སྐྱབས་འགྲོའི་བསླབ་བྱའི་སྡོམ་ཚིག་དྲན་པའི་ཆུ་རྒྱུན་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-07-30 15:10:19     རྩོམ་པ་པོ།   འཇིགས་མེད་དཔལ་ལྡན་རྒྱ་མཚོ།    ཀློག་ཐེངས།  

དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།།སྐྱབས་སུ་སོང་བའི་བསླབ་རིམ་ལ།།བསྡུ་བ་ལས་དང་མན་ངག་གོ །དང་བོ་ལ་ནི་བརྒྱད་ཡོད་དེ།།སྐྱེས་བུ་དམ་པ་བསྟེན་པ་དང་།།དམ་པའི་ཆོས་ནི་ཉན་པ་དང་།།ཚུལ་བཞིན་ཡིད་ལ་བྱེད་པ་དང་།།ཆོས་ཀྱི་རྗེས་མཐུན་ཆོས་བསྒྲུབ་དང་།།དབང་བོ་མི་རྒོད་བྱ་བ་དང་།།བསླབ་གཞི་ཡང་དག་བླངས་པ་དང་།།སེམས་ཅན་ལ་ནི་སྙིང་བརྩེ་དང་།།དུས་སུ་དཀོན་མཆོག་མཆོད་ལ་བརྩོན།།ལྕགས་རི་འདྲ་བའི་བསླབ་བྱ་བརྒྱད།།མན་ངག་ལས་བྱུང་བསླབ་བྱ་ལ།།སོ་སོ་དང་ནི་ཐུན་མོང་ངོ་།།དང་བོ་དགག་པའི་བསླབ་བྱ་དང་།།སྒྲུབ་པའི་བསླབ་བྱ་གཉིས་ཡོད་དེ།།ལྷ་གཞན་སྐྱབས་སུ་མི་འགྲོ་དང་།།སེམས་ཅན་གནོད་འཚེ་སྤོང་བ་དང་།།མི་སྟེགས་ཅན་དང་མི་འགྲོག་གསུམ།།གཉིས་པ་ལ་ཡང་གསུམ་ཡོད་དེ།།སངས་རྒྱས་སྐུ་གཟུགས་བྲིས་པ་ལ།།མི་གུས་པ་དང་བརྙས་ཐབས་སྤངས།།སྟོན་ལྟར་བཀུར་བའི་ཞིང་བཟུང་དང་།།ཆོས་ཚིག་བཞི་བ་ཡན་ཆད་ལ།།གླེགས་བམ་གཏར་འཇུག་ལ་སོགས་པའི།།མ་གུས་སྤངས་ཏེ་ཆོས་དཀོན་མཆོག །དེ་ལྟར་གུས་པར་བྱེད་པ་དང་།།རབ་ཏུ་བྱུང་བའི་རྟགས་ཙམ་ལ།།རིས་བཅད་དགྲར་ལྟ་མི་བྱ་བར།།དགེ་འདུན་དཀོན་མཆོག་ལྟར་གུས་བྱེད།།འདི་གསུམ་སྒྲུབ་པའི་བསླབ་བྱའོ།།སོ་སོའི་བསླབ་བྱའི་དང་བོ་གསུམ།།མྱ་ངན་འདས་པའི་མདོ་ལས་བཤད།།སྐྱབས་འགྲོ་ཡན་ལག་དྲུག་པོ་ལས།།ཕྱི་མ་གསུམ་ནི་གསུངས་པའོ།།གཉིས་པ་ཐུན་མོང་བསླབ་བྱ་དྲུག།ཡོན་ཏན་དྲན་པས་སྐྱབས་སུ་འགྲོ།།བཀའ་དྲིན་དྲན་པས་མཆོད་པར་བྱེད།།བརྩེ་བས་གཞན་ཡང་སྐྱབས་འགྲོར་འགོད།།ཅི་བྱ་དཀོན་མཆོག་ཁྱེད་ཉིད་མཁྱེན།།ཕན་ཡོན་དྲན་པས་ཉིན་ལན་གསུམ།།མཚན་ལན་གསུམ་དུ་སྐྱབས་སུ་འགྲོ།།བཞད་གད་ཙམ་དང་སྲོག་ཕྱིར་ཡང་།།སྐྱབས་འགྲོ་མི་གཏོང་བསླབ་བྱ་དྲུག།བསླབ་བྱ་འདི་རྣམས་བསླབ་ནས་ནི།།རྟག་ཏུ་སྐྱབས་སུ་འགྲོ་བ་དང་།།དེའི་མཐུས་ཕན་ཡོན་བརྒྱད་ཚན་གཉིས།།ད་ལྟ་མངོན་དུ་འགྱུར་བར་ཤོག།༧ཅེས་པ་འདི་ནི་བཙུན་གཟུགས་འཇིགས་མེད་དཔལ་ལྡན་རྒྱ་མཚོས་བྲིས་པའོ།།

                    རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།