ལམ་རིམ་སྨོན་ལམ་བཞུགས་སོ། །

    སྤེལ་དུས།  2016-01-16 22:23:10     རྩོམ་པ་པོ།   རྗེ་ཙོང་ཁ་བློ་བཟང་གྲགས་པ།།    ཀློག་ཐེངས།  

        ༄༅། །དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི། །མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས། །བློ་མིག་མ་རིག་གིས་ལྡོངས་འགྲོ་བ་ཀུན། །རྣམ་འདྲེན་རྒྱལ་བའི་དབང་བོར་བདག་གྱུར་ཅིག །དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང༌། །འཇམ་པའི་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་སྟེ། །བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག །རྙེད་ནས་སྒྲུབ་པས་རྒྱལ་རྣམས་མཉེས་བྱེད་ཤོག །རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད། །ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས། །འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས། །རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག །བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་ཏེ་གསལ་བར་བྱེད་པར་ཤོག །སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས། །ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང༌། །ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང༌། །རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག །ལམ་བཟང་བསྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས། །ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ། །མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང༌། །བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

 

 

བརྒྱུད་འགོད།