླག་པར་གྱིས། །ཆགས་སྡང་རང་སར་བརླག་པར་གྱིས། །ཕྱིས་ནི་སྡང་བ་མེད་པར་གྱིས། །ང་ནི་ལན་ཆགས་སྟོན་མོ་འགྱེད། །མགྲོན་རིས་སྲིད་རྩེ་མན་ཆད་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ན། །ལུས་དང་ལོངས་སྤྱོད་བྱ་དགའ་དང་། །དབུགས་དང་མདངས་དང་གཟི་བརྗིད་རྣམས། །གང་ལ་དགོས་པ་ཐམས་ཅད་འདུས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཤོག །ཐོག་མེད་དུས་ནས་གཅེས་བཟུང་བའི། །ཤ་ཁྲག་འདི་ལ་དགའ་བར་རོལ། །ལན་ཆགས་ཟོ་ལ་ཕྱིས་མ་རྙག།མགྲོན་རིས་སྟོང་ཕྲག་བརྒྱད་ཅུ་ཤོག།བྱིས་པའི་གདོན་ཆེན་བཅོ་ལྔ་ཤོག།གནོད་སྦྱིན་ཤ་ཟ་འབྱུང་པོ་ཤོག།ཕོ་བདུད་བདུད་ཀྱི་ཕོ་ཉ་ཤོག །མོ་བདུད་ལས་ཀྱི་སྲིན་མོ་ཤོག།ཕོ་བདུད་རྒྱལ་འགོང་ས་བདག་ཤོག །ཐམས་ཅད་འདིར་ཤོག་ཤ་ཁྲག་རོལ། །སྤྱི་བོ་ཚངས་པའི་བུ་ག་ནས། །རྐང་མཐིལ་སོར་མོ་ཡན་ཆད་ལ། །ཁོ་བོ་ཞེན་ཆགས་མི་བྱེད་ཀྱི། །ཐམས་ཅད་བག་ཕོབ་ཚིམ་པར་ཟ། །ཤ་ཁྱེར་ཁྲག་འཐུང་རུས་པ་མུར། །མགོ་བོ་ཡན་ལག་དོན་སྙིང་ཁྱེར། །ལྷུ་ཚིགས་ནང་ཁྲོལ་ཆུ་སེར་ཁྱེར། །མདོར་ན་ཀླད་ལྤགས་ལ་སོགས་པའི། །ལུས་འདི་ཕྱི་ནང་ཐམས་ཅད་ཀྱིས། །བཟར་ཉན་གཅད་ཉན་ཐམས་ཅད་ལ། །ཁུ་མ་ཁྲིགས་མ་བྱེད་ཚིམ་པར་རོལ། །ཞི་བར་གྱིས་ལ་བརླག་པར་གྱིས། །ཕུང་བར་གྱིས་ལ་རྩ་བ་ཆོད། །ཆོམ་ཆོམ་མྱོག་མྱོག་བདག་ལ་ཡ། །ཤ་ཁྲག་ཚལ་བ་བདག་ལ་ཡ། །རྦད་རྦད་ཐུམ་ཐུམ་བདག་ལ་ཡ། །ཧཱུྂ་ཛཿཕྱིས་འདི་མེད་པར་གྱིས། །འཁོར་བའི་འཁོར་ལོ་རྒྱུན་ལོ་ཆོད་ཅིག།ལས་ངན་ཕུང་པོ་རབས་ཆོད་ཅིག།སྔོན་ཆད་ལུས་འདི་གཅེས་པར་བཟུང༌། །ད་ནི་བདག་ཉིད་བརླག་པར་མཛོད། །མ་རུངས་བརླག་པའི་མཐུ་སྟོབས་ཅན། །ཤ་ཁྲག་རོལ་བའི་གདུག་པ་ཅན། །དབུགས་ལེན་གཤེད་པོ་ས་མ་ཡ། །ཁྱེད་གྱིས་བདག་འདི་ཆོམས་པར་གྱིས། །དུས་གསུམ་སངས་རྒྱས་རྣམས་ལས་ལྷག །ཁྱོད་ཀྱིས་བདག་འདི་མ་ཆོམས་ན། །རང་རང་ལས་ཀྱིས་བརླག་པར་འགྱུར། །ད་ནི་ཤེས་ནས་འཇིགས་པ་ཡིས། །ཚོགས་རྫོགས་འཆིང་བ་གྲོལ་བར་འདོད། །དེ་ལས་གྲོལ་བར་མ་གྱུར་ན། །འདིར་ཚོགས་གཤེད་མ་ཐམས་ཅད་ཀྱིས། །རླུང་དང་མཁྲིས་དང་བད་ཀན་དང་། །འདུས་པ་ནད་ཀྱི་ཕུང་པོ་དང་། །མི་བཟོད་སྡུག་བསྔལ་དྲག་པོ་མཐོང༌། །སྣང་ཡུལ་སྲིད་པའི་འཁོར་འདས་ན། །མི་འདོད་ཇི་སྙེད་ཡོད་པ་རྣམས། །ཐམས་ཅད་བདག་གི་སྟེང་དུ་ཐོང༌། །འགྲོ་ཀུན་ཉོན་མོངས་ལས་དང་ནི། །སྡུག་བསྔལ་སྲིད་པ་ཁེགས་པར་གྱིས། །ངེས་པར་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་རང་གི་སྙིང་ནང་དུ། །ད་ལྟ་ཉིད་དུ་སྨིན་པར་ཤོག །རྒྱུ་དེས་འགྲོ་བ་མ་ལུས་པ།ལས་ངན་རྒྱུ་འབྲས་དྲུངས་ཕྱུང་ནས། །སྤངས་རྟོགས་ཕུན་སུམ་ཚོགས་པར་ཤོག།བདག་ལ་ཡོད་པའི་དགེ་བ་རྣམས། །ཐམས་ཅད་འགྲོ་བ་ཡོངས་ལ་བསྔོ། །རྒྱུ་དེས་འགྲོ་བ་མ་ལུས་པ། །རྟོགས་པ་ཕུན་སུམ་ཚོགས་པར་ཤོག།དེ་ལྟར་འགྲོ་བ་ཐམས་ཅད་ཀྱིས། །སྤངས་རྟོགས་ཕུན་ཚོགས་ཐོབ་གྱུར་ཏེ། །བྱམས་དང་སྙིང་རྗེ་ཆེན་པོའ་དཔལ། །ཆོས་སྐུ་ཉག་གཅིག་ཐོབ་པ་ན། །དེ་ལས་བྱུང་བའི་ཚོགས་གཉིས་ཀྱིས། །བདག་ཉིད་འཁོར་བར་ག་ལ་ལུས། །གང་ཡང་བྱང་ཆུབ་མ་ཐོབ་བར། །མྱོང་གྱུར་ཉོན་མོངས་རྒྱུ་འབྲས་རྣམས། །ཚེ་འདིར་རྒྱུད་ལ་སྨིན་པར་ཤོག།ཚེ་འདིའི་ཉོན་མོངས་རྒྱུ་འབྲས་རྣམས། །ད་ལོ་ཉིད་ལ་སྨིན་པར་ཤོག།དེ་ཡང་ཟླ་བ་འདི་ལ་ཤོག །དེ་ཡང་དེ་རིང་ཉིད་ལ་ཤོག།དེ་ཡང་སྐད་ཅིག་འདི་ལ་ཤོག།དེ་རིང་གཟེར་ཐུང་ལ་སོགས་པའི། །ཟུག་ཟེར་དྲག་པོ་མྱོང་བའི་ཚེ། །ནད་འདི་འགྲོ་བ་ཡོངས་ཀྱི་ནད། །དགོས་ཁུར་ཉིད་དུ་བླངས་པ་ཡིན།ད་ནི་ཐོག་ཏུ་ཕེབས་པ་ཡིན། །གཏོང་ལེན་གནད་དུ་སོང་བ་ཡིན། །ཨ་ལ་ལ་ཧོ་ང་རེ་དགའ། །ངེས་པར་སེམས་ཅན་བདེ་སྟེ་མཆི། །སྡུག་བསྔལ་བདག་གིས་ལོན་པ་ཡིན། །ད་ན་གོ་རེ་བཅད་དོ་ཞེས། །ན་ཚ་སྐྱེས་པ་ཙམ་གྱིས་ཀྱང༌། །འོས་མེད་ན་ཚ་འདུས་པ་ཡིན། །ན་གོ་བདག་གི་ཆོད་པ་ཡིན། །ཚ་ག་བདག་གི་ཆོད་པ་ཡིན། །བཀྲེས་སྐོམ་འཁྱགས་གོ་ཆོད་པ་ཡིན། །ལུས་ལ་ན་ཚ་སྐྱེས་གྱུར་ཀྱང༌། །སེམས་ཀྱི་དགའ་བ་འཕེལ་བར་བྱ། །བློ་སྦྱོང་སེམས་དཔའི་རིམ་པ་ལས་ཟག་བཅས་དགེ་བའི་སྟོབས་བསྐྱེད་པའི་ཆོས་ཡོངས་སུ་རྫོགས་སོ།། །།

                                                                           རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།