འཆིམས་ཀྱི་བློ་སྦྱོང་ལེགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-13 20:46:17     རྩོམ་པ་པོ།   འཆིམས་ནམ་མཁའ་གྲགས་པ།    ཀློག་ཐེངས།  

untitled.bmp

 

 

                                            བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་ལ་ཕྱགའཚལ་ལོ།།གདམས་པ་འདི་ལ་དོན་གསུམ་སྟེ། དང་པོ་སྦྱོར་བ་ནི། གནས་དབེན་པར་ཚངས་སྤྱོད་མི་མཐུན་པའི་ཕྱོགས་མེད་པའི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ།སྐྱབས་འགྲོ་དང་སེམས་བསྐྱེད་བྱས་ལ་རང་གི་ལུས་ཕྲུ་མ་ཕུས་བཏབ་པ་ལྟ་བུར་བདེན་མེད་དུ་བསམ། སྙིང་འོད་དཀར་པོའི་ཕུང་པོར་བསྒོམ།དེའི་སྤྱི་བོའི་གཙུག་ཏུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་བསྒོམ། སངས་རྒྱས་ནས་ད་ལྟའི་བར་གྱི་བརྒྱུད་པ་དང་།ཆོས་འབྲེལ་ཡོད་པ་དང་། ཡི་དམ་གྱི་ལྷ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ངོ་བོ་འདི་ཡིན་སྙམ་དུ་བསམ།ཡིད་ཀྱི་ཕྱག་དང་མཆོད་པ་འབུལ། གསོལ་བ་འདེབས་པ་ནི་བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་ཐམས་ཅད་བདག་ལ་དགོངས་སུ་གསོལ།བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་བདག་གི་རྒྱུད་ལ་ཐེག་པ་ཆེན་པོའི་བློ་སྦྱོང་གི་རྟོགས་པ་ཉམས་པ་མེད་པར་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།།ང་དང་བདག་ཏུ་འཛིན་པ་ད་ལྟ་ཉིད་དུ་ཐུལ་བ་དང་། རྐྱེན་ངན་བར་ཆད་ཐམས་ཅད་ཆོས་ཀྱི་ཕྱོགས་སུ་འཁྱེར་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ།།ཞེས་ལན་གསུམ་གསོལ་བ་བཏབ། བདག་གི་བློ་འདི་ཉེས་པའི་སྐྱོན་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་ཤིང་ལེགས་པའི་ཡོན་ཏན་མ་ལུས་པ་དང་ལྡན་པའི་སངས་རྒྱས་དངོས་ཡིན་སྙམ་དུ་བསམ་ལ།བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་འགྲོ་བྱ། དེ་ནས་བླ་མ་ཚངས་བུག་ན་མར་བྱོན་ནས་སྙིང་འོད་ཀྱི་ཕུང་པོའི་ནང་དུ་ཞུགས་ནས་འདི་ཉིད་སངས་རྒྱས་དངོས་ཡིན་སྙམ་དུ་བསྒོམ་མོ།།བླ་མའི་སྐུ་གསུང་ཐུགས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ཆོས་ཉིད་འོད་གསལ་ཆེན་པོར་གྱུར་པ་དེའི་ངང་དུ་གནས་ཚད་དུ་བཞག།དེ་ལས་རྟོགས་པ་འཕྲོ་ན་བླ་མ་སྤྱི་གཙུག་ཏུ་བསྒོམ་མོ། །ཐུགས་དགོངས་ཡོངས་སུ་རྫོགས་པའི་བསྔོ་བ་བྱ། གསོལ་བ་གདབ། དེ་ལྟ་བུ་ཉིན་མཚན་ལན་དྲུག་ལ་སོགས་པ་བྱ།རང་གང་འདོད་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེའོ། །དང་པོ་སྔོན་འགྲོ་དག་ལ་བསླབ་ཅེས་པ་ནི་དེ་ལ་གསུམ་སྟེ་དལ་འབྱོར་རྙེད་པར་དཀའ་བ་ནི་དལ་འབྱོར་གྱི་ཆོས་བསམ་སྟེ་དེའི་སྙིང་པོ་བླང་བར་བྱ།ཆོས་ཀྱི་མཆོག་བློ་སྦྱོང་བ་ཡིན་པས་བསྒོམ། དལ་འབྱོར་ཐོབ་ཀྱང་གཏན་དུ་སྡོད་དབང་མེད་ལས་ཀྱི་འཕེན་པ་ཟད་ན་ནམ་འཆི་ཆ་མེད།འཆི་བའི་དུས་སུ་ཆོས་རྒྱུད་ལ་མ་སྐྱེས་པར་འགྱོད་བཞིན་དུ་ཤི་ན་དེ་ལས་འཕམ་པ་མེད་པས་བློ་སྦྱོང་དགོས་སམ། ཤི་ནས་མེད་པར་མི་འགྲོ་སྐྱེ་བ་ལེན་དགོས་ལ་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པས་དེ་སྤང་བར་བྱ།དེའི་ཆེད་དུ་བློ་སྦྱོང་བསྒོམ། རང་རྒྱུད་ལ་བསགས་པའི་སྡིག་སྒྲིབ་སྦྱངས་གཞན་ལ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་མོ།།དངོས་གཞི་ལ་གཉིས་ལས། དང་པོ་ཀུན་རྫོབ་བྱང་ཆུབ་ཀྱེ་སེམས་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱངས། །ལེན་པའི་གོ་རིམ་རང་ནས་བརྩིས་ཞེས་པ་ནི་བདག་ལ་སྐྱེ་བ་ཕྱི་མའི་ཕྱི་མ་ཕན་དང་།ཐ་ན་སང་ཕན་སྨིན་རྒྱུའི་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་ད་ལྟ་སྨིན་པར་གྱུར་ཅིག་སྙམ་དུ་བསམ། དེ་བསམ་པས་རྐྱེན་ངན་གྲོགས་སུ་འགྱུར་བའི་དགོས་པ་ཡོད།དེ་ནས་རྩ་བའི་མ་ལ་བྱམས་པ་དང་སྙིང་རྗེ་བསྒོམ་ལ་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་ཞེ་ཐག་པ་ནས་བླངས། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དང་།འཕགས་པ་གསུམ་གྱི་ཤེས་སྒྲིབ་ཐམས་ཅད་བླངས། མདོར་ན་བླ་མ་དང་སངས་རྒྱས་མ་རྟོགས་པའི་འཁོར་འདས་ཀྱི་སྐྱོན་ཐམས་ཅད་རང་གི་སྙིང་གི་ནང་དུ་བླངས།དེ་ལྟར་ཡང་ཡང་བླངས་པས་རོ་སྟོད་གཟེར་པ་ལ་སོགས་པ་བྱུང་ན་སྙིང་ཕྲུམ་བུས་པ་ལྟ་བུར་བསམ་སྟེ།དེ་ཡང་རྒྱ་ཆེར་སོང་བས་ནམ་ཁའི་མཐའ་ཁྱབ་པར་བསམ་སྟེ་མཐར་ཡང་རང་བཞིན་མེད་པའི་ངང་ལ་བཞག་གོ།དེ་སྟོང་ཉིད་བསྒོམ་པ་བདག་གི་མ་འདི་རྣམས་འཁོར་བ་སྡུག་བསྔལ་གྱི་དངོས་རྒྱུ་ལ་གནས་པས་སྙིང་རྗེ་སྡུག་བསྔལ་དངོས་རྒྱུ་མཐའ་དག་ལས་བསྒྲལ་སྟེ།བདེ་བ་སྐྱིད་པ་བླ་ན་མེད་པ་ལ་འགོད། དེའི་ཆེད་དུ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་བཏང་སྙམ་དུ་བསམ་ལ་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར།ལོངས་སྦྱོད་ལྷ་དང་མིའི་རྫས་ནམ་ཁའ་གང་བ་ཙམ་པ་དགེ་བ་དུས་གསུམ་དུ་བསགས་པ་ཐམས་ཅད་མ་རྒན་ལ་བཏང་བས་ཆོས་བྱེད་པའི་ཐུན་རྐྱེན་ཐམས་ཅད་ཚང་བ་དང་།ཚོགས་གཉིས་རྫོགས་པ་སངས་རྒྱས་པར་བསྒོམ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བསྒོམ། དེ་གཉིས་རླུང་ལ་བསྐྱོན་པར་བྱ་ཅེས་པ་ནི་དབུགས་ཕྱིར་འགྲོ་དུས་ལོངས་སྤྱོད་དགེ་བ་ཐམས་ཅད་སེམས་ཅན་ལ་བཏང་།དེ་ལྟར་བསྒོམ་པས་ཏིང་ངེ་འཛིན་ནང་དུ་འོང་ཙ་ན་རང་གཞན་གྱི་སྡུག་བསྔལ་ཀུན་འབྱུང་ལེན། དེ་ལྟར་བྱས་པས་རྒྱུད་ལ་སྐྱེ་བ་དང་བློ་སྦྱོང་སྐྱེ་བའི་དགོས་པ་ཡོད་གསུང་ངོ་།།གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། སྦྱངས་ནས་གསང་བའི་དོན་ལ་སྤྱད་ཅེས་པ་ནི་བདག་དགེ་བ་དང་། གཞན་གྱི་སྡུག་བསྔལ་བརྗེ་ནུས་པ་དང་།བློ་དམན་པ་ལ་གསང་བའི་སྟོང་ཉིད་བསྒོམ་སྟེ༑ དེ་ཡང་དངོས་པོ་ཐམས་ཅད་བཟུང་འཛིན་གཉིས་སུ་འདུས་ཏེ། བཟུང་བ་ཐམས་ཅད་བེམ་པོར་སྣང་བ་ཐམས་ཅད་རིམ་གྱིས་དཔྱད་པས།རྡུལ་ཕྲ་རབ་ཡིན་ལ། དེ་ཡང་ཕྱོགས་དྲུག་ལ་བལྟ་བའི་ཆ་དྲུག་དབུས་ཤ་སྟག་ཏུ་གྱུར་ནས་བདེན་པ་གཅིག་ཏུ་མ་གྲུབ་པས་དེ་མ་གྲུབ།དེ་དག་གི་བདེན་པ་དུ་མ་མི་གྲུབ་པས་བེམ་པོ་བདེན་པ་མེད་པར་བསྒོམ། ནང་རིག་པ་ནི་འདས་པ་འགག །མ་འོངས་པ་མ་སྐྱེས།ད་ལྟ་ཁ་དོག་མེད། དབྱིབས་མེད། གནས་མེད། དེ་ལྟར་མ་གྲུབ་ཙ་ན་བདེན་པར་མ་གྲུབ་པས་ན་ནང་རིག་པ་བདེན་པ་མེད་པར་བསམ།ཕྱི་བེམ་པོ་མ་གྲུབ་པས་བསྒོམ་བྱའི་ཡུལ་མ་གྲུབ། ནང་རིག་པ་སྣང་བ་མ་གྲུབ་པས་སྒོམ་བྱེད་ཀྱི་བློ་མ་གྲུབ། བསྒོམ་བྱ་སྒོམ་བྱེད་དང་བྲལ་བ་དེ་ལ་ཤེས་བྱ་ཟད་པ་ཞེས་ཟེར།དེའི་ངང་ལས་མ་ཡེངས་པར་གནས་པ་ལ་དེ་ཁོ་ན་ཉིད་བསྒོམ་ཞེས་གསུངས། དེ་བས་ན་ཡུལ་ཅི་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་འཛིན།ཅིར་ཡང་མི་རྟོག་བའི་ངང་ལ་ལྷོད་དེ་ཀློད་ལ་བཞག འཇུར་བུས་བཅིངས་པའི་སམས་ཉིད་ནི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད།།ཅེས་གསུངས། རྟོག་པའི་འཕྲོ་འདུ་ཐམས་ཅད་ཞི་བ་ན་ཞི་གནས་མ་རྟོག་བཞིན་དུ་གསལ་ཞིང་དྭངས་པ་གསལ་ལེ་མཚན་མར་འཛིན་པ་ནི་ལྷག་མཐོང་ཞེས་གསུངས་སོ།།དང་པོ་ཐུན་ཆུང་ལ་གྲངས་མང་པོར་བསྒོམ། བསྟན་པ་ཐོབ་ནས་ཇི་ཙམ་གནས་ཀྱི་བར་དུ་བཞག །དེ་ལས་ལྡང་བར་འདོད་ན་སེམས་ཅན་ལ་སྙིང་རྗེ་བསྒོམ་ཞིང་དགེ་བའི་རྩ་བ་བསྔོ་བར་བྱའོ།།དངོས་གཞིའི་དུས་ཀུན་རྫོབ་དོན་དམ་གཉིས་ལས། རེས་འཇོག་ཏུ་བསྒོམ། གོམས་པར་གྱུར་ནས་ཐམས་ཅད་མ་གྲུབ་ཀྱང་ཀུན་རྫོབ་སྒྱུ་མ་ཙམ་དུ་བདེན་པ་དང་ཞེན་པ་མེད་པར་གཏོང་ལེན་བསྒོམ་པར་བྱའོ།།གསུམ་པ་རྗེས་ནི། ཡུལ་གསུམ་དུག་གསུམ་ཞེས་པས་ཡུལ་གསུམ་ལ་བརྟེན་ནས་དུག་གསུམ་སྐྱེ་ཞིང་། དེ་དགེ་བའི་རྩ་བ་གསུམ་དུ་བསྒྱུར་ཏེ།མིག་གི་ཡུལ་དུ་གཟུགས་སྡུག་པ་ལ་འདོད་ཆགས་སྐྱེ་བ་དང་། སེམས་ཅན་གྱི་འདོད་ཆགས་རང་གི་སྙིང་གི་དཀྱིལ་དུ་བླངས། རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་སེམས་ཅན་ཐམས་ཅད་ལ་བཏང་བས་སེཾས་ཅན་ཐམས་ཅད་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་བསམ།མི་སྡུག་པ་ལ་ཞེ་སྡང་དང་བྲལ་ལ་གཏི་མུག་སྐྱེས་པ་ཡང་དེ་བཞིན་དུ་བསྒོམ། དེ་བཞིན་དུ་རྣ་བས་སྒྲ་དང་། སྣས་དྲི་དང་།ལྕེས་རོ་དང་། ལུས་ཀྱིས་རེག་བྱའི་བར་དུ་གསུམ་གསུམ་བྱུང་ཡང་བསྒོམ་པར་བྱའོ། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱངས། །ཅེས་པ་ནི་འགྲེང་བ་དང་།འདུག་པ་དང་། ཉལ་བ་དང་། སྤྱོད་ལམ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་ད་ལྟ་ཉིད་དུ་བདག་ལ་སྨིན་པར་གྱུར་ཅིག བདག་ཕུང་བར་གྱུར་ཅིག   བདག་དང་དངོས་པོ་མེད་པར་གཏན་བརླག་ལ་འགྲོ་བར་གྱུར་ཅིག བདག་གི་ལུས་ལོངས་སྤྱོད་དང་།དགེ་བ་ཐམས་ཅད་སེམས་ཅན་རྣམས་ལ་སྨིན་པར་གྱུར་ཅིག ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ད་ལྟ་ཉིད་དུ་འབྱུང་བར་གྱུར་ཅིག་ཅེས་དགོས་ཀྱང་སྦྱར་བར་བྱའོ།། དེ་ལྟར་སྦྱོར་བས་ངག་གི་རྗེས་སུ་ཡིད་བཞུགས་ནས་མྱུར་དུ་སྐྱེ་བའི་དགོས་པ་ཡོད་གསུངས། བློ་སྦྱོང་ཐུན་གཅིག་ཞེས་བྱ་བ་དཔལ་སྣར་ཐང་པའི་མཁན་པོ་མཆིམས་ནམ་མཁའ་གྲགས་པ་ཆེན་པོས་མཛད་པ་དགེ་ལེགས་ནམ་མཁའ་དང་མཉམ་པར་གྱུར་ཅིག།།།

                                                                                                                          

                                                         རྩོམ་སྒྲིག་པ།  སྟོབས་རྒྱལ།

                        གསལ་འདེབས། 

                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་དགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་བོར་དགོད་པར་ཞུ།

                                                དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།