མཐའ་བྲལ་སྒྲུབ་པའི་གཏེར་མཛོད་ཅེས་པ་ཁྱབ་བདག་དམ་པ་འཇམ་དབྱངས་བཞད་པའི་ རྡོ་རྗེའི་གསུང་རྒྱུན་འཁྲུལ་མེད་ བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-07-17 20:00:40     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

༄༅། །ལྷ་མིའི་འདྲེན་མཆོག་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་ཀུན་མཁྱེན་པའི་གཏེར་གྱུར་འཇམ་དཔལ་དབྱངས། །མཐའ་བྲལ་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །དབྱེར་མེད་བཀའ་དྲིན་མཉམ་མེད་ཙོང་ཁ་བ། །རྣམས་དང་ཁྱད་པར་ངག་གི་དབང་ཕྱུག་སྡེ། །བརྩོན་འགྲུས་ལྕག་གིས་སྐལ་ལྡན་བསྐུལ་ཕྱིར་དུ། །ངུར་སྨྲིག་ཚུལ་བཟུང་འཇམ་མགོན་ཐུགས་རྗེ་ཅན། །སྙིང་ནས་འདུད་དོ་འབྲལ་མེད་ཐུགས་རྗེས་ཟུངས།

དེ་ལ་འདིར་ཟབ་མོ་དབུ་མའི་ལྟ་བ་ཉམས་སུ་ལེན་པའི་ཚུལ་ལ།སྔོན་འགྲོ།དངོས་གཞི།རྗེས་ཀྱི་བྱ་བ་དང་གསུམ།དང་བོ་སྔོན་འགྲོ་བླ་མའི་རྣལ་འབྱོར་ཤེས་རབ་སེང་གེ་ནས་བརྒྱུད་པའི་ཕྱག་ལེན་ལ་ཡོད་པ་ལྟར་བསྒོམ་པར་བྱ་ལ།གཉིས་པ་དངོས་གཞི་ལ།བདག་མེད་གཉིས་ཐོས་བསམ་གྱིས་གཏན་ལ་དབབ་པ་དང་།དབབ་ནས་ཉམས་སུ་ལེན་པའི་ཚུལ་གཉིས།དང་བོ་ལ་གང་ཟག་གི་བདག་མེད་གཏན་ལ་དབབ་པ་དང་།ཆོས་ཀྱི་བདག་མེད་གཏན་ལ་དབབ་པ་གཉིས།དང་བོ་ལ་དགག་བྱ་ངེས་པའི་གནད་སོགས་བཞི་ལས།དགག་བྱ་ངེས་པའི་གནད་ནི།ཐོག་མར་ངའོ་སྙམ་པའི་བློ་དེས་བཟུང་བའི་ང་དེ་ལ་གྲུབ་མཐའ་འོག་མས་འདོད་པ་ལྟར་གྱི་རྟག་གཅིག་རང་དབང་ཅན་གྱི་བདག་གཅིག་དང་།ཕུང་བོ་དང་མཚན་ཉིད་མི་མཐུན་པའི་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་དང་།ཕུང་བོ་དང་མཚན་ཉིད་མཐུན་ཀྱང་རྗེ་ཁོལ་ལྟ་བུའི་རང་སྐྱ་ཐུབ་པའི་རྫས་ཡོད་དེ་རྫས་ཡོད་གསུམ་གྱི་འཆར་ཚུལ་བལྟ་ཞིང་།དེ་ནས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར།ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པའི་བདག་གི་འཆར་ཚུལ་ལ་བལྟ།དེ་རྗེས་གཞན་གྱིས་རང་ལ་དོན་མེད་པར་རྐུ་ཁག་བཙུག་པ་ལྟ་བུའི་ཚེ་ངས་རྐུ་སྙམ་པ་ཡིད་ཀྱི་རྒུ་ལའང་མེད་པ་ལ།ཁོས་ང་ལ་འདི་ལྟ་བུའི་སྙོན་འཛུག་པ་སྙམ་པའི་ཚེ་ང་དེའི་འཆར་ཚུལ་ལ་བལྟ་ཞིང་།དེ་ལྟར་བལྟས་པ་ན་ང་དེ་ཕུང་བོའི་ནང་དུ་ཡོད་པའི་སྣང་བ་འཆར་ན་དེ་མིན་ཏེ།ངར་འཛིན་ལྷན་སྐྱེས་ཀྱིས་ང་འཛིན་ཚུལ་ལ་ཕུང་བོ་དེ་ཕྱིའི་ཁང་བ་ལྟ་བུ།ང་དེའི་ནང་དུ་ཡོད་པའི་སྣང་བ་མི་འཆར་བའི་ཕྱིར་དང་།ང་ཆུས་ཁྱེར་བ་དང་།ཁྱིས་རྨུག་པ་ལ་སོགས་པའི་འཇིགས་སྐྲག་བྱུང་བ་ན།ང་དེ་ཕུང་བོའི་ནང་ན་ཡོད་པའི་སྣང་བ་མི་འཆར་བའི་ཕྱིར་སྙམ་དུ་བསམ།ཡང་ཕུང་བོ་དང་ཐ་དད་དུ་གྲུབ་སྙམ་ན་དེ་ཡང་མིན་ཏེ།ཕུང་བོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །ཞེས་གསུངས་པ་ལྟར།ཕུང་བོ་ལ་མ་ལྟོས་པའི་ང་མ་གྲུབ་པའི་ཕྱིར་སྙམ་དུ་བསམ།སེམས་ཁོ་ནའི་སྟེང་དུ་འདུག་སྙམ་ན་དེ་ཡང་མིན་ཏེ།སེམས་ཙམ་ལ་མི་ཞེས་པའི་ཐ་སྙད་མི་འཐད་པའི་ཕྱིར་སྙམ་དུ་བསམ།ལུས་ཁོ་ནའི་སྟེང་དུ་འདུག་སྙམ་ན་དེ་ཡང་མིན་ཏེ།ང་སྐྱེ་བ་སྔ་མ་ནས་འདིར་འོངས།འདི་ནས་ཕྱི་མར་སྐྱེ་བ་ལེན་པའི་ཕྱིར་སྙམ་དུ་བསམ།དེ་ལྟར་བཙལ་བའི་ཚེ་ང་དེ་བསྡད་ན་སྒོར་ཁྱིལ་ལེ་བ།ལང་ན་ཧྲེང་ཧྲེང་བ་དཀར་ཤམ་ལ་སོགས་པའི་རྣམ་པར་འཆར་ལ།དེ་ཡང་གདགས་གཞིའི་ཕུང་བོ་མ་རྙེད་པར་དེའི་སྟེང་གི་གདགས་ཆོས་ང་མི་རྙེད།དེའི་སྟེང་གི་གདགས་ཆོས་ང་མ་རྙེད་པར་དེའི་སྟེང་གི་དགག་བྱའི་ཁྱད་ཆོས་ཀྱི་བདག་མི་རྙེད་པའི་ཕྱིར་སྙམ་དུ་བསམ།མདོར་ན་དེ་ལྟར་ཡང་ཡང་བཙལ་བའི་ཚེ་ང་དེ་རེས་འགའ་སེམས་ཀྱི་སྟེང་དུ་ཡོད་པ་འདྲ་བ།རེས་འགའ་ལུས་ཀྱི་སྟེང་དུ་ཡོད་པ་འདྲ་བ།རེས་འགའ་ལུས་ཀྱི་སྟོད་སྨད་དང་ཕྱི་ནང་སྣ་ཚོགས་ན་ཡོད་པ་ལྟ་བུའི་སྣང་བ་འཆར་ཞིང་།དེའི་མཐར་ལུས་སེམས་འོ་ཆུ་འདྲེས་པ་བཞིན་དབྱེར་མི་ཕྱེད་པའི་ཕུང་བོ་འདི་ལ་ངའོ་སྙམ་པའི་ཕོབ་ཕོབ་པ་མིང་དང་རྟོག་པས་ཕར་བཏགས་པ་ལ་མ་ལྟོས་པར་གདོད་མ་ནས་གྲུབ་པའམ་ཚུགས་སེ་བའི་སྣང་བ་འཆར་ལ་དེ་བྱུང་ན་དགག་བྱ་ངེས་པའི་ཚད་ཡིན་ནོ། །དེ་ཡང་རང་གི་ཕུང་བོ་ལ་ང་ཞེས་བཏགས་པ་དང་།གོས་ལ་ང་ཞེས་བཏགས་པ་གཉིས་ཀ་གདགས་གཞིའི་སྟེང་ནས་ཚུར་ང་ཞེས་རྙེད་མི་རྙེད་ལ་ཁྱད་པར་མ་བྱུང་ན་དགག་བྱ་ངེས་པའི་ཚད་ཡིན་ལ།དེ་ཡང་ལུས་སེམས་གཉིས་འོ་ཆུ་འདྲེས་པ་བཞིན་དུ་དབྱེར་མི་ཕྱེད་པའི་སྟེང་དུ་ཚུགས་ཐུབ་ཀྱི་ང་དེ་ཡོད་ན་གཅིག་དང་ཐ་དད་གང་རུང་དུ་ཡོད་དགོས།གཅིག་དང་ཐ་དད་གང་རུང་དུ་མེད་ན་མེད་དགོས་པས་གཅིག་དང་ཐ་དད་གང་རུང་ལས་མ་འདས་ལ།གཅིག་ཏུ་ཡོད་ན་ཕུང་བོ་དང་གཅིག་ཏུ་ཡོད་དམ།སེམས་དང་གཅིག་ཏུ་ཡོད།ཕུང་བོ་དང་གཅིག་ཏུ་ཡོད་ན་ཕུང་བོ་ལ་ལྔ་ཡོད་པ་བཞིན་དུ།བདག་ཀྱང་ལྔར་ཐལ་བ་དང་།གཅིག་ཡིན་ན་ང་གཅིག་ཡིན་པ་བཞིན་དུ་ཕུང་བོ་ལྔ་ཡང་གཅིག་ཏུ་ཐལ་བ་དང་།ཕུང་བོ་སྐྱེ་འཇིག་བྱེད་པ་བཞིན་དུ་བདག་ཀྱང་སྐྱེ་འཇིག་བྱེད་པར་ཐལ་བ་དང་།བདག་ཐོག་མེད་ནས་མེད་པའི་གློ་བུར་བར་ཐལ་བ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར་ཕུང་བོ་དང་གཅིག་ཏུ་མ་གྲུབ་བམ་སྙམ་དུ་བསམ།སེམས་དང་གཅིག་ཏུ་གྲུབ་ན་ང་འཁྱག་པ་ལྟོགས་པ་སོགས་ཀྱི་སྣང་བ་མི་འབྱུང་བར་ཐལ་བ་དང་།ང་གཟུགས་མེད་དུ་སྐྱེས་པའི་ཚེ་ང་གྲང་བ་སོགས་འབྱུང་དགོས་པར་ཐལ་བའི་ཕྱིར་སེམས་དང་གཅིག་ཏུ་མ་གྲུབ་སྙམ་དུ་བསམ།དེ་འདྲ་བའི་ང་ཕུང་བོ་དང་ཐ་དད་དུ་གྲུབ་ན་ཚུགས་ཐུབ་ཀྱི་ཐ་དད་དུ་སོང་བས་ལྟོས་མེད་དུ་གྲུབ་དགོས་ལ།ལྟོས་མེད་དུ་གྲུབ་ན་ཕུང་བོ་ལ་གནོད་པ་བྱུང་བའི་ཚེ་ང་ལ་མི་གནོད་པ་དང་།ང་ལ་གནོད་པ་བྱུང་བའི་ཚེ་ཕུང་བོ་ལ་མི་གནོད་པ་སོགས་སུ་འགྱུར་དགོས་པ་ལ་དེ་ལྟར་མི་འགྱུར་བའི་ཕྱིར་ཐ་དད་དུ་མ་གྲུབ་སྙམ་དུ་བསམ་མོ། །དེ་ལྟར་དཔྱད་པས་སྔར་གྱི་ཚུགས་ཐུབ་ཀྱི་ང་དེ་མེད་པར་ལྷང་སེ་ངེས་ནས།དགའ་འཇིགས་ཀྱི་བློ་གང་རུང་བྱུང་ན་རིགས་ཤེས་རྗེས་དཔག་གིས་ཆོས་ཉིད་གྲུབ་ཚུལ་རྟོགས་པ་དང་དབུ་མའི་ལྟ་བ་དང་བོར་རྙེད་པ་ཞེས་བྱའོ། །གཞན་ཡང་ཕུང་བོ་ཕོབ་ཕོབ་པ་འདིའི་སྟེང་དུ་ང་ཞེས་མིང་ཕར་བཏགས་ཙམ་མ་ཡིན་པར་གྲུབ་པ་ནི་ཚུགས་ཐུབ་དང་རང་ངོས་ནས་གྲུབ་པ་དང་དགག་བྱ་ཡིན།དེ་ལྟར་གྲུབ་པ་དེ་ལྟོས་མེད་དམ་རྟེན་འབྲེལ་མ་ཡིན་པར་གྲུབ་པའི་དོན་ཡིན་སྙམ་དུ་བསམ།གཞན་ཡང་དེ་ལྟར་མ་གྲུབ་སྟེ།དེ་ལྟར་གྲུབ་ན་མི་དེའི་རྣམ་པ་ཤར་བའི་ཚེ།མི་དེའི་མིང་ཡང་འདིའོ་སྙམ་པའི་བློ་སྐྱེ་དགོས་པ་ལ་དེ་མི་སྐྱེ་བའི་ཕྱིར།དེ་ལ་བཏགས་པའམ་ལྟོས་པ་ཙམ་ཡིན་པའི་ཕྱིར་སྙམ་དུ་བསམ།དེའི་རྒྱུ་མཚན་གྱིས་དགྲ་གཉེན་འཁོར་འདས་ཕ་རི་ཚུ་རི་རིང་ཐུང་རྣམས་མིང་གིས་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་མེད་སྙམ་དུ་བསམ། ཡང་ང་ཚུགས་ཐུབ་དེ་ཕུང་བོ་དང་འོག་ནས་བཤད་པའི་གནད་བདུན་པོ་གང་རུང་དུ་མ་གྲུབ་པས་ན་མེད་དགོས་ཏེ།འཇུག་པ་ལས།ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །ཞེས་སོགས་ལྟར་བདག་དེར་ཕུང་བོ་དང་གཞན་མ་ཡིན་པ་སྟེ་གཅིག་ཡིན་ན།དེ་ཉིད་གདགས་གཞི་དང་གདགས་ཆོས་སུ་འགྱུར་བས་ཕུང་བོ་ལྔ་ཉེ་བར་ལེན་བྱ་དང་།ང་ཉེ་བར་ལེན་པ་བོ་མིན་པའི་སྐྱོན་དུ་འགྱུར་བའི་ཕྱིར་སྙམ་དུ་དགགཐ་དད་ཡིན་ན་ང་ལ་ཕུང་བོའི་མཚན་ཉིད་མི་ཚང་བས་ང་འདུས་མ་བྱས་ཀྱི་ནམ་མཁའམ།མྱང་འདས་ལྟ་བུར་འགྱུར་བའི་ཕྱིར་སྙམ་དུ་བསམ།ཕན་ཚུན་རྟེན་བརྟེན་པར་གྲུབ་ན་ཕུང་བོ་རྟེན་གཞི་དང་ང་དེ་ལ་བརྟེན་པ་ལྷས་བྱིན་རེ་ལྡེ་ལ་བརྟེན་པ་བཞིན་ང་ལ་ཕུང་བོའི་མཚན་ཉིད་མི་ཚང་བར་ཐལ་བར་འགྱུར་བའི་ཕྱིར་ཏེ།ལྷས་བྱིན་ལ་རེ་ལྡེའི་མཚན་ཉིད་མ་ཚང་བ་བཞིན་ནོ་སྙམ་དུ་དགགབདག་རྟེན་གཞི་དང་ཕུང་བོའི་ཡན་ལག་དེ་བརྟེན་པ་མཁར་གཞོང་ནང་གི་རྒྱ་ཤུག་བཞིན་སྙམ་ན་དེ་མིན་ཏེ།མིང་གིས་བཏགས་ཙམ་ལ་རྟེན་བརྟེན་པར་གྲུབ་ཀྱང་།ཚུགས་ཐུབ་ལ་མཁར་གཞོང་རྒྱ་ཤུག་གི་གདགས་གཞིར་མི་རུང་བ་བཞིན།བདག་ཀྱང་ཕུང་བོའི་གདགས་ཆོས་སུ་མི་རུང་བའི་ཕྱིར་སྙམ་དུ་དགགཕུང་བོ་དང་ལྡན་པའམ་ཡོད་པར་འཐད་སྙམ་ན་ངོ་བོ་ཐ་དད་པའི་ཚུལ་གྱིས་ལྡན་ནམ།ངོ་བོ་ཐ་མི་དད་པའི་ཚུལ་གྱིས་ལྡན།ངོ་བོ་ཐ་དད་པའི་ཚུལ་གྱིས་ལྡན་ན།ལྷས་བྱིན་བ་གླང་དང་ལྡན་པ་བཞིན་བ་གླང་གཞན་དུ་སོང་བའི་ཤུལ་དུ་ལྷས་བྱིན་འཇོག་རྒྱུ་ཡོད་པ་ལྟར་ཕུང་བོ་ལས་གཞན་དུ་བདག་འཇོག་རྒྱུ་ཡོད་དགོས་པ་ལ་མེད་པའི་ཕྱིར་སྙམ་དུ་དགགངོ་བོ་གཅིག་པའི་ཚུལ་གྱིས་ལྡན་ན་ཚུགས་ཐུབ་ཀྱི་གཅིག་ཡིན་དགོས་པས་དེ་ལྟར་ན་དབྱེར་མེད་དུ་འགྱུར་བས་ལྡན་བྱ་ལྡན་བྱེད་ཀྱི་ཐ་སྙད་མི་འཐད་སྙམ་དུ་དགགཕུང་བོ་ཚོགས་པའམ་ཁམས་དྲུག་ཚོགས་པ་བདག་ཏུ་འཇོག་སྙམ་ན་མའི་མངལ་དུ་ཕུང་བོ་ལྔ་གྲུབ་ཅིང་མིའི་རྣམ་པ་མ་དོད་པའི་ཚེ་མིར་བཞག་ཏུ་མི་རུང་བའི་ཕྱིར་ཏེ།དཔེར་ན་ལྗོན་ཤིང་གི་མྱུ་གུ་ལ་ལྗོན་ཤིང་ཞེས་མི་བརྗོད་ཅིང་ལྗོན་པའི་མྱུ་གུ་ཞེས་བརྗོད་པ་བཞིན་ཡིན་སྙམ་དུ་དགགཕུང་བོ་ཚོགས་པའི་དབྱིབས་ཁྱད་པར་བ་ལ་བདག་ཏུ་འཇོག་སྙམ་ན་དེ་མི་འཐད་དེ།དེ་ལྟ་བུའི་དབྱིབས་དེ་ཡན་ལག་རེ་རེ་བའི་དུས་ཀྱི་དབྱིབས་དེ་ལས་གཞན་དུ་མེད་པའི་ཕྱིར་སྙམ་དུ་དགགདེ་འདྲ་བའི་བདག་དེ་རྣམ་པ་བདུན་དུ་བཙལ་བས་མ་རྙེད་པ་ན་དེ་ནི་མེད་པའོ་སྙམ་དུ་བསམ།

གཉིས་པ་ཆོས་ཀྱི་བདག་མེད་གཏན་ལ་ཕབ་པ་ནི།རང་གི་ལུས་འདི་ལ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་ལུས་ཟུངས་བཅུ་དྲུག་ཤ་རུས་ཁྲག་གསུམ་ཕོབ་ཕོབ་པ་འདིའི་སྟེང་དུ་ངའི་ལུས་སོ་ཞེས་མིང་ཕར་བཏགས་པ་མ་གཏོགས་གཞི་དེའི་སྟེང་ནས་ཚུར་གྲུབ་པར་སྣང་བ་ནི་དགག་བྱ་ངེས་པ་དང་།དེ་ལྟར་གྲུབ་པ་མེད་དེ་གྲུབ་ན་དེ་དག་དང་གཅིག་དང་ཐ་དད་གང་རུང་ཡིན་དགོས་ལ་གཅིག་ཡིན་ན་ལུས་ཀྱང་སུམ་ཅུ་རྩ་དྲུག་དང་བཅུ་དྲུག་དང་།གསུམ་སོགས་སུ་ཐལ་བ་དང་།ཡང་ན་ལུས་གཅིག་ཡིན་པ་བཞིན་དུ་གདགས་གཞི་དེ་དག་ཀྱང་གཅིག་ཏུ་ཐལ་བའི་ཕྱིར་དང་།ཐ་དད་དུ་གྲུབ་ན་གདགས་གཞི་དེ་དག་རེ་རེ་ནས་བསལ་བའི་འོག་ཏུ་ལུས་འདིའོ་ཞེས་འཇོག་རྒྱུ་ཡོད་དགོས་པ་ལ་མེད་པའི་ཕྱིར་དང་།ལུས་ལ་ཤ་རུས་རྡོས་བཅས་ཀྱི་མཚན་ཉིད་མི་ཚང་བར་ཐལ་བའི་ཕྱིར་སྙམ་དུ་དགགཚོར་བ་བདེན་པར་མེད་ཚུལ་ནི།ཚོར་བ་བོ་འདིས་བྱེད་པ་འདི་ལ་བརྟེན་ནས་ཡུལ་འདི་ཚོར་ཞེས་པའི་ཚེ་ཚོར་བ་བོ་ནི་གང་ཟག་དང་།བྱེད་པ་ཚོར་བ་དངོས་དང་།ཡུལ་ཚོར་བ་ལས་སུ་བྱ་བ་ཡིན་ལ།བྱེད་པ་ཚོར་བ་ནི་ལས་དང་བྱེད་པ་བོ་ལ་ལྟོས་པའམ།མིང་གིས་བཏགས་པ་ཙམ་མ་ཡིན་པར་ཚུར་གྲུབ་ན་ཚོར་ཡུལ་དང་ཚོར་བ་བོ་ལ་མ་ལྟོས་པར་བྱེད་པ་ཁོ་ནས་མྱོང་དགོས་ལ།ཡུལ་ཚོར་བ་ལ་མ་ལྟོས་པར་བྱེད་པ་ཚོར་བ་དང་།ཡུལ་ཚོར་བ་མི་འཐད་པའི་ཕྱིར་སྙམ་དུ་དགགརིགས་པ་འདི་རེག་པ་ལ་སྦྱར་ན།རེག་པ་བོ་འདི་བྱེད་པ་འདི་ལ་བརྟེན་ནས་ཡུལ་འདི་ལ་རེག་ཅིང་བཟུང་ཞེས་པ་ཡང་རེག་པ་བདེན་པར་མེད་ཚུལ་བསམས་ལ།རྣམ་ཤེས་ལ་སྦྱར་ན་ཤེས་པ་བོ་འདི་བྱེད་པ་འདི་ལ་བརྟེན་ནས་ཡུལ་འདི་ཤེས་པ་ཡང་བྱེད་པ་ཤེས་པ་ལ་བརྟེན་པ་མིང་གིས་བཏགས་པ་ཙམ་མ་ཡིན་པར་ཚུར་གྲུབ་ན་བྱ་བྱེད་ལས་གསུམ་མི་འཐད་པའི་ཕྱིར་སྙམ་དུ་དགགགཟུགས་ཀྱི་དབང་དུ་བྱས་ན་རི་རབ་ཁང་ཁྱིམ་རྣམས་རང་གི་གདགས་གཞི་ས་རྡོ་ཤིང་སོགས་ཚོགས་པ་ལ་ཕར་མིང་གིས་བཏགས་པ་ཙམ་མ་གཏོགས་ཚུར་གྲུབ་ན་དེ་དག་དང་གཅིག་དང་ཐ་དད་གང་རུང་ཡིན་སྙམ་དགོས་ལ་དེ་ལྟར་ན་གདགས་གཞི་དུ་མ་ཡིན་པ་བཞིན་དུ་གདགས་ཆོས་རང་ཉིད་ཀྱང་དུ་མར་ཐལ་བ་དང་།ཡང་ན་གདགས་ཆོས་དེ་དག་གཅིག་ཡིན་པ་བཞིན་དུ།གདགས་གཞི་དེ་དག་ཀྱང་གཅིག་ཏུ་ཐལ་བའི་ཕྱིར་དང་།ཐ་དད་དུ་གྲུབ་ན་གདགས་གཞི་དེ་དག་རེ་རེ་ནས་བསལ་བའི་འོག་ཏུ་གདགས་ཆོས་འཇོག་རྒྱུ་ཡོད་དགོས་པ་ལ་མེད་པའི་ཕྱིར་སྙམ་དུ་དགགདཔེར་ན་ཀ་བ་ལྟ་བུ་ལ་མཚོན་ན་གདགས་གཞི་ཤིང་ཧྲེང་ཧྲེང་བོ་འདི་ལ་ཀ་བ་ཞེས་ཕར་མིང་གིས་བཏགས་པ་མ་གཏོགས་གདགས་གཞི་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་ཡོད་ན་ཤིང་འདི་ར་བ་ན་ཡལ་ག་དང་ལོ་མ་དང་ལྡན་པའི་དུས་ཀ་བའོ་སྙམ་པའི་བློ་སྐྱེ་དགོས་པ་ལ་མི་སྐྱེ་བ་དང་།ཡལ་ག་དང་ལོ་མ་བཅད་དེ་ར་བ་ན་ཡོད་པའི་ཚེ་འདི་སྡོང་དུམ་མོ་སྙམ་པའི་བློ་སྐྱེ་བ་མ་གཏོགས་ཀ་བའོ་སྙམ་པའི་བློ་དང་དོན་གང་ཡང་མེད་པའི་ཕྱིར་དང་།གདུང་འདེགས་པའི་ཚེ་ཀ་བའོ་སྙམ་པའི་བློ་སྐྱེ་ལ།གལ་ཏེ་དེས་གདུང་འདེགས་ཕྱིན་ཆད་ན་ཀ་བར་འཇོག་སྙམ་ན་དེ་ཡང་མི་རུང་སྟེ།སླར་ཡང་དེ་བཅོས་ཏེ་ཤིང་ཧྲེང་ཧྲེང་གཞན་གྱིས་ཀ་བ་བྱས་ཏེ་བཏེག་པ་ན་གདུང་ཞེས་པ་མ་གཏོགས་ཀ་བའོ་སྙམ་པའི་བློ་མི་སྐྱེ།ཡང་དེ་གདུང་གི་སྟེང་དུ་བཞག་སྟེ་ལྕམ་བྱེད་པ་ན་ལྕམ་ཞེས་པ་མ་གཏོགས་ཀ་གདུང་གང་གི་ཡང་བློ་མི་སྐྱེ་བའི་ཕྱིར་སྙམ་དུ་དགགལྡན་མིན་འདུ་བྱེད་ཀྱི་དབང་དུ་བྱས་ན་ལོ་ཞེས་པ་ཟླ་བ་དང་ཞག་རྣམས་ཚོགས་པ་ལ་ཕར་མིང་གིས་བཏགས་པ་ཙམ་མ་གཏོགས་ཚུར་གྲུབ་ན་དེ་དག་དང་གཅིག་དང་ཐ་དད་གང་རུང་ཡིན་དགོས་པས་གཅིག་ཡིན་ན་གདགས་གཞི་དུ་མ་ཡོད་པ་བཞིན་དུ་གདགས་ཆོས་ལོ་ཡང་དུ་མར་ཐལ་བ་དང་།ཡང་ན་ལོ་གཅིག་ཡིན་པ་བཞིན་དུ་གདགས་གཞི་དེ་དག་ཀྱང་གཅིག་ཏུ་ཐལ་བ་དང་ཐ་དད་དུ་གྲུབ་ན་ཞག་དང་ཟླ་བ་རྣམས་རེ་རེ་ནས་བསལ་བའི་འོག་ཏུ་ལོ་བཞག་ཏུ་ཡོད་དགོས་པ་ལ་མེད་པའི་ཕྱིར་སྙམ་དུ་དགགའདུ་མ་བྱས་ཀྱི་དབང་དུ་བྱས་ན།སྤྱིར་འདུས་མ་བྱས་འདུ་བྱས་བཀག་ཙམ་ལ་འཇོག་ལ།འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་ལ་མཚོན་ན་ཐོགས་རེག་བཀག་ཙམ་ལ་ནམ་མཁའ་ཞེས་ཕར་མིང་གིས་བཏགས་པ་ཙམ་མ་གཏོགས་ཚུར་གྲུབ་པ་མེད་དེ།དེ་གྲུབ་ན་འབྱུང་བཞིའི་ཐོགས་པ་དང་རེག་པ་བཀག་པ་ལ་མི་ལྟོས་པར་ནམ་མཁའ་འཇོག་རྒྱུ་ཡོད་དགོས་པ་ལ་དེ་མེད་པའི་ཕྱིར་སྙམ་དུ་དགགའོ་ན་ད་ལྟ་རང་ཅག་རྣམས་ལ་བཏགས་ཡོད་མིང་རྐྱང་གི་སྣང་བ་མི་འབྱུང་བ་ཅི་ཡིན་སྙམ་ན་རང་ལ་སྣང་བ་ཐམས་ཅད་དེ་ལྟར་མི་སྣང་བར་ཐམས་ཅད་ཚུགས་ཐུབ་ཏུ་སྣང་སྟེ།དཔེར་ན་ཆུ་དུག་ལངས་པ་དང་།ཆང་གིས་མྱོས་པའི་མི་ལས་གཞི་བར་སྣང་ཐམས་ཅད་འཁོར་བར་སྣང་གི་ཁོ་རང་ཇི་ལྟ་བ་བཞིན་དུ་མི་སྣང་བ་དང་ཁྱད་པར་མེད་པའོ་སྙམ་དུ་བསམས།

གཉིས་པ་ཉམས་སུ་ལེན་པའི་ཚུལ་ལ།མཉམ་གཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུང་དང་།རྗེས་ཐོབ་སྒྱུ་མ་ལྟ་བུའི་སྐྱོང་ཚུལ་གཉིས།དང་བོ་ལ།ལས་དང་བོ་བས་སྟོང་ཉིད་ལ་ཐོས་བསམ་གྱི་མྱོང་བ་འདོན་པའམ།བསམ་བྱུང་གི་ཤེས་རབ་ཀྱི་སྟེང་ནས་མཉམ་གཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་དང་།ཞི་གནས་རྗེས་མཐུན་པ་ལ་བརྟེན་ནས་ལྷག་མཐོང་རྗེས་མཐུན་པ་སྒོམ་པས་མཉམ་གཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་དང་།ཞི་གནས་དངོས་གཞི་ལ་བརྟེན་ནས་ལྷག་མཐོང་དངོས་སྒོམ་ནས་མཉམ་གཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་དང་།སྔགས་བླ་མེད་ཀྱི་བདེ་སྟོང་སྦྱར་ཏེ་སྐྱོང་ཚུལ་དང་བཞི་ལས།དང་བོ་ནི།རྣལ་འབྱོར་བ་སྔར་བཤད་པའི་རིགས་པའི་གནད་དགུའམ་བཞི་དང་གསུམ་གྱིས་དཔྱད་པའི་མཐར་སྟོང་ཆམ་གྱིས་སོང་བ་ན་ངས་སྟོང་ཉིད་རྟོགས་སྙམ་པ་དང་།ཨ་ཙི་སྙམ་པ་སོགས་གཅིག་ཀྱང་ཡིད་ལ་མི་བྱེད་པར་སྔར་གྱི་ང་ཚུགས་སེ་བུ་དེ་ཉིད་བདེན་པར་མེད་པ་ངེས་ཡུལ་དུ་བྱེད་པ་དེ་དང་།སྟོང་ཆམ་གྱིས་སོང་བའི་སྟོང་བའི་སྣང་བ་གཉིས་ཚོགས་པས་སྣང་སྟོང་གཉིས་ཚོགས་ཀྱི་སྒོ་ནས་སྐྱོང་བ་ཡིན་ལ།དེའི་ཚེ་སྔར་གྱི་འཛིན་སྟངས་དེ་ཤུགས་ཆུང་དུ་འགྲོར་བྱུང་ན་དཔྱད་པ་རྒྱས་པར་མི་བྱ་བར་རྟེན་འབྲེལ་ལྟ་བུའི་རིགས་པ་མདོར་བསྡུས་པ་གཅིག་གིས་ཅུང་ཟད་དཔྱད་ནས་ངེས་ཤེས་དེའི་ཤུགས་སོར་ཆུད་པ་ན་དེའི་སྟེང་དུ་བཞག་ལ་སྐྱོང་ངོ་། །འདི་ལ་ལས་དང་བོ་བས་སྟོང་ཉིད་ལ་ཐོས་བསམ་གྱི་མྱོང་བ་འདོན་པའམ།བསམ་བྱུང་གི་ཤེས་རབ་ཀྱི་སྟེང་ནས་མཉམ་གཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་ཞེས་བྱ་ལ།གཉིས་པ་ནི་ཞི་གནས་ཐོབ་པའི་གང་ཟག་གཅིག་གིས་སྔར་ལྟར་དཔྱད་དེ་སྒོམ་པས་ང་དེ་མེད་པར་སྟོང་ཆམ་གྱིས་སོང་བ་ན།ང་ཚུགས་སེ་བ་དེ་ཉིད་བདེན་པར་མེད་པར་འཛིན་སྟངས་ཀྱི་ཡུལ་དུ་བྱས་ཏེ་བདེན་པར་མེད་པར་ངེས་པ་དང་།སྟོང་བར་སྣང་བ་གཉིས་ཚོགས་པས་སྣང་སྟོང་གཉིས་ཚོགས་ཀྱི་སྒོ་ནས་སྐྱོང་ཞིང་།དེ་ཡང་འཇོག་སྒོམ་བྱེད་པ་ན་དཔྱད་མི་འདོད་པའི་ཚེ་དཔྱོད་པ་དང་།དཔྱད་པ་མང་བས་ཞི་གནས་ཀྱི་རྩི་ཡལ་འགྲོ་གྲབ་བྱུང་བ་ན་མཉམ་པར་འཇོག་པ་དང་།དེ་ནས་ཡང་དཔྱོད་པ་སོགས་དཔྱད་འཇོག་སྤེལ་མར་བསྒོམ་པའི་མཐུས་ཤིན་སྦྱངས་ཀྱི་བདེ་བ་ཁྱད་པར་ཅན་འདྲེན་ཐུབ་པ་ན་སེམས་གནས་དགུའི་གནས་སྐབས་ཀྱི་བསྒྲིམས་ཏེ་འཇུག་པ་དང་།ཆད་ཅིང་འཇུག་པ་དང་།ཆད་པ་མེད་པར་འཇུག་པ་དང་།ལྷུན་གྱིས་གྲུབ་པའི་ཡིད་བྱེད་བཞི་འབྱུང་བ་བཞིན་དུ་འབྱུང་ལ།འདི་ལ་ཞི་གནས་རྗེས་མཐུན་པ་ལ་བརྟེན་ནས་ལྷག་མཐོང་རྗེས་མཐུན་བསྒོམ་པས་མཉམ་གཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་དང་།གསུམ་པ་ནི།དེ་འདྲ་བའི་རྣལ་འབྱོར་བ་དེས་སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་ཐོབ་པ།ཞི་ལྷག་ཟུང་འབྲེལ་ཐོབ་པ།སྟོང་ཉིད་ལ་དམིགས་པའི་བསམ་གཏན་དང་བོའི་ཉེར་བསྡོགས་མོས་པ་ཡིད་བྱེད་ཐོབ་པ།སྦྱོར་ལམ་དྲོད་ཐོབ་པ་རྣམས་དུས་མཉམ་པ་ཡིན་ལ།དེ་འདྲ་བའི་གང་ཟག་དེས་ཡང་རྩེ་གཅིག་ཏུ་བསྒོམས་པས་རང་གི་སྣང་ངོར་གཉིས་སྣང་ཅུང་ཟད་ཞི་བས་གསལ་སྣང་ཆུང་ངུའམ་སྣང་བ་གསལ་བ་ཤར་བའི་ཚེ།སྦྱོར་ལམ་རྩེ་མོ་ཐོབ་པ་ཡིན་ནོ། །དེ་ནས་རྩེ་གཅིག་ཏུ་བསྒོམས་པས་སྟོང་ཉིད་ལ་སྐྲག་པ་རགས་པ་སོགས་ཞི་བས་བཟོད་པ་ཆུང་ངུ་ཐོབ་པ་ན་གཟུངས་བཞི་ཐོབ་ཅིང་འདི་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱི་གསུང་རབ་ཀྱི་ཚིག་དོན་རྣམས་བྱང་ སེམས་དབང་རྣོན་གྱིས་མི་བརྗེད་པ་ཐོབ་པ་དེའོ། །དེ་ནས་ཡང་རྩེ་གཅིག་ཏུ་བསྒོམས་པས་གང་ཟག་དེས་རང་གི་སྣང་ངོར་གཉིས་སྣང་ཐམས་ཅད་ཟད་པའི་སྣང་བ་བྱུང་ཡང་ཅུང་ཟད་མ་ཟད་པས།དེའི་ཚེ་སྦྱོར་ལམ་ཆོས་མཆོག་ཐོབ་པ་ཡིན་ལ།མཉམ་གཞག་དེའི་ངང་ནས་རྩེ་གཅིག་ཏུ་བསྒོམས་པས་གཉིས་སྣང་འགགས་ཏེ།ཡུལ་སྟོང་བ་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་ཆུ་ལ་ཆུ་བཞག་པ་ལྟ་བུ་དབྱེར་མི་ཕྱེད་པར་གོམས་བྱ་གོམས་བྱེད་དང་བྲལ་བའི་སྟོང་སངས་གཅིག་ཏུ་གྱུར་པའི་ཚེ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་།སྟོང་ཉིད་རྟོགས་པའི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཐོབ་པ་དུས་མཉམ་ལ།དེ་ལྟ་བུའི་མཉམ་གཞག་དེ་ལས་གཉིས་སྣང་དག་ཏུ་འགྲོ་བ་སངས་རྒྱས་ཀྱི་ས་ནའང་མེད་དེ།དེ་ཡང་མཉམ་གཞག་དེ་དག་གི་ཡིན་ཀྱང་རུང་།ངར་འཛིན་གྱི་བློ་སྔ་མ་ཞིག་ཕྱི་མ་མ་ཤར་བས་སྟོང་ཆམ་དང་།རང་གི་བློ་ངོར་ཆོས་དེ་མ་ཤར་བས་སྟོང་ཆམ་དང་ནམ་མཁའ་སྟོང་བ་ལྟ་བུའི་སྟོང་ཆམ་ལྟ་བུ་མ་ཡིན་པར།གདགས་གཞི་དེའི་སྟེང་ནས་གདགས་ཆོས་སུ་གྲུབ་པ་རྡུལ་ཙམ་མེད་པར་གཏན་ལ་ཕབ་སྟེ།རྗེས་ཐོབ་ཏུ་ལངས་ནས་བལྟས་པས་རང་གི་ཕུང་བོ་འདིའི་སྟེང་དུ་ང་སྙམ་པའི་བློ་མི་འབྱར་ཀྱང་།བཏགས་ཡོད་མིང་རྐྱང་ཙམ་དུ་ལས་རྒྱུ་འབྲས་སོགས་བྱ་བྱེད་ཐམས་ཅད་འཐད་པ་ཡིན་ནོ།

གཉིས་པ་རྗེས་ཐོབ་སྒྱུ་མ་ལྟ་བུའི་བསྒོམ་ཚུལ་ལ།དོན་དམ་སྒྱུ་མ་ལྟ་བུའི་བསྒོམ་ཚུལ་དང་།ཀུན་རྫོབ་སྒྱུ་མ་ལྟ་བུའི་བསྒོམ་ཚུལ་གཉིས་ལས།དང་བོ་ནི་སྒྱུ་མའི་རྟ་གླང་སེང་གེ་སོགས་དེར་སྣང་ཡང་རྟ་གླང་སོགས་དངོས་གནས་པར་མེད་པ་བཞིན་ཡུལ་འདི་ཡང་རང་ངོས་ནས་གྲུབ་པར་ཤར་ན་དེ་ལྟར་གྲུབ་པ་མེད་སྙམ་དུ་བསྒོམས།རྫུན་པ་སྒྱུ་མ་ལྟ་བུ་ནི།སྒྱུ་མའི་རྟ་གླང་སེང་གེ་སོགས་དངོས་སུ་གླང་བོ་དང་སེང་གེ་དང་སྟག་ལ་སོགས་པ་ལྟ་བུས་སྟོང་ཡང་།ཐ་སྙད་དུ་ཕམ་རྒྱལ་ལ་མངོན་སུམ་གྱིས་བསྙོན་པར་མི་ནུས་པ་དང་།མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་དེ་བྱད་བཞིན་དངོས་མིན་ཡང་།ཐ་སྙད་དུ་བྱད་བཞིན་དུ་སྣང་བ་བཞིན་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་ཀྱང་ཐ་སྙད་དུ་ལས་དགེ་བ་བྱས་པ་ལས་འབྲས་སུ་བདེ་བ་འབྱུང་བ་དང་།ལས་མི་དགེ་བ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་སོགས་ནམ་ཡང་བསླུ་བ་མེད་སྙམ་དུ་བསྒོམས།འོ་ན་དེ་ལྟར་མིང་གིས་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་མེད་ན།སྒྱུ་མའི་རྟ་དང་སྤྱིར་བཏང་གི་རྟ་གཉིས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ་སྙམ་པ་ནི།ཟླ་བ་གྲགས་པའི་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ།དབུ་མ་བ་རང་ལུགས་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་ངོར་དེ་གཉིས་ལ་བདེན་རྫུན་གྱི་ཁྱད་པར་མེད་ཀྱང་ཐ་སྙད་དུ་དཔལ་ལྡན་ཟླ་བ་གྲགས་པས་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཀུན་རྫོབ་ལ་ཡང་ལོག་གཉིས་སུ་བཞག་པའི་ཕྱིར།འཇིག་རྟེན་པའི་ཐ་སྙད་ཙམ་ལ་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་འཐད་པ་ཡིན་ཏེ།ཤ་ཁོག་གི་གཟུག་བཞི་དེའི་ཚོགས་ཙམ་དང་།དབྱིབས་གང་ཡང་ཤ་ཁོག་མིན་ཀྱང་མ་བརྟགས་མ་དཔྱད་པའི་ཚེ་ཐ་སྙད་དུ་ཤ་ཁོག་ཏུ་འཇོག་པའི་ཕྱིར།དཔེར་ན་པི་ཝང་གི་སྒྲ་དེ་ལག་པ་དང་ཤིང་བུ་དང་པགས་པ་དང་རྒྱུད་རེ་རེ་ལ་མི་གནས་ཀྱང་དེ་ཐམས་ཅད་ཚོགས་པ་ལ་བརྟེན་ནས་འཇོག་པ་བཞིན་དུ་ཀ་བ་དང་གཞན་ཡང་ཁང་བ་ལ་སོགས་པ་ལ་དེ་བཞིན་དུ་ཤེས་པར་བྱ་ལ།འཇིག་རྟེན་པའི་ཐ་སྙད་གནོད་མེད་ཐམས་ཅད་ཐ་ སྙད་དུ་ཁས་ལེན་ཀྱང་།འཇིག་རྟེན་གྱི་ཐ་སྙད་དུ་བཞག་ཚད་ཁས་མི་ལེན་ཏེ།དཔེར་ན་ཁ་སང་གི་རི་དང་དེ་རིང་གི་རི་གཉིས་གཅིག་དང་།སྐྱེ་བ་སྔ་མའི་བདག་དང་འདིའི་བདག་གཉིས་གཅིག་དང་།རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་འཇིག་རྟེན་པས་ཐ་སྙད་བྱེད་ཀྱང་ཁས་ལེན་མི་རུང་བར་ལམ་རིམ་ནས་གསུངས་པའི་ཕྱིར།འདིས་འབྲོག་པ་སངས་རྒྱས་ཡིན་ཞེས་བཤད་པའི་དོགས་པ་ཡང་སེལ་ཏེ།དེ་ལ་སངས་རྒྱས་དང་འདྲ་ཆོས་མཚུངས་པས་སངས་རྒྱས་སུ་བཏགས་པའམ་ཡང་ན་མ་ཤེས་པར་སྙིང་ཐག་པ་ནས་སངས་རྒྱས་ཞེས་བཏགས་ཀྱང་སངས་རྒྱས་ཡིན་ཞེས་ཐ་སྙད་མི་འཐད་པའི་ཕྱིར་སྙམ་དུ་བསམ།གཞན་ཡང་སྒྱུ་མའི་རྟ་དང་རྨི་ལམ་གྱི་རྟ་དང་སྤྱིར་བཏང་གི་རྟ་ལ་བདེན་རྫུན་གྱི་ཁྱད་པར་ཅུང་ཟད་ཀྱང་མེད་དེ།སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་སྐབས་སུ་དེ་དག་བསད་པ་ལ་སྡིག་ལྟུང་འབྱུང་མི་འབྱུང་དྲིས་པ་ན།རྨི་ལམ་དུ་བཅས་པ་མཛད་མ་མཛད་ཙམ་མ་གཏོགས་བདེན་རྫུན་གྱི་ལན་མ་བཏབ་པའི་ཕྱིར་སྙམ་ན།རྣམ་བཤད་སྙིང་བོ་རྒྱན་ལྟར་དུས་གསུམ་གྱི་སངས་རྒྱས་འབྱུང་བ་ལ་དགོས་པ་ཡོད་པ་ལ་དགོངས་པ་ཡིན་གྱི་རྗེ་བཙུན་གྱིས་ལན་མ་ཐེབས་པ་ཡང་མིན་ཏེ།སྤྱོད་འཇུག་ལས།སྤྱིར་བཏང་གི་མི་རྣམ་ཤེས་དང་ལྡན་པས་བསད་པ་ལ་སྡིག་པ་འབྱུང་།སྒྱུ་མའི་མི་དེ་རྣམ་ཤེས་དང་མི་ལྡན་པས་བསད་པ་ལ་སྡིག་པ་མི་འབྱུང་བར་གསུངས་པའི་ཕྱིར།དེ་གཉིས་ལ་རྣམ་ཤེས་ཡོད་མེད་ཀྱི་ཁྱད་པར་ཡོད་དེ།སྒྱུ་མའི་སྔགས་རྫས་སོགས་ཀྱིས་རྣམ་ཤེས་སྐྱེད་མི་ནུས་ལ།ལས་ཉོན་གྱིས་རྣམ་ཤེས་སྐྱེད་ནུས་པའི་ཕྱིར་རོ། །སྤྱིར་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ན་སངས་རྒྱས་ཡིན་མི་དགོས་ཀྱང་སངས་རྒྱས་རང་ཉིད་འབྱུང་བཞིའམ་ཆུ་ལ་སོགས་པར་སྤྲུལ་པ་ན་དེས་ཆུའི་དོན་བྱེད་ནུས་པ་ལ་ཐེ་ཚོམ་མེད་ཅིང་།ལོངས་སྤྱོད་པ་བོ་རྣམས་ཀྱིས་ཀྱང་ཆུར་འདུ་ཤེས་ཏེ་ལོངས་སྤྱོད་པ་ན་འཇིག་རྟེན་པའི་ཐ་སྙད་པའི་ཚད་མས་གནོད་པ་མེད་དམ་སྙམ་ན་འབྱུང་བཞི་རྡུལ་དུ་གྲུབ་པའི་བེམ་པོ་དང་།སངས་འཕགས་ཀྱི་གཞི་མཐུན་ཡོད་པར་འདོད་དགོས་ལ།དེ་ལྟར་ན་སངས་རྒྱས་ཀྱི་ས་ན་བེམ་པོ་ཡོད་པར་འདོད་དགོས་པས།ཐེག་ཆེན་གྱི་མདོ་སྔགས་ཐམས་ཅད་དང་འགལ་ཏེ་སེམས་ཙམ་པ་མ་གཏོགས་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་འབྱུང་བཞི་རྡུལ་དུ་གྲུབ་པར་འདོད་པའི་ཕྱིར་ཏེ།དེ་ལ་སངས་རྒྱས་ཀྱིས་དེར་སྤྲུལ་པར་ཤེས་པའི་ཐ་སྙད་པའི་ཚད་མ་འཕགས་པའི་རྗེས་ཐོབ་ཡེ་ཤེས་ཀྱིས་གནོད་པའི་ཕྱིར།སངས་རྒྱས་ཀྱི་ས་ན་དེ་ལྟར་ཡིན་ཀྱང་ད་དུང་ཐག་པ་ལྟ་བུའི་དམྱལ་བ་དང་།རྡོ་ཁོག་ལྟ་བུའི་དམྱལ་བ་དང་།ལྗོན་ཤིང་ལྟ་བུའི་དམྱལ་བ་བ་རྣམས་ལ་ཐགས་ལ་སོགས་པའི་རྣམ་པར་སྣང་ཞིང་འཇིག་རྟེན་དུ་ཡང་ཐ་སྙད་དེ་ལྟར་བརྗོད་ལ།དེས་ན་དེ་དག་དང་བེམ་པོའི་གཞི་མཐུན་ཡོད་པ་ལ་འགལ་བ་མེད་པས་དེ་ལ་འཇིག་རྟེན་པའི་ཐ་སྙད་པའི་ཚད་མས་མི་གནོད་སྙམ་ན་གནོད་དེ།དེ་ལ་འཇིག་རྟེན་པའི་སྣོད་བཅུད་གཉིས་སུ་འབྱེད་པའི་ཚད་མས་གནོད་པའི་ཕྱིར་ཏེ།འཇིག་རྟེན་ན་ཤིང་ལ་སོགས་པ་ནི་སྣོད་དུ་འདུས་ལ་དེ་རྣམས་བཅུད་ཡིན་པའི་ཕྱིར།དེས་མཚོན་ནས་ཉེ་བར་བླང་བྱ་དང་།ཉེ་བར་ལེན་པ་བོ་དང་ཡན་ལག་དང་ཡན་ལག་ཅན་གཞན་རྣམས་ཀྱང་གདགས་གཞི།གདགས་ཆོས་མ་ཡིན་པ་ལ་གནོད་པ་ཡོད་ཚུལ་དུ་མ་ཤེས་པར་བྱའོ།

མཚམས་སྦྱོར་གནང་མཁན་དང་གློག་རྡུལ་ཡི་གེ་གནང་མཁན་ཤྰཀྱའི་དགེ་ཕྲུག

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།