བློ་སྦྱོང་ཚིག་བརྒྱད་མ་ཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-07 21:45:04     རྩོམ་པ་པོ།   གླང་རི་ཐང་པ་རྡོ་རྗེ་སེང་གེ།    ཀློག་ཐེངས།  


བདག་ནི་སེམས་ཅན་ཐམས་ཅད་ལ། །

ཡིད་བཞིན་ནོར་བུ་ལས་ལྷག་པའི། །

དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །

རྟག་ཏུ་གཅེས་པར་འཛིན་པར་ཤོག །


གང་དུ་སུ་དང་འགྲོགས་པའི་ཚེ། །

བདག་ཉིད་ཀུན་ལས་དམན་ལྟ་ཞིང༌། །

གཞན་ལ་བསམ་པ་ཐག་པ་ཡིས། །

མཆོག་ཏུ་གཅེས་པར་འཛིན་པར་ཤོག །


སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །

རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །

བདག་གཞན་མ་རུངས་བྱེད་པས་ན། །

བཙན་ཐབས་གདོང་ནས་བཟློག་པར་ཤོག །


རང་བཞིན་ངན་པའི་སེམས་ཅན་ནི། །

སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །

རིན་ཆེན་གཏེར་དང་འཕྲད་པ་བཞིན། །

རྙེད་པར་དཀའ་བས་གཅེས་འཛིན་ཤོག །


བདག་ལ་གཞན་གྱིས་ཕྲག་དོག་གིས། །

གཤེ་སྐུར་ལ་སོགས་མི་རིག་པའི། །

གྱོང་ཁ་རང་གིས་ལེན་པ་དང༌། །

རྒྱལ་ཁ་གཞན་ལ་འབུལ་བར་ཤོག །


གང་ལ་བདག་གིས་ཕན་བཏགས་པའི། །

རེ་བ་ཆེ་བ་གང་ཞིག་གིས། །

ཤིན་ཏུ་མི་རིག་གནོད་བྱེད་ནའང༌། །

བཤེས་གཉེན་དམ་པར་བལྟ་བར་ཤོག །


མདོར་ན་དངོས་དང་བརྒྱུད་པ་ཡིས། །

ཕན་བདེ་མ་རྣམས་ཀུན་ལ་འབུལ། །

མ་ཡི་གནོད་དང་སྡུག་བསྔལ་ཀུན། །

གསང་བས་བདག་ལ་ལེན་པར་ཤོག །


དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །

རྟོག་པའི་དྲི་མས་མ་སྦགས་པར། །

ཆོས་རྣམས་སྒྱུ་མར་ཤེས་པ་ཡིས། །

ཞེན་པའི་འཆིང་བ་ལས་གྲོལ་ཤོག །

  གསལ་འདེབས།

            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

                  

                        

བརྒྱུད་འགོད།