དབུ་མའི་ཐལ་བཟློག་གི་བརྗེད་བྱང་ཚིགས་བཅད་མའི་འགྲེལ་བ་རང་རྒྱུད་བརྗེད་ངེས་གཉེན་པོ་དྲན་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-04-11 20:38:41     རྩོམ་པ་པོ།   འཇམ་དབྱངས་དཔལ་ལྡན།    ཀློག་ཐེངས།  

༄༅།། གང་ཞིག་གདུལ་དཀའི་འགྲོ་ལ་ཉེར་དགོངས་མི་ཞུམ་སྙིང་སྟོབས་གོ་བསྒོས་ཤིང་།།

རབ་འབྱམས་རྒྱལ་དང་རྒྱལ་སྲས་ཀུན་གྱིས་པད་དཀར་ལྟར་བསྔགས་འདྲེན་པའི་མཆོག།

ཟབ་མོ་རྟེན་འབྱུང་རང་དབང་འཆད་མཁས་ཟླ་མེད་སྟོན་པ་ཐུབ་པའི་དབང་།།

བདག་བློ་སྦྱང་ཕྱིར་གུས་པས་རྟག་འདུད་བདག་གཙུག་ཡིད་བཞིན་ནོར་གྱུར་ཅིག།

རིང་ནས་དག་ཅིང་ས་བཅུའི་ཚུལ་བཟུང་ཟབ་རྒྱས་བཀའ་བབ་རྣམ་གཉིས་དང་།།

ཉན་ཐོས་ཚུལ་བསྟན་གཏད་རབས་བདུན་དང་པཎ་གྲུབ་བཅུ་བདུན་ལ་སོགས་པ།།

འཇིག་རྟེན་མིག་གྱུར་བ་ཚབ་ལ་སོགས་རྒྱ་བོད་ལོ་པཎ་གསེར་རིའི་ཕྲེང་།།

བསམ་ཞིང་བསམ་ནས་ཡི་རང་བགྱིད་དོ་ཤེས་བྱར་བློ་མིག་བྱིན་ཆེན་སྩོལ།།

མཁས་ལས་ཆེས་མཁས་དམ་པ་མང་བོའི་གསུང་གི་སྤྱོད་ཡུལ་མ་གྱུར་ཅིང་།།

གདོད་ནས་དག་ཅིང་སྤྲོས་པ་ཀུན་བྲལ་ཟབ་མོའི་དེ་ཉིད་འབྱེད་པ་ལ།།

ལུང་དང་རིགས་པས་ཇི་བཞིན་སྟོན་མཛད་རྒྱལ་བ་གཉིས་པ་ཙོང་ཁ་བ།།

ཡབ་སྲས་བརྒྱུད་པ་དང་བཅས་ཁྱད་པར་བཞད་པའི་རྡོ་རྗེར་གུས་པས་འདུད།།

གང་ཞིག་བསྟེན་ན་ཉེས་ཀུན་ལས་བཟློག་ཅིང་།།

རེ་བའི་དོན་འབྲས་ཡོངས་སུ་སྐོང་མཛད་པའི།།

ས་གསུམ་འགྲན་བྲལ་སྐྱབས་ཀྱི་དམ་པ་མཆོག།

མཚུངས་མེད་དགེ་བའི་བཤེས་རྣམས་གཙུག་གིས་མཆོད།།

དབུ་མ་རྩ་བས་བདག་སྐྱེས་འགོག་ལས་འཕྲོས།།

སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བཀོད་པ་ལ།།

ལེགས་ལྡན་སྐྱོན་བཟུང་ཟླ་བས་དེ་བཀག་པའི།།

ཐལ་བཟློག་སྡོམ་འགྲེལ་བརྗེད་བྱང་རྟེན་དུ་བྲི།།

དེ་ཡང་མདོ་སྔགས་རིག་གནས་ཀུན་ལ་བློ་གྲོས་མཁའ་ལྟར་ཡངས་པའི་དངོས་དོན་གྱི་མཁས་པའི་དབང་བོ་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་དབུ་མའི་ཐལ་བཟློག་གི་བརྗེད་བྱང་ཚིགས་བཅད་མར་ཚིག་འགྲེལ་རགས་ཙམ་བགྱིད་པ་ལ།

ཀླད་ཀྱི་དོན་དང་། འཆད་བྱ་གཞུང་དངོས་བཤད་པ་དང་། མཇུག་གི་དོན་གསུམ། དང་བོ་ལ་གཉིས། མཚན་གྱི་དོན་དང་། ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་པའོ།།   དང་བོ་ནི།

རྩ་བར།     དབུ་མའི་ཐལ་བཟློག་གི་བརྗེད་བྱང་ཚིགས་བཅད་མ་བཞུགས་སོ།།       ཞེས་བྱུང་།   རྟག་ཆད་སོགས་མཐའ་ཀུན་དང་བྲལ་བའི་དབུས་སམ་དབུ་ལ་གནས་པས་ན་དབུ་མའོ།། དབུ་མ་ཞེས་པའི་ཐ་སྙད་དབུ་མའི་གཞུང་དང་། དབུ་མའི་གྲུབ་མཐའ། དབུ་མའི་གྲུབ་མཐའ་སྨྲ་བ་གསུམ་ག་ལ་འཇུག་ཀྱང་དབུ་མ་ཞེས་པ་བརྗོད་བྱ་དོན་གྱི་དབུ་མ་སྟེ་སྟོང་ཉིད་དོ།། ཤེས་རབ་སྒྲོན་མེའི་རྒྱ་ཆེར་འགྲེལ་ཏེ་སྡེ་བསྟན་དབུ་མ་ཝ་བའི་༨ན༣ལས་དབུ་མའི་དོན་འབྱུང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཐའ་བཞིའི་སྐྱེ་བ་འགོག་པའི་རིགས་པ་དུ་མ་གསུངས་པ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རིགས་པ་དེ་དག་མི་འཐད་པའི་ཐལ་བ་མང་དུ་བཏང་ཞིང་། དེ་སློབ་དཔོན་ཟླ་གྲགས་ཀྱིས་སངས་རྒྱས་བསྐྱངས་ལ་མི་འཇུག་པར་བསྒྲུབས་ཤིང་བཟློག་པས་ན་ཐལ་བཟློག། ཅེས་བྱ།   རང་གིས་གང་ཐོས་པའི་དོན་དེ་མི་བརྗེད་པའི་རྟེན་དུ་བཀོད་པས་ན་བརྗེད་བྱང་། ཤོ་ལོ་གཅིག་གི་རྗོད་བྱེད་ཚིག་གི་ཚེག་བར་དོ་མཉམ་པས་ན་ཚིགས་བཅད། དེ་ལྟ་བུའི་དྲན་རྟེན་གནས་པའམ་འཆད་པས་ནས་བཞུགས་སོ།། ཞེས་པའོ།།    འཕྲོས་དོན། ཐལ་བཟློག་ནི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་དང་བོ་རྐྱེན་བརྟག་པ་ལས། བདག་ལས་མ་ཡིན་གཞན་ལས་མིན།། གཉིས་ལས་མ་ཡིན་རྒྱུ་མེད་མིན།། དངོས་པོ་གང་དང་གང་ལ་ཡང་།། སྐྱེ་བ་ནམ་ཡང་ཡོད་མ་ཡིན།། ཞེས་མཐའ་བཞིའི་སྐྱེ་མེད་ཀྱི་དམ་བཅའ་བསྟན་པ་ལས་འཕྲོས་པའོ།། དབུ་མ་ཐལ་རང་གང་རུང་ཡིན་ན་དབུ་མ་བ་ཡིན་པས་ཁྱབ་པའི་ཕྱིར་ཏེ། ཐལ་འགྱུར་བ་གྲགས་ཤིང་གྲུབ་ལ། རང་རྒྱུད་པ་ནི། ལེགས་བཤད་སྙིང་བོ་ལས། མཁས་པ་དེ་དག་ཀྱང་ཆོས་བདེན་པར་ཡོད་པའི་གྲུབ་མཐའ་རིགས་པའི་སྒོ་དུ་མས་འགོག་ཅིང་བདེན་མེད་ལེགས་པར་ཞལ་གྱིས་བཞེས་པས་དབུ་མ་བ་ནི་ཡིན་ནོ།། དབུ་མ་བ་ཡིན་ན་རང་རྒྱུད་བྱ་མི་རིགས་པར་གསུངས་པ་དང་མི་འགལ་ཏེ་བཅས་ལྡན་གྱི་དགེ་སློང་གིས་བཅས་པ་དང་འགལ་བར་མི་རིགས་ཀྱང་དེ་དང་འགལ་བ་ཙམ་གྱིས་དགེ་སློང་མིན་མི་དགོས་པ་བཞིན་ནོ།། ཞེས་དང་། ཀུན་མཁྱེན་བླ་མའི་གྲུབ་རྩ་ལས། དབུ་མར་འདོད་མཚུངས་གཉིས་ཀ་དབུ་མ་བ།། ཞེས་གསུངས་པའི་ཕྱིར།  འདོད་ན། དབུ་མར་མི་རུང་སྟེ། རྟག་ཆད་ཀྱི་མཐར་ལྟུང་བའི་ཕྱིར། རྟགས་ཁྱབ་གྲུབ་སྟེ། གྲུབ་མཐའ་རིན་ཕྲེང་ལས། རང་རྒྱུད་པ་མན་ཆད་ཐལ་འགྱུར་བས་གཞལ་ན་རྟག་ཆད་ཀྱི་མཐའ་གཉིས་ཀར་ལྟུང་བའི་ཕྱིར། ཞེས་དང་། གྲུབ་མཐའ་ཆེན་མོ་ལས། དབུ་མར་མི་རུང་སྟེ། མཐའ་ལྟུང་བའི་ཕྱིར་རོ།། ཞེས་སོགས་ཀྱིས་དཔྱད།      ཀུན་མཁྱེན་བླ་མའི་དབུ་མའི་མཐའ་དཔྱོད་དུའང་འདི་སྐོར་རྒྱས་པས་དེར་གཟིགས།       གཉིས་པ་ནི།  རྩ་བར། བླ་མ་མགོན་པོ་འཇམ་དཔལ་ལ།།

སྒོ་གསུམ་གུས་པའི་ཕྱག་འཚལ་ལོ།།

ཞེས་བྱུང་། ཐུགས་རྒྱུད་ཡོན་ཏན་གྱིས་ལྕི་བའམ་མཐོ་ཞིང་འདི་ཕྱིའི་ལེགས་ཚོགས་ཀུན་ཀྱི་རྩ་བར་གྱུར་བས་ན་བླ་མ་དང་། སྲིད་ཞིའི་འཇིགས་པ་ཀུན་ལས་སྐྱོབ་པས་ན་མགོན་པོ། འཇམ་དཔལ་དབྱངས་ཏེ་ཐུགས་རྒྱུད་ཉོན་མོངས་པའི་རྩུབ་རེག་དང་བྲལ་པས་ན་འཇམ་ཞིང་། མཚན་དཔེ་གཟི་དཔལ་རྫོགས་པས་སམ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་དཔལ་མངའ་བས་ན་དཔལ་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་ན་དབྱངས་ཏེ། དོན་ནི་རང་གི་བླ་མ་དང་མགོན་པོ་འཇམ་པའི་དབྱངས་ངོ་བོ་དབྱེར་མེད་དུ་བྱས་ནས་སྡེ་སྣོད་ངོས་འཛིན་དང་བསྟུན་པའམ་དབུ་མའི་ལྟ་བ་རྟོགས་པར་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟེན་ན་རྟོགས་པ་མྱུར་བའི་རྒྱུ་མཚན་ལ་གཟིགས་ནས་སྒོ་གསུམ་སྟེ་ལུས་ངག་ཡིད་གསུམ་གུས་ཞབས་དང་ལྡན་པའི་སྒོ་ནས་ཕྱག་འཚལ་ལོ།། ལ་ནི་དགོས་ཆེད་ཀྱི་བཞི་བ་སྟེ། ལེགས་སྦྱར་གྱི་གཞུང་ལས། ཕྱག་འཚལ་ལ་ནི་བཞི་བའོ།། ཞེས་དང་། འཇམ་མགོན་བླ་མའི་ལེགས་བཤད་གསེར་ཕྲེང་ལས། ཤིང་གི་ཆེད་དུ་ཆུ་འདྲེན་པ་ལ་ཤིང་ལ་ཆུ་འདྲེན་ཞེས་པ་ལྟར། ཤེར་ཕྱིན་གྱི་ཆེད་དུ་ཕྱག་འཚལ་བ་ལ་དེ་ལ་ཕྱག་འཚལ་ཞེས་པ་ནི་དགོས་ཆེད་ཀྱི་བཞི་བའོ།། ཞེས་སོགས་ཀྱིས་གྲུབ།  

གཉིས་པ་འཆད་བྱ་གཞུང་དངོས་བཤད་པ་ལ་གཉིས། མཐའ་བཞིའི་སྐྱེ་བ་དགག་པ་དང་། དེ་དག་གི་དོན་བསྡུ་བའོ།། དང་བོ་ལ་བཞི། གྲངས་ཅན་པས་འདོད་པའི་བདག་སྐྱེ་དགག་པ་དང་། ཐལ་འགྱུར་བ་མན་ཆད་ཀྱིས་འདོད་པའི་གཞན་སྐྱེ་དགག་པ་དང་། གཅེར་བུ་བས་འདོད་པའི་གཉིས་ཀ་ལས་སྐྱེ་བ་དགག་པ་དང་། རྒྱང་འཕེན་པས་འདོད་པའི་རྒྱུ་མེད་ལས་སྐྱེ་བ་དགག་པའོ།། དང་བོ་ལ། བདག་སྐྱེ་འདོད་པའི་ལུགས་བརྗོད་པ་དང་། དེ་སློབ་དཔོན་སངས་བསྐྱངས་ཀྱིས་དགག་པའི་ཚུལ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དེ་ལ་སྐྱོན་བརྗོད་ཚུལ་དང་། སློབ་དཔོན་སངས་རྒྱས་བསྐྱངས་ལ་སྐྱོན་མི་འཇུག་ཚུལ་སློབ་དཔོན་ཟླ་བས་བཤད་པ་དང་། དེ་དག་གི་དོན་བསྡུ་བ་དང་ལྔ།        དང་བོ་ནི།

རྩ་བར། གྲངས་ཅན་བདག་སྐྱེ་འདོད་ཚུལ་ནི།།

དངོས་པོ་ཐམས་ཅད་རང་རྒྱུའི་དུས།།

རྒྱུ་ཡི་རང་བཞིན་མི་གསལ་བར།།

ཡོད་པ་དེ་ཉིད་རྐྱེན་སོགས་ཀྱིས།།

གསལ་བར་བྱས་ལ་སྐྱེ་ཞེས་བཏགས།།

གསལ་ཟིན་སླར་ཡང་མི་སྐྱེ་ཟེར།།

 ཞེས་བྱུང་། ཤེས་པར་བྱ་བ་འདི་ཀུན་གཞི་ཉེར་ལྔར་གྲངས་ངེས་པར་འདོད་པས་སམ་གྲངས་ཀྱིས་འཇུག་པའམ་གྲངས་ཡོངས་སུ་ཤེས་པས་ན་གྲགས་ཅན་ཏེ། དབང་ཕྱུག་ཆེན་པོ་སྟོན་པར་འཛིན་པའི་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་ཞིག་གོ། འདིས་བདག་སྐྱེ་འདོད་པའི་ཚུལ་ནི་ཇི་ལྟ་བུ་ཞེ་ན། དངོས་པོ་ཐམས་ཅད་རང་གི་རྒྱུའི་དུས་སུ་རྒྱུ་ཡི་རང་བཞིན་ནམ་ངོ་བོར་མངོན་པར་མི་གསལ་བར་ཡོད་པ་དེ་ཉིད་དེ་དེ་ནི། ཕྱིའི་རྐྱེན་སོགས་ཀྱིས་གསལ་བར་བྱས་པ་ལ་གྲངས་ཅན་པས་སྐྱེས་ཞེས་བཏགས་ལ། དཔེར་ན་ཞོ་ལྟ་བུ་འོ་མའི་དུས་སུ་འོ་མའི་ངོ་བོར་ཡོད་པ་དེ་ཉིད་ཕྱིས་སུ་རྐྱེན་གྱིས་ཞོར་འགྱུར་བ་ལྟ་བུ་ཡིན་ཞིང་། འོ་མའི་དུས་སུ་ཞོ་མེད་ན་ཆུ་ལས་ཀྱང་ཞོ་འབྱུང་བར་ཐལ་བ་དང་། རྒྱུ་དུས་སུ་མེད་པ་སྐྱེ་ན་རི་བོང་གི་རྭ་ཡང་སྐྱེ་བར་འགྱུར་བར་ཐལ་སྐད་ཟེར། འབྲས་དུས་སུ་གསལ་ཟིན་པ་དེ་ཉིད་སླར་ཡང་མི་སྐྱེ་ཟེར་ཞིང་མི་སྐྱེ་བར་འདོད་དེ། རྩ་ཤེས་རྣམ་བཤད་ལས། གྲངས་ཅན་གྱིས་མིག་ལ་སོགས་པ་ནང་དང་མྱུ་གུ་ལ་སོགས་པ་ཕྱིའི་དངོས་པོ་རྣམས་རྒྱུ་དུས་ན་མེད་པ་སྐྱེ་བ་མི་འཐད་པར་མཐོང་ནས། མེར་མེར་བོ་དང་ས་བོན་ལ་སོགས་པའི་རྒྱུའི་བདག་ཉིད་དུ་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་པ་རྣམས་དེ་དག་ལས་སྐྱེ་བར་འདོད་ཅིང་གསལ་ཟིན་ནས་ནི་སྐྱེ་བར་མི་འདོད་དོ།། ཞེས་གསུངས་པའི་ཕྱིར་རོ།།  ཀུན་མཁྱེན་བླ་མའི་གྲུབ་མཐའ་ཆེན་མོ་ལས། སྐྱེ་བའི་ཚུལ།། སྔར་ཡོད་གསལ་འགྱུར། ཞེས་པ་གྲངས་ཅན་ལུགས་གཉིས་ཀའི་སྐྱེ་བའི་ཚུལ། འབྲས་བུ་སྔར་ཡོད་དང་། རྒྱུ་དང་ངོ་བོ་གཅིག་པ་ཞིག་སྔར་མི་གསལ་བ་གསལ་བར་བྱུང་བར་གྲངས་ཅན་ཁ་ཅིག་འདོད་ལ། ལ་ལ་ཞོ་ལྟ་བུ་འོ་མའི་དུས་སུ་འོ་མའི་ངོ་བོར་གནས་པ་རྐྱེན་གྱིས་ཞོར་འགྱུར་བ་ལྟ་བུའི་རྣམ་པར་འགྱུར་བར་འདོད་པའི་ལུགས་གཉིས་ཡོད་པའི་ཕྱིར། ཞེས་གསུངས།  འཕྲོས་དོན། འདུས་བྱས་རྣམས་རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེ་བར་འདོད་པའི་གང་ཟག་ཡིན་ན་བདག་སྐྱེ་ཁས་ལེན་པས་ཁྱབ་པའི་ཕྱིར་ཏེ། རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེ་བ་དེ་མཐའ་བཟུང་གི་བདག་སྐྱེའི་དོན་ཡིན་པའི་ཕྱིར་ཏེ། དྲང་ངེས་དཀའ་འགྲེལ་ལས། བདག་སྐྱེའང་བུམ་པ་བུམ་པ་ལས་སྐྱེ་བ་ལ་མི་ཟེར་གྱི་རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེ་བ་ལ་ཟེར་རོ།། ཞེས་གསུངས་པའི་ཕྱིར། འདོད་ན། བྱེ་བྲག་སྨྲ་བ་ཆོས་ཅན། མྱུ་གུ་བདག་སྐྱེ་འདོད་པར་ཐལ། མྱུ་གུ་རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེ་བར་ཁས་ལེན་པའི་ཕྱིར་ཏེ། དཀའ་འགྲེལ་དེ་ཉིད་ལས། བྱེ་སྨྲས་རང་དང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེ་བ་ཁས་ལེན་པ་ནི་དུས་མཉམ་ལ་བསམ་གྱི། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། བདག་སྐྱེ་འདོད་པའི་རང་སྡེ་གྲུབ་མཐའ་སྨྲ་བ་མི་རུང་བའི་ཕྱིར་སོགས་ཀྱིས་དཔྱད། གཉིས་པ་ནི།

རྩ་བར། ལོ་རྟོག་དེ་ཉིད་འགོག་པ་ལ།།

འགྲེལ་བ་བུདྡྷ་པཱ་ལི་ཏར།།

མདོར་བསྟན་རྒྱས་བཤད་གཉིས་སྦྱར་ཏེ།།

སླར་ཡང་སྐྱེ་བ་དོན་ཡོད་དང་།།

ཡོད་པ་འགལ་བར་བརྗོད་པ་ཡི།།

ཐལ་འགྱུར་གཉིས་ཀྱིས་དགག་པར་མཛད།།

ཅེས་བྱུང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་ཡོད་པར་རྟོག་པའི་ལོག་རྟོག་དེ་ཉིད་རིགས་པས་དགོག་པའི་ཚུལ་ལ་ནི། དེ་ཉིད་ཀྱིས་མཛད་པའི་འགྲེལ་བ་བུདྡྷ་པ་ལི་ཏ་ཏེ་འགྲེལ་བ་སངས་རྒྱས་བསྐྱངས་སུ་མདོ་བསྟན་དང་རྒྱས་བཤད་གཉིས་ཏེ་སྡེ་བསྟན་དབུ་མ་ཙ་བའི་༡༦༡བ་༣ལས། ཇི་ལྟར་ཞེ་ན། བདག་ལས་ཞེས་བྱ་བ་ནི། བདག་ཉིད་ལས་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་རེ་ཞིག་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ།། ཞེས་མདོར་བསྟན་དང་། འདི་ལྟར་དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ཡང་སྐྱེ་བ་དགོས་པ་མེད་དོ།། གལ་ཏེ་ཡོད་ཀྱང་སྐྱེ་ན་ཡང་ནམ་ཡང་སྐྱེ་བ་དོན་མེད་པར་མི་འགྱུར་བས་དེ་ཡང་མི་འདོད་དེ། དེའི་ཕྱིར་རེ་ཞིག་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ།། ཞེས་པའི་མདོ་བསྟན་དང་རྒྱས་བཤད་གཉིས་སྦྱར་བའམ་བསྡོམས་པས་དངོས་པོ་རྣམས་སླར་ཡང་སྐྱེ་བ་དོན་ཡོད་པ་དང་རང་གི་བདག་ཉིད་དུ་ཡོད་པ་འགལ་བར་བརྗོད་པའི་ཐལ་འགྱུར་གཉིས་ཏེ། རྒྱུ་དུས་སུ་མངོན་པར་མི་གསལ་བར་ཡོད་པར་རློམ་པའི་དངོས་པོ་རྣམས་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་རྒྱུ་དུས་ནས་གྲུབ་ཟིན་པའི་ཕྱིར། ཞེས་པ་དང་། ཡང་དེ་ཆོས་ཅན། ཁྱོད་ཀྱི་སྐྱེ་བ་ལ་ཐུག་པ་མེད་པར་ཐལ། རང་གི་རྒྱུ་དུས་ནས་གྲུབ་ཟིན་ཀྱང་སླར་ཡང་སྐྱེ་བ་ལ་དགོས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གཉིས་ཀྱིས་གྲངས་ཅན་པའི་ལོག་རྟོག་དང་དམ་བཅའ་དགག་པར་མཛད། ཅེས་པའོ།། མདོར་བསྟན་གྱི་གཞུང་གི་འགྱུར་ཞེས་པའི་ཚིག་ནུས་ཀྱིས་ཐལ་འགྱུར་སྟོན། འཕྲོས་དོན། སྐྱེས་དངོས་ཡིན་ན་སླར་ཡང་སྐྱེ་བ་ལ་དོན་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ།  དེ་དག་སྐད་ཙམ་གྱིས་རྒྱུན་ཆད་རྒྱུ་མ་ཡིན་པའི་ཕྱིར། ཞེས་དང་། གཞན་ཡང་། སླར་ཡང་སྐྱེ་བའི་གང་ཟག་དང་ཉོན་མོངས་སོགས་ཡོད་མེད་ཀྱིས་དཔྱད།

རྩ་བར། དེ་ལ་གྲངས་ཅན་མ་ཁྱབ་ཅེས།།

སྨྲ་མོད་སྐྱོན་སྤོང་མི་ནུས་སོ།།

ཞེས་བྱུང་། ཐལ་འགྱུར་དེ་ལ་གྲངས་ཅན་པས་འདི་ལྟར། དེ་དག་རྒྱུ་དུས་ན་ནུས་པའི་ངོ་བོར་མི་གསལ་བར་ཡོད་པ་དང་དེ་ཉིད་རྐྱེན་སོགས་ཀྱིས་གསལ་བའི་ངོ་བོར་སྐྱེ་དགོས་པས་ཐལ་འགྱུར་སྔ་མ་ལ་མ་ཁྱབ་ཟེར་བ་དེ་ལ། སློབ་དཔོན་གྱིས་ཐལ་འགྱུར་ཕྱི་མ་ཐུག་མེད་དུ་ཐལ་བ་འཕངས་པ་ལ་གྲངས་ཅན་གྱིས་མངོན་པར་གསལ་ཟིན་ནས་སྐྱེ་མི་དགོས་པས་མ་ཁྱབ་ཅེས་སྨྲ་མོད་དེ་མ་ཁྱབ་ཟེར་ཡང་དེས་སྐྱོན་སྤོང་མི་ནུས་སོ།། ཞེས་པའོ།། དེ་ནི་རྩ་ཤེས་ཊིཀ་ཆེན་ལས། སྨྲ་མོད་ཀྱང་སྐྱོན་སྤོང་མི་ནུས་ཏེ། གསལ་བ་སྔ་ནས་ཡོད་ན་དེར་སྐྱེ་མི་དགོས་ལ། སྔ་ནས་ཡོད་ཀྱང་སྐྱེ་ན་ཐུག་མེད་སོ་ན་གནས་ཤིང་། གསལ་བ་སྔར་མེད་ན་རྒྱུ་ལ་སྔར་ཡོད་ཁོ་ན་སྐྱེ་བའི་ཕྱོགས་ཉམས་སོ།། ཞེས་གསུངས་སོ།།     གསུམ་པ་ནི།

རྩ་བར། དེ་ལ་སློབ་དཔོན་ལེགས་ལྡན་འབྱེད།།

མདོར་བསྟན་ཁོ་ནའི་གཞུང་དྲངས་ནས།།

སྐྱེ་བ་དོན་མེད་ཐུག་མེད་དུ།།

ཐལ་བ་འཕངས་པར་དགོངས་ནས་ནི།།

རང་རྒྱུད་དཔེ་རྟགས་མ་བརྗོད་དང་།།      

གཞན་སྨྲས་ཉེས་པ་མ་བསལ་དང་།།

རྒོལ་བ་གཞན་གྱིས་གླགས་རྙེད་པའི།།

སྐྱོན་གསུམ་ཡོད་ཅེས་སུན་འབྱིན་མཛད།།

ཅེས་བྱུང་། སློབ་དཔོན་གྱིས་དེ་ལྟར་མདོར་བསྟན་རྒྱས་བཤད་གཉིས་སྦྱར་ནས་བདག་སྐྱེ་འགོག་པ་དེ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མདོར་བསྟན་ཁོ་ནའི་གཞུང་སྟེ། དེ་ཉིད་ལས། དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ།། མཐའ་དཔྱོད་དུ་དྲངས་མཚམས་ལྟར་ན་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ།། ཞེས་པའི་གཞུང་དྲངས་ནས། འདི་ལྟར་དངོས་པོ་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་པར་ཐལ། སྐྱེ་བ་དོན་མེད་ཡིན་པའི་ཕྱིར་ཞེས་པ་དང་། ཡང་དེ་ཆོས་ཅན་། དེར་ཐལ། སྐྱེ་བ་ཐུག་མེད་ཡིན་པའི་ཕྱིར། ཞེས་དོན་མེད་ཐུག་མེད་དུ་ཐལ་བ་འཕངས་པར་དགོངས་ནས་ཏེ་དགོངས་ནས་ནི།  ཚུལ་གསུམ་རང་ངོས་ནས་གྲུབ་པའི་རང་རྒྱུད་ཀྱི་རྟགས་དང་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་མ་བརྗོད་པ་དང་། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བ་དང་། དེ་ལ་རྒོལ་བ་གཞན་གྱིས་གླགས་སམ་དུས་རྙེད་པའི་སྐྱོན་གསུམ་ཡོད་ཅེས་སློབ་དཔོན་ལ་སུན་འབྱིན་མཛད། ཅེས་པའོ།། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་བསྟན་བཅོས་ཤེས་རབ་སྒྲོན་མ་སྟེ་སྡེ་བསྟན་དབུ་མ་ཚ་བའི་༤༩ན༥ལས། འདི་ལས་གཞན་ནི་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པར་བྱེད་དོ།། དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་དང་། གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར། ཞེས་དང་། སློབ་དཔོན་སྤྱན་རས་བརྟུལ་ཞུགས་ཀྱིས་མཛད་པའི་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་ཏེ་སྡེ་བསྟན་དབུ་ཝ་བའི་༧༣ནས་འདི་སྐོར་འབྱུང་། འཕྲོས་དོན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་བའི་མདོར་བསྟན་གྱི་གཞུང་ཁོ་ན་ལ་སྐྱོན་བརྗོད་པ་མ་ཡིན། དེ་ནས་བསྟན་པའི་ཐལ་འགྱུར་ལ་སྐྱོན་བརྗོད་པ་མ་ཡིན། སློབ་དཔོན་ལེགས་ལྡན་རང་གིས་དགོངས་ཚོད་ཀྱི་སྦྱོར་བ་ལ་སྐྱོན་བརྗོད་པ་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། ལེགས་ལྡན་རང་ཉིད་ཀྱིས་རང་ཉིད་བཀག་པར་ཐལ་བ་སོགས་དང་། མདོར་བསྟན་ཁོ་ན་ལ་སྐྱོན་བརྗོད་ན་མདོར་བསྟན་དང་རྒྱས་བཤད་གཉིས་བསྟན་བྱ་ཡིན་ཁྱབ་མཉམ་ཡིན་པས་རྒྱས་བཤད་ལའང་བརྗོད་པར་ཐལ་བ་སོགས་ཀྱིས་དཔྱད་ཚུལ་ཡོད་པར་གསུངས།

 རྩ་བར། དེ་ནི་བདག་སྐྱེ་འགོག་ནུས་ཀྱི།།

 རང་རྒྱུད་རྟགས་སྦྱོར་ཡང་དག་དང་།།

རྟགས་ཆོས་གཉིས་ལྡན་མཐུན་དཔེ་ཞིག།

 བརྗོད་དགོས་པ་ལ་མ་བརྗོད་དང་།།

ཞེས་བྱུང་། གོང་སྨྲས་ཐལ་ངག་དེ་ལ་ནི་སྟེ་དེ་ལ་གྲངས་ཅན་སོགས་ཀྱི་བདག་སྐྱེ་འགོག་ནུས་པའི་རང་རྒྱུད་ཀྱི་རྟགས་སྦྱོར་ཡང་དག་མ་བཀོད་པ་དང་། རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཞིག་ཀྱང་བརྗོད་དགོས་པ་ལ་མ་བརྗོད་ཅིང་བརྗོད་ཚུལ་ཡང་མེད་པའི་ཕྱིར་ཏེ། དེ་ལྟར་སྒྲུབ་པ་ལ་སྐྱེ་བ་དོན་མེད་ཐུག་མེད་བཀོད་ན་རྒོལ་བ་གཉིས་ཀར་གཞི་རྟགས་ཀྱི་འབྲེལ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མཐུན་དཔེ་ཡང་དག་ཅིག་བརྗོད་ཚུལ་མེད་དེ། ཁྱོད་དང་གྲངས་ཅན་པ་གཉིས་ཀའི་ལུགས་ལ་དངོས་པོ་རྣམས་སྐྱེ་བ་དོན་མེད་ཡིན་པ་ཆོས་མི་མཚུངས་པའི་ཕྱིར་ཏེ། དེ་དཔེའི་སྟེང་དུ་ངེས་ཚུལ་མེད་པའི་ཕྱིེར། ཞེས་པའོ།།

རྩ་བར། གྲངས་ཅན་གཞན་གྱིས་འདི་སྐད་དུ།།

བདག་ལས་སྐྱེ་བ་མེད་ཟེར་བ།།

གསལ་ཟིན་དངོས་པོ་ཡིན་ན་ནི།།

ཁོ་བོས་གྲུབ་ཟིན་སྒྲུབ་པ་ཡིན།།

རྒྱུ་ཡི་བདག་ཉིད་མི་གསལ་བ།།

ཡིན་ན་སྐྱེ་ལྡན་དངོས་པོ་ཀུན།།

དེ་ལས་སྐྱེ་བས་ཁྱབ་དང་འགལ།།

ཞེས་པའི་ཉེས་པ་མ་བསལ་དང་།།

ཞེས་བྱུང་།  གྲངས་ཅན་གཞན་གྱིས་འདི་སྐད་དུ་ཁྱོད་ཀྱིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་ཟེར་བ། མངོན་པར་གསལ་ཟིན་པའི་དངོས་པོ་ཡིན་ན་ནི་སྟེ་ཡིན་ན་ཁོ་བོས་གྲུབ་ཟིན་པ་སྒྲུབ་པ་ཡིན་ཏེ། ཁོ་བོས་ཀྱང་མངོན་པར་གསལ་ཟིན་པའི་བདག་ཉིད་ལས་སྐྱེ་བར་མི་འདོད་པའི་ཕྱིར་དང་། འདི་ནི་གྲངས་ཅན་གྱི་ཚད་མས་གྲུབ་ཟིན་གྱི་དོན་དུ་མི་བཟུང་བར་ཁས་ལེན་གྱིས་གྲུབ་ཟིན་པ་ལ་བྱ་ཞིང་། གལ་ཏེ་རྒྱུ་ཡི་བདག་ཉིད་མི་གསལ་བ་ནུས་པའི་བདག་ཉིད་ལས་ཡིན་ཟེར་ན། ཁོ་བོས་སྐྱེ་ལྡན་གྱི་དངོས་པོ་ཀུན། དེ་ལས་ཏེ་རྒྱུ་མི་གསལ་བ་ནུས་པའི་བདག་ཉིད་ལས་སྐྱེ་བས་ཁྱབ་པ་དང་དམ་བཅའ་ཁས་ལེན་པས་ན་ཁྱབ་པ་འགལ། ཞེས་སྨྲས་པའི་ཉེས་པ་བརྗོད་པ་མ་བསལ་བ་དང་། ཞེས་པའོ།། ཤེས་རབ་སྒྲོན་མ་སྟེ་སྡེ་བསྟན་དབུ་མ་ཚ་བའི་༤༩ན་༣ལས། འདིར་གྲངས་ཅན་ལས་ཁ་ཅིག་ཕྱིར་ཟློག་པར་བྱེད་དེ། དམ་བཅས་པའི་དོན་གང་ཡིན། ཅི་བདག་ལས་ཞེས་བྱ་བ་འབྲས་བུའི་བདག་ཉིད་ལས་སམ། འོན་ཏེ་རྒྱུའི་བདག་ཉིད་ལས་དེར་ཅིར་འགྱུར། གལ་ཏེ་འབྲས་བུའི་བདག་ཉིད་ལས་ན་ནི་གྲུབ་པ་བསྒྲུབ་བོ།། འོན་ཏེ་རྒྱུའི་བདག་ཉིད་ལས་ན་ནི་དོན་འགལ་བ་ཉིད་དེ། སྐྱེ་བ་ཅན་ཐམས་ཅད་ནི་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བའི་ཕྱིར་རོ་ཞེ་ན། ཞེས་དང་། ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་ཏེ་སྡེ་བསྟན་དབུ་མ་ཝ་བའི་༧༡ནས་འབྱུང་།

རྩ་བར།  གཞན་ཡང་འགྲེལ་ངག་དེ་ཉིད་ལ།།

གཞན་གྱིས་ཀླན་ཀའི་གླགས་རྙེད་དེ།།

ཚིག་ཟིན་ལྟར་ན་འབྲེལ་མེད་ཕྱིར།།

སྐབས་ཀྱི་དོན་ལས་བཟློག་དགོས་ཏེ།།

དངོས་ཟིན་རྟགས་གཉིས་བཟློག་པ་ན།།

 སྐྱེ་བ་དོན་བཅས་ཐུག་བཅས་འགྱུར།།

ཞེས་བྱུང་།  གོང་གི་སྐྱོན་དེ་དག་མ་ཟད་གཞན་ཡང་ཁྱེད་ཀྱི་འགྲེལ་བའི་ཐལ་ངག་དེ་ཉིད་ལ་གཞན་གྱིས་ཀླན་ཀའམ་སུན་འབྱིན་བྱེད་པའི་གླགས་རྙེད་པ་ཡིན་ཏེ། ཐལ་ངག་དེའི་ཚིག་ཟིན་ལྟར་ན་རྟགས་ཆོས་ཀྱི་འབྲེལ་བ་མེད་པའི་ཕྱིར་དང་། སྐབས་ཀྱི་དོན་ནམ་རྟགས་ལས་བཟློག་དགོས་པའི་ཕྱིར་ཏེ། མ་བཟློག་ན་འབྲེལ་མེད་པར་འགྱུར་བའི་ཕྱིར། དེས་ན་དངོས་ཟིན་གྱི་རྟགས་གཉིས་ཏེ་སྐྱེ་བ་དོན་མེད་དང་ཐུག་མེད་གཉིས་བཟློག་པ་ན་འདི་ལྟ་སྟེ། དངོས་པོ་རྣམས་ཆོས་ཅན་། བདག་ལས་སྐྱེ་བ་མེད་དེ། སྐྱེ་བ་དོན་བཅས་ཡིན་པའི་ཕྱིར་དང་། དངོས་པོ་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། སྐྱེ་བ་ཐུག་བཅས་ཡིན་པའི་ཕྱིར་ཞེས་པར་འགྱུར་ཞེས་པའོ།།  ཤེས་རབ་སྒྲོན་མ་སྟེ་སྡེ་བསྟན་དབུ་མ་ཚ་བའི་༤༩ན་༦ སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང་། དེའི་ཆོས་བཟློག་པའི་དོན་མངོན་པས་དངོས་པོ་གཞན་ལས་སྐྱེ་བར་འགྱུར་བ་དང་། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང་། སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར་མཛད་པའི་མཐའ་དང་འགལ་བར་འགྱུར་རོ།། ཞེས་གསུངས།   འཕྲོས་དོན། སློབ་དཔོན་ལེགས་ལྡན་གྱི་ལུགས་ལ། སྐྱེ་བ་དོན་བཅས་དེ་མདོར་བསྟན་དངོས་བསྟན་གྱི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན་ཟེར་ན། མ་ཡིན་པར་ཐལ། སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་འགོག་ནུས་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་སྐྱོན་བརྗོད་ཚུལ་ཡོད་པའི་ཕྱིར་དང་། གལ་ཏེ་དེ་རྟགས་ཡང་དག་མིན་ཟེར་ན། ཡིན་པར་ཐལ། ཚུལ་གསུམ་ཡིན་པའི་ཕྱིར། ཞེས་སོགས་དང་།  ལེགས་ལྡན་ལུགས་ལ་སངས་རྒྱས་བསྐྱངས་ཀྱིས་རང་རྒྱུད་ཀྱི་རྟགས་སྦྱོར་བཀོད་པའི་ཕྱིར་ཏེ། ཚུལ་གསུམ་རང་ངོས་ནས་གྲུབ་པའི་དེ་བཀོད་པའི་ཕྱིར་ཏེ་དགོངས་ཚོད་ཀྱི་སྦྱོར་བ་དེ་དེ་ཡིན་པའི་ཕྱིར་སོགས་ཀྱིས་དཔྱད།

རྩ་བར། དེ་ཡི་ཤུགས་ཀྱིས་དམ་བཅའ་ནི།།  

བདག་ལས་སྐྱེ་བ་མེད་ཅེས་པ།།

མེད་དགག་ཙམ་དུ་མ་བསྡད་པར།།          

གཞན་སྐྱེ་འཕངས་པར་འགྱུར་བས་ན།།

འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས།།  

མཐའ་བཞིའི་སྐྱེ་མེད་དམ་བཅའ་ཀུན།།

མེད་དགག་ཙམ་དུ་གསུངས་པ་ཡི།།

གྲུབ་པའི་མཐའ་དང་འགལ་ལོ་གསུང་།།

 ཞེས་བྱུང་། དངོས་ཟིན་གྱི་རྟགས་དེ་གཉིས་བཟློག་པའི་ཤུགས་ཀྱིས་དངོས་པོ་ཀུན་སྐྱེ་བ་གཞིར་བྱས་ཀྱིས་བདག་སྐྱེ་བཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པས་ན། རྟགས་དེས་དེ་དག་བདག་སྐྱེ་མ་ཡིན་་པར་བསྒྲུབས་པའི་ཤུགས་ལ་གཞན་སྐྱེ་ཡིན་པར་ཡང་དངོས་སུ་བསྒྲུབས་པར་སོང་བར་འགྱུར་བས། ཁྱེད་ཀྱིས་བདག་ལས་སྐྱེ་བ་མེད་ཅེས་པའི་དམ་བཅའ་དེ་ནི། མེད་དགག་ཙམ་དུ་མ་བསྡད་པར་གཞན་སྐྱེ་དངོས་སུ་འཕངས་པར་འགྱུར་བས་ན་སྟེ་འགྱུར་བའི་རྒྱུ་མཚན་གྱིས། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཐའ་བཞི་སྟེ་གྲངས་ཅན་པའི་བདག་སྐྱེ་དང་། གཞན་སྐྱེ། གཅེར་བུ་བའི་གཉིས་ཀ་ལས་སྐྱེ་བ། རྒྱང་འཕེན་པའི་རྒྱུ་མེད་ལས་སྐྱེ་བ་སོགས་མེད་པའི་དམ་བཅའ་ཀུན། མེད་དགག་ཙམ་དུ་གསུངས་པ་ཡི་སྟེ་གསུང་བའི་གྲུབ་མཐའ་ཀུན་དང་འགལ་ལོ་གསུངས། ལོ་ཞེས་པ་མ་རེངས་པའི་ཚིག་གོ།།   ཤེར་སྒྲོན་ལས་༤༨བ༦། བདག་ལས་མ་ཡིན་ཞེས་བྱ་བའི་དགག་པ་འདི་མེད་པར་དགག་པའི་དོན་དུ་ལྟ་བར་བྱ་སྟེ། ཞེས་གསུངས།   འཕྲོས་དོན། མཐའ་བཞིའི་སྐྱེ་བ་མེད་ཅེས་བརྗོད་པའི་སྒྲ་དེས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་འཕེན་མི་འཕེན་དང་། བདག་སྐྱེ་འགོག་པའི་སྐབས་འདིར་བདག་ལས་སྐྱེ་བ་མེད་ཅེས་པས་རང་རྒྱུད་པ་མན་ཆད་ཀྱིས་སྐྱེ་བ་གཞིར་བྱས་ལ་བདག་སྐྱེ་ཡིན་པར་འགྲུབ་པས་གཞན་སྐྱེ་འཕེན་པར་སྟོང་ཐུན་གསུངས། འདི་ལ་ཡང་སྨྲ་བ་བོར་འཕེན་འདོད་མེད་པར་མི་འཕེན་པ་དབུ་མའི་ཡིག་ཆ་ལས། འདི་ཡང་སྨྲ་བ་བོར་འཕེན་འདོད་མེད་ན་མི་འཕེན་ཏེ། ཞེས་གསུངས། འདི་ལ་སྐབས་ཐོབ་ཀྱིས་འཕེན་པའི་མ་ཡིན་དགག་གི་མཚན་གཞི་སོགས་ལ་འཕེན་འདོད་དགོས་མིན་གྱིས་དཔྱད། 

  བཞི་བ་ལ། སངས་རྒྱས་བསྐྱངས་ལ་སྐྱོན་མེད་ཚུལ་དང་། ལེགས་ལྡན་གྱི་ལུགས་དགག་པ་གཉིས།  དང་བོ་ནི།

རྩ་བར། དེ་ལྟར་བརྗོད་པའི་སྐྱོན་དེ་རྣམས།།

སངས་རྒྱས་བསྐྱངས་ལ་མི་འཇུག་པར།།

དཔལ་ལྡན་ཟླ་བས་བཤད་ཚུལ་ནི།།

འགྲེལ་ངག་དེ་ཡིས་རང་རྒྱུད་ཀྱི།།

གཏན་ཚིགས་དཔེ་བཅས་མ་བསྟན་ཀྱང་།།

འགལ་བ་བརྗོད་པའི་ཐལ་འགྱུར་གྱིས།།

གྲངས་ཅན་རང་གི་ཁས་ལེན་ལ།།

ནང་འགལ་མཐོང་ནས་དམ་བཅའ་འདོར།།

བསྒྲུབ་བྱ་རྟོགས་པར་འགྱུར་བ་ཡིན།།

ཁས་བླངས་འགལ་བས་བརྩད་པས་ཀྱང་།།

ནང་འགལ་མཐོང་ཡང་མི་ལྡོག་ན།།

མངོན་སུམ་ལ་ནི་བསྙོན་འདིངས་ཕྱིར།།

མཁས་པའི་རྩོད་ཟླར་འོས་མ་ཡིན།།

དེས་ན་སྐབས་འདིར་རང་རྒྱུད་ཀྱི།།

དཔེ་རྟགས་བརྗོད་ལ་དགོས་པ་དང་།།

ནུས་པ་ལྷག་པོ་ཅི་ཡང་མེད།།

ཅེས་བྱུང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་འགྲེལ་བ་སངས་རྒྱས་བསྐྱངས་ལ་གོང་དུ་བརྗོད་པའི་སྐྱོན་དེ་རྣམས་མི་འཇུག་པར་དཔལ་ལྡན་ཟླ་བ་གྲགས་པས་བཤད་ཚུལ་ནི། འགྲེལ་བའི་ཐལ་ངག་དེ་ཡིས་རང་རྒྱུད་ཀྱི་གཏན་ཚིགས་མཐུན་དཔེ་ཡང་དག་དང་བཅས་པ་མ་བསྟན་ཀྱང་། འགལ་བ་བརྗོད་པའི་ཐལ་འགྱུར་གཉིས་ཀྱི་སྒོ་ནས་གྲངས་ཅན་རང་གི་ཁས་ལེན་ལ་ནང་འགལ་མཐོང་སྟེ་བདག་སྐྱེའི་དམ་བཅའ་འདོར་བར་འགྱུར་ཞིང་། བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འགྱུར་བ་ཡིན། ཕ་རོལ་བོ་གྲངས་ཅན་རང་གིས་ཇི་ལྟར་ཁས་བླངས་པ་དང་འགལ་བ་བརྗོད་པའི་ཐལ་འགྱུར་སྒོ་ནས་བརྩད་པས་ཀྱང་ནི་ཁས་ལེན་ལ་ནང་འགལ་མཐོང་བཞིན་དུ་ད་དུང་ཡང་བདག་སྐྱེའི་ཁས་ལེན་མི་ལྡོག་པ་དེས་ན། དེ་ནི་མངོན་སུམ་ལ་བསྙོན་འདིངས་པས་ངོ་ཚ་མེད་པ་བསྙོན་པའི་ལུགས་ཡིན་པའི་ཕྱིར། མཁས་པ་རིགས་པ་སྨྲ་བ་དག་གི་རྩོད་པའི་ཟླ་བོར་འོས་མ་ཡིན་ཏེ་མི་འོས་པ་ཡིན་ཞེས་པའོ།། དེའི་རྒྱུ་མཚན་གྱིས་བདག་སྐྱེ་འགོག་པའི་སྐབས་འདིར་རང་རྒྱུད་དམ་རང་མཚན་གྱིས་གྲུབ་པའི་མཐུན་དཔེ་དང་རྟགས་བརྗོད་པ་ལ་དགོས་པ་མེད་པའི་ཕྱིར་དང་བརྗོད་ཀྱང་བདག་སྐྱེ་འགོག་པའི་ནུས་པ་ལྷག་པོ་ཅི་ཡང་མེད་པའི་ཕྱིར་རོ།། ཞེས་པའོ།།  ཚིག་གསལ་ཏེ་སྡེ་བསྟན་དབུ་མ་འ་བའི་༥བ༤ལས། སྐྱོན་འདི་དག་ཐམས་ཅད་ནི་རིགས་པ་མ་ཡིན་པར་ཁོ་བོ་ཅག་གིས་མཐོང་ངོ་།། ཇི་ལྟར་ཞེ་ན་། ཞེས་སོགས་གསུངས།

རྩ་བར། རང་རྒྱུད་དོན་ནི་རང་མཚན་གྱིས།།

གྲུབ་པའི་ཆོས་ལ་བྱེད་པས་ན།།

དེ་འདྲའི་རང་མཚན་དབུ་སྨྲ་བས།།

 ཁས་ལེན་རིགས་པ་མ་ཡིན་ནོ།།

ཞེས་བྱུང་། བརྟག་པ་མཐའ་བཟུང་གིས་རང་རྒྱུད་ཀྱི་དོན་ནི་ཅི་ལྟ་བུ་ཡིན་ཞེ་ན། དེ་ནི་སྒྲ་དང་རྟོག་པས་བཏགས་པ་ལ་མ་བལྟས་པར་རང་གི་ངོ་བོའམ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ལ་བྱེད་པའི་རྒྱུ་མཚན་དེས་ན། དེ་འདྲ་བའི་རང་མཚན་ནི་དབུ་མ་བས་ཁས་ལེན་རིགས་པ་མ་ཡིན་ཡང་དབུ་མ་བ་ལ་དེ་ཁས་ལེན་མཁན་ཡོད་པ་མི་འགལ་བ་ཡིན་ཞེས་པའོ།། 

རྩ་བར། ཐལ་འགྱུར་ཙམ་ལ་བརྟེན་ནས་ནི།།

རྗེས་དཔག་ཚད་མ་སྐྱེ་ནུས་པས།།

བསྒྲུབ་བྱ་རྟོགས་ཕྱིར་གཞན་གྲགས་ཀྱི།།

 རྟགས་དཔེ་དགོས་པ་མིན་མོད་ཀྱང་།།

 གལ་ཏེ་དགོས་ནའང་འགྲེལ་ངག་གི།

 སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི།།

 སྒོ་ནས་གཞན་གྲགས་གཏན་ཚིགས་བསྟན།།

ཞེས་བྱུང་། རྒོལ་བ་སྐབས་བབ་ལ་མི་འདོད་པའི་ཐལ་བ་འཕེན་པའི་ཐལ་འགྱུར་ཙམ་ལ་བརྟེན་ནས་ནི་སྟེ་བརྟེན་ནས་རྒོལ་བའི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་ཚད་མ་སྐྱེ་ནུས་པའི་རྒྱུ་མཚན་གྱིས། བསྒྲུབ་བྱ་མ་རྟོགས་པ་རྟོགས་པའི་ཕྱིར་དུ་ཕ་རོལ་པས་ཁས་ལེན་པའི་གཞན་གྲགས་ཀྱི་རྟགས་དང་མཐུན་དཔེ་དགོས་པ་མིན་མོད་ཀྱང་སྟེ་མིན་ནའང་། གལ་ཏེ་ཁྱོད་ལ་གཞན་གྲགས་ཀྱི་རྟགས་དཔེ་འགོད་དགོས་ནའང་འགྲེལ་ངག་དང་བོ་མདོར་བསྟན་རྒྱས་བཤད་གཉིས་ཀྱིས་སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་སྒོ་ནས་གཞན་གྲགས་ཀྱི་གཏན་ཚིགས་སམ་རྟགས་བསྟན་པ་ཡིན་ཞེས་པའོ།།  སྒྲུབ་ངག་ཡན་ལག་ལྔ་ལྡན་ནི། ཚིག་གསལ་ཏེ་སྡེ་བསྟན་དབུ་མ་འ་བའི་༧ན་༣ལས། དེ་ལ་ཇི་ལྟར་སྒྲ་ནི་མི་རྟག་སྟེ།     བྱས་པ་མི་རྟག་པའི་ཕྱིར་རོ།།

ཞེས་སོགས་གསུངས།

རྩ་བར། དམ་བཅའ་ཁྱབ་པ་དཔེ་བརྗོད་དང་།།

ཉེར་གཏོད་མཇུག་སྡུད་ཡན་ལག་ལྔ།།

བསྡུ་ན་རྒྱས་བཤད་དང་བོ་ཡི།།

ཐལ་འགྱུར་རྟགས་སྦྱོར་ཚུལ་དུ་བཀོད།།

མངོན་གསལ་མྱུ་གུ་མཐུན་དཔེར་གཟུང་།།

ཞེས་བྱུང་། སྒྲུབ་ངག་ཡན་ལག་ལྔ་གང་ཞེ་ན། དམ་བཅའ་བརྗོད་པ་དང་། ཁྱབ་པ་བརྗོད་པ་དང་། དཔེ་བརྗོད་པ་དང་། ཉེར་གཏོད་དང་། མཇུག་སྡུད་དེ་ལྔའོ།། དེ་དག་བསྡུ་ན་རྒྱས་བཤད་དང་བོའི་ཐལ་འགྱུར་རྟགས་སྦྱོར་ཚུལ་དུ་དངོས་སུ་བཀོད་ཅིང་། མངོན་པར་གསལ་ཟིན་པའི་མྱུ་གུ་མཐུན་དཔེར་གཟུང་བར་བྱ།  དེས་ན་གྲངས་ཅན་གྱིས་རྒྱུ་དུས་སུ་ཡོད་པར་རློམ་པའི་མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་ལ་དགོས་པ་མེད་དེ། རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར། དཔེར་ན་མངོན་པར་གསལ་ཟིན་པའི་བུམ་པ་བཞིན། ཞེས་པ་དང་། གཞན་ཡང་བསྟན་རྒྱས་ཀྱི་གཞུང་འདིས་སྐྱེས་བུ་ལས་ཐ་དད་པའི་དོན་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། དཔེར་ན་སྐྱེས་བུ་བཞིན། ཞེས་པའི་རྟགས་སྦྱོར་འདི་དངོས་བསྟན་ཕལ་བའི་ཚུལ་དུ་བསྟན་པར་གསུངས། གོང་གི་སྦྱོར་བ་དེ་དང་སྦྱར་ཏེ་སྒྲུང་ངག་ཡན་ལག་ལྔ་ལྡན་ངོས་འཛིན་ཚུལ་ཡོད་དེ། སྐྱེས་བུ་ལས་ཐ་དད་པའི་དོན་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་པ་དམ་བཅའ་དང་། རང་གི་བདག་ཉིད་དུ་ཡོད་ན་བདག་ལས་སྐྱེ་བ་མེད་པས་ཁྱབ་ཅེས་པ་ཁྱབ་པ་དང་། དཔེར་ན་སྐྱེས་བུ་བཞིན་ཞེས་པ་དཔེ་དང་། སྐྱེས་བུ་རང་གི་བདག་ཉིད་དུ་ཡོད་པ་དེ་བཞིན་དུ་སྐྱེས་བུ་ལས་ཐ་དད་པའི་དོན་རྣམས་རང་གི་བདག་ཉིད་དུ་ཡོད་པ་ཡིན་ནོ་ཞེས་པ་ཉེར་གཏོད་དང་། དེའི་ཕྱིར་རང་གི་བདག་ཉིད་དུ་ཡོད་པ་ཉིད་ཀྱི་ཕྱིར་སྐྱེས་བུ་ལས་ཐ་དད་པའི་དོན་རྣམས་བདག་ལས་སྐྱེ་བ་མེད་པ་ཡིན་ཞེས་པ་མཇུག་སྡུད་ཡིན་པའི་ཕྱིར་རོ།།   འཕྲོས་དོན། ཡན་ལག་ལྔ་ལ་རྗེ་འདིའི་རྟགས་རིགས་སྡོམ་དང་འདི་གཉིས་བསྡུར་ཏེ་དང་འདི་བའི་ལུགས་ལ་དེ་ཡང་དག་ཡིན་མིན་གྱིས་དཔྱད།

རྩ་བར། སྐྱོན་བརྗོད་གཉིས་པ་དོན་མེད་དེ།།

རང་རྒྱུད་གཏན་ཚིགས་ཁས་མི་ལེན།།

གཞན་གྲགས་རྟགས་ལ་རྒྱུ་དུས་སུ།།

མི་གསལ་མྱུ་གུ་ཆོས་ཅན་དང་།།

གསལ་ཟིན་མཐུན་དཔེར་བཟུང་བས་ན།།

གྲུབ་ཟིན་སྒྲུབ་དང་གཏན་ཚིགས་ནི།།

འགལ་བའི་དོགས་པ་མེད་པས་ན།།

གཞན་སྨྲས་ཉེས་པ་མི་འབྱུང་ངོ་།།

ཞེས་བྱུང་། སྐྱོན་བརྗོད་གཉིས་པ་ཏེ་གཞན་སྨྲས་ཉེས་པ་མ་བསལ་བའི་སྐྱོན་བརྗོད་པ་དོན་མེད་པ་ཡིན་ཏེ། སློབ་དཔོན་གྱིས་རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པའི་ཕྱིར་དང་། གཞན་གྲགས་ལ་བརྟེན་པའི་རྟགས་སྦྱོར་ལའང་གྲངས་ཅན་གྱིས་རྒྱུ་དུས་ན་ཡོད་པར་འདོད་པའི་མྱུ་གུ་ཆོས་ཅན་དང་། མངོན་པར་གསལ་ཟིན་པའི་བུམ་པ་ལྟ་བུ་མཐུན་དཔེར་བཟུང་བ་དེས་ན། ཕྱིར་རྒོལ་གྲངས་ཅན་པས་དེ་ལྟར་ཡོད་པར་འདོད་པའི་མྱུ་གུ་ལྟ་བུ་སླར་ཡང་སྐྱེ་བ་དོན་མེད་མ་རྟོགས་པ་འདིར་བསྒྲུབ་བྱར་བཟུང་ནས་སྒྲུབ་པ་ཡིན་གྱི། མངོན་པར་གསལ་ཟིན་པའི་མྱུ་གུ་སླར་ཡང་སྐྱེ་བ་དོན་མེད་དུ་སྒྲུབ་པ་མིན་པས་གྲུབ་ཟིན་སྒྲུབ་པ་དང་དེ་འདྲའི་གཏན་ཚིགས་ཁྱབ་པ་འགལ་བའི་དོགས་པ་མེད་པས་ན་གཞན་གྱིས་སྨྲས་པའི་ཉེས་པ་མི་འབྱུང་བ་དེའི་ཕྱིར་ན་དེ་མ་བསལ་བའི་སྐྱོན་ཡོད་པའི་སྐབས་མ་མཆིས་ཞེས་པའོ།། 

རྩ་བར།སྐྱོན་བརྗོད་གསུམ་པའང་མི་འཇུག་སྟེ།།

སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་གི།

ཐལ་འགྱུར་དེ་ནི་གྲངས་ཅན་ལ།།

ཁས་བླངས་ནང་འགལ་སྟོན་ཕྱིར་ཡིན།།

བཟློག་དོན་བསྒྲུབ་ཕྱིར་འཕངས་པ་མིན།།

དེ་ཕྱིར་དེ་ཡི་བཟློག་དོན་གྱི།།

སླར་ཡང་སྐྱེ་བ་དོན་བཅས་སོགས།།

ཕ་རོལ་གྲངས་ཅན་ཁས་བླངས་ཀྱི།།

 ཁོ་བོ་ཅག་གི་ཁས་ལེན་མིན།།

ལེགས་ལྡན་འབྱེད་ཀྱི་དགོངས་ཚོད་ཀྱི།།

ཐལ་འགྱུར་དེ་ནི་འགྲེལ་ངག་གི།།

དངོས་ཤུགས་གང་གིའང་དོན་མིན་ཕྱིར།།

བཟློག་དོན་ཁས་ལེན་མི་དགོས་པས།།

གཞན་གྱིས་གླགས་རྙེད་ག་ལ་འགྱུར།།

དེ་ཕྱིར་ཁོ་བོ་ཅག་ལ་ནི།།

གྲུབ་མཐའ་འགལ་བའི་ཉེས་མེད་དོ།།

ཞེས་བྱུང་། སྐྱོན་བརྗོད་གསུམ་པ་རྒོལ་བ་གཞན་གྱིས་གླགས་རྙེད་པའི་སྐྱོན་བརྗོད་པའང་སློབ་དཔོན་ལ་མི་འཇུག་སྟེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་གི་ཐལ་འགྱུར་དེ་ནི་གྲངས་ཅན་པའི་ཁས་བླངས་ལ་ནང་འགལ་སྟོན་པའི་ཕྱིར་དུ་མི་འདོད་པའི་ཐལ་བ་ཙམ་འཕངས་པ་ཡིན་པ་ལས་བཟློག་དོན་སླར་ཡང་སྐྱེ་བ་དོན་བཅས་དང་ཐུག་བཅས་སྒྲུབ་འདོད་ནས་འཕངས་པ་མིན་པ་དེའི་ཕྱིར་ན། ཐལ་འགྱུར་དེ་ཡི་བཟློག་དོན་གྱི་སླར་ཡང་སྐྱེ་བ་དོན་བཅས་དང་ཐུག་བཅས་སོགས་ཕ་རོལ་གྲངས་ཅན་ཁོ་ནས་ཁས་བླངས་པ་ཡིན་གྱི་སྟེ་ཡིན་པ་ལས། སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་ང་ཉིད་ཚུད་པའི་རང་མཚན་མི་འདོད་པ་ཁོ་བོ་ཅག་གི་ཁས་ལེན་མིན་ཞིང་། ལེགས་ལྡན་འབྱེད་ཁྱེད་ཀྱིས་དགོངས་ཚོད་ཀྱི་དོན་དམ་གྱི་ཁྱད་པར་སྦྱར་བའི་ཐལ་འགྱུར་དེ་ནི་སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་གི་དངོས་ཤུགས་གང་གིའང་བསྟན་དོན་མིན་པའི་ཕྱིར་ན། བཟློག་དོན་ཁས་ལེན་མི་དགོས་པའི་རྒྱུ་མཚན་གྱིས་རྒོལ་བ་གཞན་གྱིས་གླགས་རྙེད་པའི་སྐབས་ག་ལ་རྙེད་དེ་རྙེད་པར་མི་འགྱུར་བ་དེའི་ཕྱིར་ན་རང་མཚན་ཐ་སྙད་དུའང་མི་བཞེད་པའི་ཁོ་བོ་ཅག་ལ་ནི་མཐའ་བཞིའི་སྐྱེ་མེད་ཀྱི་དམ་བཅའ་ཀུན་མེད་དགག་ཙམ་དུ་གསུངས་པའི་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་གྲུབ་མཐའ་དང་འགལ་བའི་ཉེས་པ་འབྱུང་བའི་གནས་མེད་དོ།། ཞེས་པའོ།།        ཚིག་གསལ་ཏེ་སྡེ་བསྟན་དབུ་མ་འ་བའི་༧བ༦ལས། ཐལ་བར་བཟློག་པའི་དོན་དང་། ཡང་ཕ་རོལ་བོ་ཉིད་འབྲེལ་བ་ཡིན་གྱི། ཁོ་བོ་ཅག་ནི་མ་ཡིན་ཏེ། རང་ལ་དམ་བཅའ་མེད་པའི་ཕྱིར་རོ།། དེའི་ཕྱིར་ཁོ་བོ་ཅག་ལ་གྲུབ་པའི་མཐའ་དང་འགལ་བ་ག་ལ་ཡོད། ཅེས་གསུངས།    གཉིས་པ་ནི། 

རྩ་བར། དེ་ལྟར་སངས་རྒྱས་བསྐྱངས་ལ་ནི།།

སྐྱོན་མི་འཇུག་པ་མ་ཟད་ཀྱི།།

ལེགས་ལྡན་རང་གི་འགྲེལ་ངག་ལ།།

སྐྱོན་མང་ཞུགས་པ་འདི་ལྟ་སྟེ།།

ཡོད་པའི་རྟགས་ཀྱིས་དོན་དམ་པར། །

མིག་སོགས་བདག་ལས་མི་སྐྱེ་སྟེ།།

ཤེས་པ་ཡོད་པ་ཉིད་བཞིན་ནོ།།

ཞེས་པའི་སྦྱོར་བར་དོན་དམ་གྱི།།

ཁྱད་པར་སྦྱར་བ་མི་འཐད་དེ།།

ཆོས་ལ་སྦྱར་ན་དབུ་མ་བས།།

བདག་སྐྱེ་གཏན་ནས་མི་འདོད་ཕྱིར།།

ཐ་སྙད་ཙམ་དུ་དགག་དགོས་སོ།།

ཕྱིར་རྒོལ་གྲངས་ཅན་བདེན་གཉིས་ལས།།

ཉམས་ལ་གཉིས་ཀར་དགག་པར་རིགས།།

འཇིག་རྟེན་རང་གས་སྐྱེ་ཙམ་ལས།།

བདག་སྐྱེ་གཞན་སྐྱེ་མི་དཔྱོད་པས།།

གང་ལ་ལྟོས་ཀྱང་དགོས་མེད་དོ།།

ཞེས་བྱུང་། གོང་དུ་སྐྱོན་སྤངས་མཛད་པ་དེ་ལྟར་དུ་སངས་རྒྱས་བསྐྱངས་ལ་ནི་སྟེ་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་དེ་དག་མི་འཇུག་པར་མ་ཟད། ཀྱི་ནི་ཚིག་གི་ཁ་སྐོང་ངོ་།། ལེགས་ལྡན་རང་གིས་སྔར་མཆོད་བརྗོད་ཀྱི་སྐབས་སྐྱེ་འགག་སོགས་མ་དམིགས་པ་མཉམ་བཞག་གི་ངོའི་དོན་དམ་ལ་མཛད་པ་ལྟར་མཐའ་བཞིའི་སྐྱེ་བ་ཡང་དེའི་ངོ་ན་མེད་ཚུལ་བཤད་འདོད་ནས་བདག་སྐྱེ་འགོག་པའི་འགྲེལ་ངག་གི་རང་རྒྱུད་ལ་ཕྱོགས་ཆོས་མ་གྲུབ་པ་སོགས་ཀྱི་སྐྱོན་མང་བོ་ཞུགས་པ་འདི་ལྟ་སྟེ། ཁྱེད་ཀྱིས་ཡོད་པའི་རྟགས་ཀྱིས་ཏེ་མིག་སོགས་ནང་གི་སྐྱེ་མཆེད་རྣམས་དོན་དམ་པར་བདག་ལས་སྐྱེ་བ་མེད་དེ། ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ།། ཞེས་པའི་སྦྱོར་བ་འདིར་དོན་དམ་གྱི་ཁྱད་པར་སྦྱར་བ་མི་འཐད་དེ། གལ་ཏེ་དོན་དམ་གྱི་ཁྱད་པར།  དེ་ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཞེས་བསྒྲུབ་བྱའི་ཆོས་ལ་སྦྱར་བ་ལ་དགོས་པ་མེད་དེ། དེ་ལྟ་ན་སྔ་རྒོལ་དབུ་མ་ལ་ལྟོས་ཏེ་དགོས་པ་མེད་པ་དང་། ཕྱི་རྒོལ་གྲངས་ཅན་པ་ལ་ལྟོས་ཏེ་དགོས་པ་མེད་པ། འཇིག་རྟེན་རང་ག་བ་ལ་ལྟོས་ནས་ཀྱང་དགོས་པ་མེད་པའི་ཕྱིར། དང་བོ་གྲུབ་སྟེ། དབུ་མ་བས་སྐྱེ་བ་ཀུན་རྫོབ་ཏུ་ཁས་བླངས་ཀྱང་བདག་སྐྱེ་དོན་དམ་དུ་མ་ཟད་ཀུན་རྫོབ་ཏུ་ཡང་གཏན་ནས་མི་འདོད་པའི་ཕྱིར། བདག་སྐྱེ་ཐ་སྙད་ཙམ་དུ་ཡང་དགག་དགོས་པའི་ཕྱིར་རོ།། གཉིས་པ་གྲུབ་སྟེ། ཕྱི་རྒོལ་གྲངས་ཅན་གྱི་ལུགས་དེ་ནི་བདེན་པ་གཉིས་ལས་ཉམས་ལ། དེ་ལྟ་ན་ཀུན་རྫོབ་དང་དོན་དམ་པ་གཉིས་ཀར་དགག་པར་རིགས་པ་ཏེ་དགག་པར་འཐད་པའོ།། དཔེར་ན་མོ་གཤམ་གྱི་བུ་ནི་དོན་དམ་དང་ཀུན་རྫོབ་གཉིས་ཀར་མེད་པས་ན། བུམ་པ་ལ་མོ་གཤམ་གྱི་བུ་ཡོད་མེད་དཔྱད་ཚེ་དོན་དམ་དང་ཀུན་རྫོབ་གང་གི་ཡང་ཁྱད་པར་སྦྱར་མི་དགོས་པ་བཞིན་ནོ།། གསུམ་པ་གྲུབ་སྟེ། འཇིག་རྟེན་རང་ག་བས་སྐྱེ་བ་ཙམ་ཞིག་ཁས་ལེན་པ་ལས་དེ་ཉིད་བདག་ལས་སྐྱེའམ་གཞན་ལས་སྐྱེ་ཞེས་མི་དཔྱོད་པའི་རྒྱུ་མཚན་གྱིས་ཕྱོགས་གང་ལ་ལྟོས་ཀྱང་དེ་ལྟར་རང་རྒྱུད་ཀྱི་རྟགས་སྦྱོར་བཀོད་པ་ལ་དགོས་པ་མེད་དོ།། ཞེས་པའོ།།  ཤེས་རབ་སྒྲོན་མ་སྟེ་སྡེ་བསྟན་དབུ་ཚ་བའི༤༩ན་༢ལས། འདིར་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ།། ཞེས་གསུངས།  ལེགས་བཤད་སྙིང་བོ་ལས། དོན་དམ་པ་ཞེས་པ་དེ་དམ་བཅའི་ཁྱད་པར་དུ་སྦྱོར་ན་རང་གིས་ནི་བདག་སྐྱེ་ཀུན་རྫོབ་ཏུ་ཡང་ཁས་བླངས་པ་མེད་པས་རང་ལ་ལྟོས་ནས་སྦྱར་མི་དགོས་ལ། གཞན་ལ་ལྟོས་ཏེ་ཡིན་ན་བདེན་གཉིས་ལས་ཉམས་པའི་མུ་སྟེགས་ནི་བདེན་པ་གཉིས་ཀའི་སྒོ་ནས་འགོག་པར་རིགས་པས་ཁྱད་པར་མ་སྦྱར་བར་བཀག་ན་ལེགས་སོ།། འཇིག་རྟེན་གྱི་ཐ་སྙད་དུ་བདག་སྐྱེ་འདོད་པ་དགག་མི་རིགས་པས་དེ་ལ་ལྟོས་ནས་ཁྱད་པར་སྦྱོར་བ་ཡང་མི་རིགས་ཏེ། འཇིག་རྟེན་པས་ནི་རྒྱུ་ལས་འབྲས་བུ་འབྱུང་བ་ཙམ་ཞིག་འདོད་ཀྱི་བདག་དང་གཞན་གང་ལས་སྐྱེ་ཞེས་མི་དཔྱོད་པའི་ཕྱིར་རོ།། གཞན་ཡང་ཀུན་རྫོབ་ཏུ་དགག་འདོད་ནས་ཡིན་ན་ནི། ཞེས་སོགས་གསུངས།

རྩ་བར། ཆོས་ཅན་ལ་སྦྱར་སྔ་རྒོལ་ལ།།

ལྟོས་པའི་ཆོས་ཅན་མ་གྲུབ་པའི།།

ཕྱོགས་སམ་རྟགས་ཀྱི་སྐྱོན་དུ་འགྱུར།།

གལ་ཏེ་ཀུན་རྫོབ་ཆོས་ཅན་ལ།།

སྦྱར་ན་དོན་དམ་སྦྱོར་ས་འཇིག།

དེ་སྐད་བརྗོད་རིགས་མ་སྨྲས་དང་།།

སྨྲས་ནའང་གྲངས་ཅན་མིག་ལ་སོགས།།

བདེན་པར་གྲུབ་པར་འདོད་པས་ན།།

གཞི་མ་གྲུབ་པའི་སྐྱོན་དུ་འགྱུར།།    

ཞེས་བྱུང་། དོན་དམ་པའི་མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། ཞེས་ཆོས་ཅན་ལ་སྦྱར་ན་དེ་ལེགས་ལྡན་ཁྱེད་རང་ཡང་མི་འདོད་པས་སྔ་རྒོལ་རང་ལ་ལྟོས་པའི་ཆོས་ཅན་གཞི་མ་གྲུབ་པའི་ཕྱོགས་སམ་རྟགས་ཀྱི་སྐྱོན་དུ་འགྱུར་ཞིང་། གལ་ཏེ་དོན་དམ་པའི་མིག་སོགས་མེད་ཀྱང་ཀུན་རྫོབ་པའི་མིག་སོགས་ཡོད་པས་ཀུན་རྫོབ་པའི་མིག་སོགས་ཆོས་ཅན་ཞེས་ཆོས་ཅན་ལ་ཀུན་རྫོབ་ཀྱི་ཁྱད་པར་སྦྱར་ཟེར་ན། ཁྱེད་ཀྱི་འགྲེལ་ངག་ཏུ་དོན་དམ་ཀྱི་ཁྱད་པར་སྦྱར་ཡང་ཆོས་དང་ཆོས་ཅན་ལ་སྦྱར་ཟེར་བའི་ཁས་ལེན་འཇིག་ཅིང་། གལ་ཏེ་ཀུན་རྫོབ་སྦྱར་ན་ཡང་དེ་སྐད་དུ་བརྗོད་རིགས་ཀྱང་འགྲེལ་ངག་གི་སྦྱོར་བའི་ཚིག་ལ་ཀུན་རྫོབ་མ་སྨྲས་པ་དང་།  དེ་སྐད་དུ་སྨྲས་ནའང་གྲངས་ཅན་པས་མིག་ལ་སོགས་པ་དབུ་མ་བས་འདོད་པ་ལྟར་གྱི་ཀུན་རྫོབ་ཏུ་ཁས་མི་ལེན་ཞིང་བདེན་པར་གྲུབ་པར་འདོད་པས་ན། ཕྱི་རྒོལ་གྲངས་ཅན་པ་ལ་ལྟོས་པའི་རྩོད་གཞི་མ་གྲུབ་པའི་ཕྱོགས་སྐྱོན་དུ་འགྱུར་ཞེས་པའོ།། ཚིགས་གསལ་སྟེ་སྡེ་བསྟན་དབུ་མ་འ་བའི་༨ ན ༢ལས། ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་གང་འདི་སྐད་དུ་འདིར་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི། དོམ་དམ་པར་ནི་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཞེས་པ་ནས། སྨྲ་ན་ཡང་ཕ་རོལ་བ་དག་གིས་མིག་ལ་སོགས་པ་རྫས་སུ་ཡོད་པ་ཉིད་ཁས་བླངས་པའི་ཕྱིར་དང་། བརྟགས་པར་ཡོད་པར་ཁས་མ་བླངས་པའི་ཕྱིར། ཞེས་གསུངས།

རྩ་བར། རང་སྡེ་འོག་མས་བྱེ་བྲག་པར།།

སྒྲ་མི་རྟག་པར་སྒྲུབ་པའི་ཚེ།།

འབྱུང་འགྱུར་ནམ་མཁའི་ཡོན་ཏན་སོགས།།

རང་རང་ཐུན་མོང་མ་ཡིན་པའི།།

ཁྱད་པར་དོར་བའི་སྒྲ་ཙམ་ཞིག།

ཆོས་ཅན་ཉིད་དུ་འཛིན་པ་བཞིན།།

འདིར་ཡང་དོན་དམ་ཀུན་རྫོབ་ཀྱི།།

ཁྱད་པར་དོར་བའི་མིག་སོགས་ཙམ།།

ཆོས་ཅན་འཛིན་ཕྱིར་མ་གྲུབ་པའི།།

ཕྱོགས་ཀྱི་སྐྱོན་སོགས་མེད་ཅེ་ན།།

ཞེས་བྱུང་།  སློབ་དཔོན་ལེགས་ལྡན་གྱིས་འདི་ལྟར། དཔེར་ན་རང་སྡེ་གྲུབ་མཐའ་འོག་མས་ཕྱི་རོལ་བྱེ་བྲག་པར་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་ན། འབྱུང་འགྱུར་གྱི་ནམ་མཁའ་ཆོས་ཅན་དུ་བཟུང་ན་བྱེ་བྲག་པར་མ་གྲུབ་པ་དང་ནམ་མཁའི་ཡོན་ཏན་སོགས་གྱི་སྒྲ་ཆོས་ཅན་དུ་བཟུང་ན་རང་སྡེ་ནང་བ་ལ་མི་འགྲུབ་པའི་རྒྱུ་མཚན་གྱིས། རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་པར་དག་དོར་བའི་སྒྲ་སྤྱི་ཙམ་པ་ཞིག་ཆོས་ཅན་ཉིད་དུ་འཛིན་པ་བཞིན་དུ། ཁོ་བོས་བདག་སྐྱེ་མེད་པར་སྒྲུབ་པའི་སྐབས་འདིར་ཡང་དོན་དམ་དང་ཀུན་རྫོབ་ཀྱི་ཁྱད་པར་དོར་བའི་མིག་སོགས་སྤྱི་ཙམ་པ་ཞིག་ཆོས་ཅན་དུ་འཛིན་པ་དེའི་ཕྱིར་ན། གཞི་མ་གྲུབ་པའི་ཕྱོགས་སམ་རྟགས་ཀྱི་སྐྱོན་སོགས་ཁོ་བོ་ལ་མེད་ཅེ་ན། ཞེས་བྱུང་།

རྩ་བར། དོན་ནི་དེ་ལྟར་མི་འཐད་དེ།།

ལེགས་ལྡན་ཆོས་ཀུན་རང་མཚན་གྱིས།།

གྲུབ་པར་ཁས་བླངས་དེ་ལྟ་ན།།

མིག་སོགས་གནས་ལུགས་འཇལ་བ་ཡི།།

མ་འཁྲུལ་ཚད་མའི་རྙེད་དོན་དུ།།

ཁས་ལེན་དགོས་ཕྱིར་གྲངས་ཅན་གྱི།།

འཁྲུལ་ཤེས་ཡུལ་དུ་མེད་དགོས་ཏེ།།

ཕྱིན་ཅི་ལོག་དང་མ་ལོག་པའི།།

རྙེད་དོན་གཉིས་པོ་འགལ་བས་སོ།།

ཞེས་བྱུང་། དཔེ་ལ་ཆོས་ཅན་སྤྱི་ཙམ་འཛིན་པ་ཡོད་ཀྱང་དོན་ལ་ནི་རིགས་ངོའི་མིག་སོགས་བདག་ལས་སྐྱེ་བ་མེད་པར་སྒྲུབ་པ་ཡིན་པས་དེ་ལྟར་སྤྱི་ཙམ་པ་འཛིན་པ་མི་འཐད་དེ། ལེགས་ལྡན་གྱིས་མིག་ལ་སོགས་པའི་ཆོས་ཀུན་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་པ་དེ་ལྟ་ན། དེ་དག་བདེན་པར་གྲུབ་དགོས་ཤིང་། བདེན་པར་གྲུབ་ན་བདེན་པ་ཡིན་དགོས་པས་མིག་སོགས་གནས་ལུགས་འཇལ་བའི་རིགས་ཤེས་མ་འཁྲུལ་བའི་ཚད་མའི་རྙེད་དོན་དུ་ཁས་ལེན་དགོས་ཤིང་། མ་འཁྲུལ་བའི་ཤེས་པའི་རྙེད་དོན་ལ་རྫུན་པ་གཅིག་མི་ཡོང་བ་དེའི་ཕྱིར་གྲངས་ཅན་པ་རྣམས་ཀྱི་འཁྲུལ་ཤེས་ཀྱི་ཡུལ་དུ་མེད་དགོས་པ་ཡིན་ཏེ། ཕྱིན་ཅི་ལོག་འཁྲུལ་ཤེས་དང་ཕྱིན་ཅི་མ་ལོག་པ་མ་འཁྲུལ་བའི་བློའི་རྙེད་དོན་གཉིས་པོ་འགལ་བ་ཡིན་པས་སོ།། ཞེས་པའོ།།  

རྩ་བར། ཡང་ན་དབུ་མའི་ལུགས་ལ་ནི།།

མིག་སོགས་ཕྱིན་ཅི་ལོག་ཙམ་གྱི།།

ཤེས་པའི་རྙེད་དོན་ཡིན་དགོས་ལ།།

དངོས་སྨྲའི་ལུགས་ལ་མ་ལོག་པའི།།

རྙེད་དོན་ཡིན་པར་འདོད་པས་ན།།

ཆོས་ཅན་རྒོལ་བ་གཉིས་ཀ་ལ།།

ཚད་མས་གྲུབ་ཚུལ་མཐུན་སྣང་མེད།།

རབ་རིབ་ཡོད་མེད་གཉིས་ཀ་ལ།།

སྐྲ་ཤད་མཐུན་སྣང་མེད་བཞིན་ནོ།།

ཞེས་བྱུང་། ཡང་ན་དབུ་མ་བས་རང་མཚན་གྱི་དངོས་པོ་སྨྲ་བ་ལ་མིག་སོགས་བདག་ལས་སྐྱེ་བ་མེད་པར་སྒྲུབ་པའི་ཚེ་རྒོལ་སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་ཆོས་ཅན་མཐུན་སྣང་བ་མེད་དེ། དབུ་མ་བའི་ལུགས་ལ་ནི་མིག་ལ་སོགས་པ་འཇལ་བའི་ཚད་མ། དེ་དག་གི་རང་མཚན་སྣང་བ་ལ་འཁྲུལ་བའི་རྒྱུ་མཚན་གྱིས། བློ་ཕྱིན་ཅི་ལོག་ཙམ་གྱི་འཁྲུལ་བའི་ཤེས་པའི་རྙེད་དོན་ཡིན་དགོས་པར་འདོད་ལ། དངོས་སྨྲ་བ་རྣམས་ཀྱི་ལུགས་ནི། བློ་དེ་མིག་ལ་སོགས་པ་འཇལ་བའི་ཚད་མར་སོང་ན་དེ་དག་གི་རང་མཚན་ལ་ཡང་ཚད་མར་འགྲོ་དགོས་པར་འདོད་པས་ཕྱིན་ཅི་མ་ལོག་པ་མ་འཁྲུལ་བའི་ཚད་མའི་རྙེད་དོན་ཡིན་པར་འདོད་པས་ན། བདག་སྐྱེ་མེད་པ་སོགས་སྒྲུབ་པའི་ཚེ་ཆོས་ཅན་རྒོལ་བ་གཉིས་ཏེ་སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མེད་པའི་ཕྱིར། དཔེར་ན་རབ་རིབ་ཀྱི་སྣང་བ་ཡོད་མེད་གཉིས་ཀ་ལ་སྐྲ་ཤད་མཐུན་སྣང་བ་མེད་པ་བཞིན་ནོ།། ཞེས་པའོ།།  ཚིག་གསལ་༩བ༣ལས།  གང་གི་ཚེ་འདིར་སྐྱེ་བ་བཀག་པ་བསྒྲུབ་པར་བྱ་བའི་ཆོས་སུ་འདོད་པ་དེའི་ཚེ་དེ་ཁོ་ནར་དེའི་རྟེན་ཆོས་ཅན་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་ནི་ཉམས་པར་འགྱུར་བར་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དོ།། ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་དག་ནི་ཐ་དད་པ་ཡིན་ནོ།། དེའི་ཕྱིར། གང་གི་ཚེ་རབ་རིབ་ཅན་གྱིས་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་ལོག་གིས་ཡོད་པ་མ་ཡིན་པ་ཡོད་པ་ཉིད་དུ་འཛིན་པ་དེའི་ཚེ་ནི་ཡོད་པར་གྱུར་པའི་དོན་ཆ་ཙམ་ཡང་དམིགས་པར་ག་ལ་འགྱུར། གང་གི་ཚེ་རབ་རིབ་ཅན་མ་ཡིན་པས་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་མ་ལོག་པས་ཡང་དག་པ་མ་ཡིན་པ་སྒྲོ་འདོགས་པ་དེའི་ཚེ་ན་ཡང་གང་གིས་ན་དེའི་ཚེ་ན་ཀུན་རྫོབ་ཏུ་འགྱུར་བ་ཡོད་པ་མ་ཡིན་པར་གྱུར་པའི་དོན་ཆ་ཙམ་ཡང་དམིགས་པར་ག་ལ་ཡོད། ཅེས་གསུངས།  ཚིག་གསལ་གྱི་གཞུང་འདིའི་འབྲུ་སྣོན་ཚུལ་ལ་ལེགས་བཤད་སྙིང་བོ་དང་ལམ་རིམ་ཚིག་ཟིན་མི་འདྲ་བར་གསུངས། ཀུན་མཁྱེན་བླ་མའི་རྣམ་ཐར་དུ་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་གྱིས་ཀུན་མཁྱེན་བླ་མར་དྲི་བ་དང་དེའི་དྲིས་ལན་ཀུན་མཁྱེན་བླ་མས་མཛད་ཚུལ་དང་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་རྣམ་ཐར་ལས་དྲི་བ་དྲིས་ལན་གྱི་ཚུལ་དུ་རིམ་བཞིན་ཆོས་ཅན་མཐུན་སྣང་བ་དང་རང་རྒྱུད་ཀྱི་སྐོར་འབྱུང་།   སྟོང་ཐུན་ལས། དེས་ན་ཐལ་འགྱུར་བའི་ལུགས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞལ་བྱ་འཇལ་བའི་ཚད་མ་ཐ་སྙད་དུ་ཡང་མེད་པས་དངོས་སྨྲ་བ་དང་གཉི་གའི་ལུགས་ལ་ཆོས་ཅན་ཚད་མས་གྲུབ་ཚུལ་མཐུན་སྣང་དུ་གྲུབ་པ་མི་སྲིད་པའི་ཕྱིར་གཞན་ལ་གྲགས་པའི་རྗེས་དཔག་དང་ཐལ་འགྱུར་ཙམ་གྱིས་སྒོ་ནས་ཕ་རོལ་པོའི་རྒྱུད་ལ་བདེན་མེད་རྟོགས་པའི་ངེས་ཤེས་སྐྱེད་པར་བྱེད་པ་ཡིན་ནོ།། ཞེས་གསུངས།  རྗེ་སྒོ་གཉིས་ཀྱིས་བདེན་མེད་སྒྲུབ་ཚེ་ཐལ་འགྱུར་ཙམ་གྱིས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེད་ཐུབ་པར་བཞེད་ལ་གྲྭ་ཚང་བློ་གསལ་གླིང་གིས་དེ་ལྟར་མི་བཞེད་པར་ཚུལ་གསུམ་ཚང་བའི་གཏན་ཚིགས་བརྟེན་དགོས་པར་བཞེད། ལམ་རིམ་ཆེན་མོ་ལས། དེའི་ཕྱིར་དངོས་པོ་རྣམས་ལ་རང་བཞིན་མེད་པ་ཡང་དེ་ལ་བརྟེན་ནས་ངེས་པར་འགྱུར་ཏེ། འདི་ནི་ཐལ་འགྱུར་བྱས་པའི་ཚེ་དེའི་བྱེད་པ་ལ་བརྟེན་ནས་རྗེས་དཔག་སྐྱེས་པ་ཡིན་གྱི། དངོས་སུ་དམ་བཅའ་བརྗོད་པའི་སྦྱོར་ངག་མེད་དོ།།

ཞེས་གསུངས།

རྩ་བར།མདོར་ན་རང་མཚན་ཁས་བླངས་ཕྱིར།།

དོན་དམ་ཀུན་རྫོབ་གང་གི་ཡང་།།

ཁྱད་པར་དོར་བའི་དོན་ཙམ་ལ།།

ཚད་མར་འགྲོ་ཚུལ་མི་སྲིད་དོ།།

ཞེས་བྱུང་། དབུ་མ་བས་རང་མཚན་མི་བཞེད་པ་དང་དངོས་སྨྲ་བས་རང་བཞིན་གྱིས་གྲུབ་པའི་རང་མཚན་ཁས་བླངས་པའི་ཕྱིར།  གཞི་མྱུ་གུ་ལྟ་བུ་ལ་དོན་དམ་དང་ཀུན་རྫོབ་གང་གི་ཡང་ཁྱད་པར་སྦྱར་བ་དོར་བའི་དོན་ཙམ་སྟེ་མྱུ་གུ་ལྟ་བུ་ལ་ཚད་མར་སོང་བ་ཙམ་ཡོད་ཀྱང་ཚད་མར་འགྲོ་ཚུལ་མཐུན་སྣང་བ་མི་སྲིད་དོ།། ཞེས་པའོ།།

རྩ་བར།   དཔེ་ནི་འདྲ་བ་མ་ཡིན་ཏེ།།

རང་རྒྱུད་མན་ཆད་རང་མཚན་གྱིས།།

གྲུབ་པར་ཁས་ལེན་མཐུན་པས་ན།།

ཆོས་ཅན་གྲུབ་ཚད་མཐུན་སྣང་ཡོད།།

ཐལ་རང་གཉིས་ལ་ཆོས་ཅན་ནི།།

ཚད་མས་གྲུབ་ཚད་མཐུན་སྣང་མེད།།

ཅེས་བྱུང་། ལེགས་ལྡན་ཁྱེད་ཀྱིས་བཀོད་པའི་དཔེ་དོན་ནི་ཐལ་འགྱུར་བས་དངོས་སྨྲ་བ་ལ་མྱུ་གུ་སོགས་བདག་ལས་མི་སྐྱེ་བར་སྒྲུབ་པའི་ཚེ་འདྲ་བ་མ་ཡིན་ཏེ། དབུ་མ་རང་རྒྱུད་པ་མན་ཆད་ཀྱིས་རང་མཚན་གྱིས་གྲུབ་པའི་དོན་ཁས་ལེན་པ་མཐུན་པས་ན་སྟེ་མཐུན་པའི་རྒྱུ་མཚན་གྱིས། ཆོས་ཅན་ཚད་མས་གྲུབ་ཚུལ་མཐུན་སྣང་བ་ཡོད་ཀྱང་། ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་ལ་ཆོས་ཅན་ནི། ཚད་མས་གྲུབ་ཚད་མཐུན་སྣང་བ་མེད་པའི་ཕྱིར། ཞེས་པའོ།།  སྒྲུབ་བྱེད་སྔར་བཤད་ཟིན་ཏོ།།

རྩ་བར། ཆོས་ཅན་མཐུན་སྣང་མ་གྲུབ་པའི།།

ཕྱོགས་སྐྱོན་འགྱུར་བའི་རིགས་པ་དེས།།

སྦྱོར་བའི་བསྟན་ཚིགས་ཡོད་པའི་ཕྱིར།།

ཞེས་པའང་མ་གྲུབ་ཚུལ་ལ་སྦྱར།།

དེ་ལྟར་སྦྱར་ནས་འགོག་ཚུལ་དེ།།

ལེགས་ལྡན་དོན་གྱིས་ཁས་བླངས་ཏེ།།

དངོས་སྨྲས་སྒྲུབ་བྱེད་བཀོད་པ་ཡི།།

རྟགས་ལ་ལེགས་ལྡན་བདེན་གཉིས་ཀྱི།།

བརྟགས་པ་བྱས་ནས་འགོག་པས་ན།།

དེ་ནི་རང་ལའང་མཚུངས་པས་སོ།།

ཞེས་བྱུང་། གོང་གི་སྦྱོར་བ་དེ་ཆོས་ཅན་མཐུན་སྣང་བ་མ་གྲུབ་པའི་ཆོས་དང་ཆོས་ཅན་ཚོགས་པའི་ཕྱོགས་སྐྱོན་དུ་འགྱུར་བར་བཤད་པའི་རིགས་པ་དེས། རང་རྒྱུད་ཀྱི་སྦྱོར་བའི་གཏན་ཚིགས་སམ་རྟགས་ཡོད་པའི་ཕྱིར། ཞེས་པ་འདི་ཡང་མཐུན་སྣང་བ་མ་གྲུབ་པའི་ཚུལ་ལ་སྦྱར་བར་འགྱུར་ཏེ། དེ་ལྟར་ཁོ་བོས་མཐུན་སྣང་བར་སྦྱར་ན་འགོག་ཚུལ་དེ་ལེགས་ལྡན་ཀྱང་དངོས་སུ་ཁས་མི་ལེན་ཡང་དོན་གྱིས་ཁས་བླངས་པར་སོང་ཞིང་ཁས་ལེན་དགོས་པའི་ཕྱིར་ཏེ། དངོས་སྨྲས་མིག་ལ་སོགས་པའི་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། རྒྱུ་ཡོད་པ་ཁོ་ན་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར། ཞེས་སྒྲུབ་བྱེད་བཀོད་པའི་རྟགས་ལ་ལེགས་ལྡན་གྱིས་བདེན་གཉིས་ཀྱི་བརྟགས་པ་བྱས་ནས་ཏེ། དེ་དོན་དམ་པར་གྲུབ་པ་དང་ཀུན་རྫོབ་ཙམ་དུ་གྲུབ་པ་གང་དུ་འདོད། དོན་དམ་པར་གྲུབ་ན་དབུ་མ་བར་མ་གྲུབ་པ་དང་། ཀུན་རྫོབ་ཙམ་དུ་གྲུབ་ན་དངོས་སྨྲ་བ་ལ་མ་གྲུབ་པས་གཏན་ཚིགས་དེ་རྒོལ་བ་གཉིས་ཀ་ལ་མ་གྲུབ་པའི་སྐྱོན་ཡོང་ཞེས་དངོས་སྨྲ་བ་དགོག་པའི་ཕྱིར། དེས་ན་ཕ་རོལ་དངོས་སྨྲ་བ་ལ་བཏང་བའི་སྐྱོན་དེ་ནི་རང་ལའང་གྲངས་ཅན་པའི་བདག་སྐྱེ་འགོག་པའི་རང་རྒྱུད་ལ་རྟགས་དང་ཆོས་ཅན་མ་གྲུབ་པའི་སྐྱོན་ཡོང་ཚུལ་མཚུངས་པས་སོ།། ཞེས་པའོ།།  རྩ་བར།

རང་རྒྱུད་སྦྱོར་བ་གཞན་རྣམས་ལའང་།།

སྐྱོན་བརྗོད་དེ་བཞིན་སྦྱར་བར་བྱ།།

ཡོད་པ་རྟགས་སུ་བཀོད་པ་དེ།།

ཤེས་པ་ཡོད་བཞིན་མི་སྐྱེ་བའམ།།

བུམ་སོགས་ལྟར་དུ་སྐྱེ་སྙམ་དུ།།

གྲངས་ཅན་མ་ངེས་སྐྱོན་ཡང་ཡོད།།

ཅེས་བྱུང་། རང་རྒྱུད་ཀྱི་སྦྱོར་བ་གཞན་རྣམས་ལའང་གོང་དུ་སྐྱོན་བརྗོད་དེ་བཞིན་དུ་སྦྱར་བར་བྱ་ཞིང་། སྦྱོར་བ་གཞན་ནི། མིག་སོགས་ཆོས་ཅན། དོན་དམ་པར་གཞན་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན། ཞེས་དང་། བརྟེན་པ་དང་བཅས་པའི་མིག་ཆོས་ཅན། དོན་དམ་པར་གཟུགས་ལ་མི་བལྟ་སྟེ། མིག་གི་དབང་བོ་ཡིན་པའི་ཕྱིར། དཔེར་ན་དེ་མཚུངས་ཀྱི་མིག་དབང་བཞིན་ཞེས་པ་སོགས་སོ།།  ཡོད་པ་བདག་སྐྱེ་འགོག་པའི་སྦྱོར་བའི་རྟགས་སུ་བཀོད་པ་དེ། གྲངས་ཅན་གྱིས་མིག་ལ་སོགས་པ་ཡོད་པའི་ཕྱིར་ཞེས་པ། ཤེས་པ་ཡོད་པ་བཞིན་བདག་ལས་མི་སྐྱེ་བ་ཞིག་གམ་བུམ་སོགས་ལྟར་དུ་བདག་ལས་སྐྱེ་བ་ཞིག་ཡིན་སྙམ་དུ་དོགས་པར་འགྱུར་བས། མ་གྲུབ་པའི་སྐྱོན་ཡོད་པར་མ་ཟད་གྲངས་ཅན་གྱིས་མ་ངེས་པའི་སྐྱོན་ཡང་ཡོད་པའི་ཕྱིར། ཞེས་པའོ།།

རྩ་བར། ཇི་སྐད་བཤད་པའི་སྐྱོན་དེ་རྣམས།།

རང་ལ་མི་མཚུངས་རང་རྒྱུད་ཀྱི།།

རྟགས་སྦྱོར་འདོད་པ་མ་ཡིན་ལ།།

གཞན་གྲགས་རྟགས་ལ་སྐྱོན་མི་འཇུག།

ཅེས་བྱུང་། སློབ་དཔོན་ལེགས་ལྡན་གྱིས་སློབ་དཔོན་ཟླ་གྲགས་ལ་ཁྱོད་ཀྱི་བཀོད་པའི་གཞན་གྲགས་ལའང་ཇི་སྐད་བཤད་པའི་སྐྱོན་དེ་རྣམས་ཡོད་པར་སྨྲས་པ་ལ། སློབ་དཔོན་ཟླ་གྲགས་རང་ལ་མི་མཚུངས་ཏེ། གཞན་གྲགས་ཀྱི་རྟགས་ཆོས་དོན་གསུམ་རྒོལ་བ་གཉིས་ཀར་ཚད་མས་གྲུབ་པ་ཡོད་ཀྱང་གྲུབ་ཚུལ་མཐུན་སྣང་བ་མེད་པས་རང་རྒྱུད་ཀྱི་རྟགས་སྦྱོར་འདོད་པ་མ་ཡིན་པའི་ཕྱིར་ན་ཁོ་བོའི་གཞན་གྲགས་ཀྱི་རྟགས་ལ་སྐྱོན་དེ་དག་མི་འཇུག། ཅེས་པའོ།། ལྔ་བ་ནི།

རྩ་བར།རྟགས་ཆོས་དོན་གསུམ་རང་ངོས་ནས།།

གྲུབ་པར་རྒོལ་བ་གཉིས་ཀའི་ངོར།།

མཐུན་སྣང་གྲུབ་ལ་རང་རྒྱུད་ཟེར།།

དེ་ལྟར་མཐུན་སྣང་མི་དགོས་པར།།

ཕྱི་རྒོལ་རང་གི་ཁས་བླངས་ལ།།

འཁྲིས་པའི་རྟགས་ནི་གཞན་གྲགས་ཡིན།།

ཞེས་བྱུང་། རང་རྒྱུད་ཅེས་པ་ཇི་ལྟ་བུ་ཞེ་ན། རྟགས་ཆོས་དོན་གསུམ་རང་ངོས་ནས་གྲུབ་པར་རྒོལ་སྔ་རྒོལ་ཕྱི་རྒོལ་གཉིས་ཀའི་ངོ་བོར་མཐུན་སྣང་དུ་གྲུབ་པ་ཞིག་ལ་རང་རྒྱུད་ཟེར་ལ། དེ་ཡང་ཚུལ་གསུམ་རང་ངོས་ནས་གྲུབ་པའི་སྦྱོར་བ་ནི་རང་རྒྱུད་ཀྱི་སྦྱོར་བ་ཡིན་ཞིང་། ལུགས་འདིས་རང་རྒྱུད་མི་བཞེད་དེ། ཆོས་ཐམས་ཅད་སྒྲ་རྟོག་གིས་བཏགས་པ་ཙམ་དུ་ཁས་ལེན་པའི་ཕྱིར་རོ།། གཞན་གྲགས་ཀྱི་རྟགས་ནི་ཇི་ལྟ་བུ་ཞེ་ན། དེ་ལྟར་རྟགས་ཆོས་དོན་གསུམ་མཐུན་སྣང་དུ་གྲུབ་མི་དགོས་པར་ཕྱི་རྒོལ་རང་གི་ཁས་བླངས་ཙམ་ལ་འཁྲིས་པའི་རྟགས་ལ་གཞན་གྲགས་ཟེར་ཞིང་། ལུགས་འདིས་གཞན་གྲགས་ཀྱི་སྒོ་ནས་དངོས་སྨྲ་རྣམས་ལ་བདག་མེད་སྒྲུབ་པ་སོགས་ཡིན་པའི་ཕྱིར་རོ།། ཞེས་པའོ།། སྟོང་ཐུན་ལས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞལ་བྱ་ལ་མ་འཁྲུལ་བའི་ཚད་མས་རྙེད་དོན་ཡིན་པར་སྔ་རྒོལ་ཕྱི་རྒོལ་གཉི་གའི་ལུགས་ལ་མཐུན་སྣང་དུ་གྲུབ་པའི་ཆོས་ཅན་གྱི་སྟེང་དུ། སྔ་རྒོལ་གང་ལ་དཔག་འདོད་ཞུགས་པའི་བསྒྲུབ་བྱའི་ཆོས་སྒྲུབ་བྱེད་ཀྱི་གཏན་ཚིགས་སུ་བཀོད་པ། ཞེས་པ་རང་རྒྱུད་ཀྱི་རྟགས་ཀྱི་དོན་ཡིན་ལ། ཆོས་ཅན་དེ་ཉིད་ཚད་མས་འགྲུབ་ཚུལ་སྔ་རྒོལ་ཕྱི་རྒོལ་གཉི་གའི་མཐུན་སྣང་དུ་གྲུབ་པ་མེད་ཀྱང་སྤྱིར་ཆོས་ཅན་དེ་ཉིད་སྔ་རྒོལ་གྱི་ལུགས་ལའང་ཚད་མས་གྲུབ། ཕྱི་རྒོལ་གྱི་ལུགས་ལའང་ཚང་མས་གྲུབ་ཅིང་ཆོས་ཅན་དང་ཕྱོགས་ཆོས་སོགས་ཕྱི་རྒོལ་གྱི་ལུགས་ལ་ཚད་མས་གྲུབ་པའི་ཁས་བླངས་ལ་འཁྲིས་ནས་བཀོད་པའི་གཏན་ཚིགས་ནི་གཞན་གྲགས་ཀྱི་རྗེས་དཔག་ཅེས་བྱ། ཞེས་གསུངས། ཡང་གཞན་གྲགས་ཀྱི་དོན་ནི། ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་ཐལ་ལྡོག་ཟིན་བྲིས་ལས། ཐལ་འགྱུར་བ་དང་རང་རྒྱུད་པའི་རྟེན་འབྱུང་མི་འདྲ་ཡང་རྟེན་འབྱུང་ཙམ་ཐལ་རང་གཉིས་ཀས་རྟོགས་པ་མཐུན་པར་གྲགས་པས་ན་གཞན་གྲགས་ཞེས་བཤད། ཅེས་གསུངས།   འདི་ལས་འཕྲོས་ནས་མཁས་པ་ལ་ལས་དངོས་སྨྲ་བ་ནང་ཕན་ཚུན་ལའང་ཆོས་ཅན་མཐུན་སྣང་བ་འོང་ས་མི་འགྲོ་བར་གསུང་གིན་གདའ། 

རྩ་བར། མདོར་ན་རང་རྒྱུད་འགོག་པ་ནི།།

ཆོས་ཅན་མཐུན་སྣང་འགོག་ཚུལ་དང་།།

དེ་ཡང་རང་ངོས་ནས་གྲུབ་པ།།

འགོག་པའི་གནད་ལ་ཐུག་པ་ཡིན།།

 ཞེས་བྱུང་། མདོར་ན་རང་རྒྱུད་འགོག་པ་ནི་ཆོས་ཅན་མཐུན་སྣང་བ་འགོག་ཚུལ་ལ་ཐུག་པ་དང་ཆོས་ཅན་མཐུན་སྣང་བ་འགོག་ཚུལ་དེ་ཡང་རང་ངོས་ནས་གྲུབ་པ་འགོག་པའི་གནད་ལ་ཐུག་པ་ཡིན། ཞེས་པའོ།།    འཕྲོས་དོན། ཆོས་ཅན་མཐུན་སྣང་བའི་དོན། གུང་ཐང་བླ་མའི་ཕར་ཕྱིན་གཅིག་ཏུ་བྲལ་ཐད་ཀྱི་མཆན་༼ཕེ༽ལས། འདི་བའི་བློ་གནོད་མེད་ཅེས་པའི་བློ་ལ་རྟོག་མེད་གཙོ་ཞིང་། གནོད་མེད་ཀྱི་དོན་ཡང་རང་མཚན་སྣང་བ་ལ་གནོད་པ་མེད་ཅིང་ཡུལ་གྱི་རང་མཚན་ལ་ཚད་མར་སོང་བ་དགོས་པས་ཆོས་ཅན་འཛིན་པའི་ཚེ་ཡང་རྒོལ་ཕྱི་རྒོལ་གཉིས་ཀ་ལ་ཐུན་མོང་དུ་ཆོས་ཅན་དེའི་རང་མཚན་ལ་ཚར་མར་སོང་བ་དགོས་ཤིང་། དེ་ནི་ཚད་གྲུབ་མཐུན་སྣང་ངམ་ཆོས་ཅན་མཐུན་སྣང་བའི་དོན་དུ་འདོད་དོ། དེའི་རྒྱུ་མཚན་གྱིས་ཟླ་བས་དཔེ་ལ་འདྲ་བ་མེད་པར་གསུངས་ཏེ། འབྱུང་འགྱུར་དང་ནམ་མཁའི་ཡོན་ཏན་ལྟ་བུའི་ཁྱད་པར་དོར་ནས་འཛིན་ལུགས་ཡོད་ཀྱང་། རང་མཚན་གྱི་ཁྱད་པར་དོར་ནས་འཆད་ཚུལ་མེད་པར་ཁྱོད་ཀྱང་འདོད་པའི་ཕྱིར། གསུངས་པ་ཡིན་ནོ།། ཞེས་གསུངས།   སློབ་དཔོན་ལེགས་ལྡན་གྱིས་གྲངས་ཅན་ལ་བཀོད་པའི་བདག་སྐྱེ་འགོག་བྱེད་ཀྱི་སྦྱོར་བ་དེར་རྒོལ་བ་གཉི་གར་ཆོས་ཅན་མཐུན་སྣང་བ་ཡོད་མེད་ཀྱིས་དཔྱད།  འཇུག་པ་ལས། དེ་ཉིད་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན།། ནས། བྱ་མིན་རྒྱ་ཆེར་བཤད་པའི་ཉེས་པ་ཐལ་བར་འགྱུར་ཕྱིར་རོོ།། ཞེས་པས་བདག་སྐྱེ་བཀག་གོ།

གཉིས་པ་གཞན་སྐྱེ་དགག་པ་ལ། གཞན་སྐྱེའི་དོན་དང་།         དེ་འདོད་མཁན་ངོས་བཟུང་བ་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གཞན་སྐྱེ་དགག་པ་དང་། དེ་ལ་སློབ་དཔོན་ལེགས་ལྡན་གྱིས་སྐྱོན་བརྗོད་ཚུལ་དང་། དེའི་སྐྱོན་སྤོང་སློབ་དཔོན་ཟླ་བས་མཛད་ཚུལ་དང་བཞི།    དང་བོ་ནི།

རྩ་བར།  རང་བཞིན་གྱིས་གྲུབ་རྒྱུ་གཞན་ལས།།

དེ་འདྲའི་འབྲས་གཞན་སྐྱེ་བ་ནི།།

གཞན་སྐྱེ་དོན་དུ་ཐལ་འགྱུར་བ།།

མ་གཏོགས་རང་སྡེ་ཐམས་ཅད་དང་།།

གཞན་སྡེ་འགས་ཀྱང་འདོད་པ་ཡིན།།

ཞེས་བྱུང་། གཞན་སྐྱེའི་དོན་ཇི་ལྟ་བུ་ཞེ་ན། རང་བཞིན་གྱིས་གྲུབ་པའི་རྒྱུ་གཞན་ལས་དེ་འདྲ་བའི་འབྲས་བུ་གཞན་ཞིག་སྐྱེ་བ་ནི། གཞན་སྐྱེ་དོན་དུ་ཐལ་འགྱུར་བ་མ་གཏོགས་པའི་རང་སྡེ་ཐམས་ཅད་དང་། གཞན་སྡེ་ཕྱི་རོལ་པ་འགས་ཀྱང་དེ་གཞན་སྐྱེ་དོན་དུ་འདོད་པ་ཡིན་ནོ།། ཞེས་པའོ།།  གཞན་སྐྱེའི་དོན་བ་ཚབ་ལོ་ཙཱ་བ་ལྟར་ན་དེ་ཉིད་ཀྱིས་མཛད་པའི་ཐལ་བཟློག་འགྲེལ་བ་ལས། གཞན་ལས་སྐྱེ་བ་ནི་རྒྱུའང་འབྲས་བུ་མེད་པ་སྐྱེ་བ་ཡིན་ལ། ཞེས་གསུངས། གཉིས་པ་ནི།         རྩ་བར། འགོག་ཚུལ་བུདྡྷ་པཱ་ལི་ཏར།།

གཞན་ལས་སྐྱེ་དང་ཐམས་ཅད་ལས།།

ཐམས་ཅད་མི་སྐྱེ་འགལ་བརྗོད་ཀྱི།།

ཐལ་འགྱུར་སྒོ་ནས་དགག་པར་མཛད།།

ཅེས་བྱུང་། གཞན་སྐྱེ་འགོག་ཚུལ་ནི་འགྲེལ་བ་བུདྡྷ་པཱ་ལི་ཏ་སྟེ་འགྲེལ་བ་སངས་རྒྱས་བསྐྱངས་སུ། ལེགས་ལྡན་གྱིས་གཞན་སྐྱེ་འདོད་པ་དང་ཐམས་ཅད་ལས་ཐམས་ཅད་མི་སྐྱེ་བར་འདོད་པ་འགལ་བ་བརྗོད་པའི་ཐལ་འགྱུར་གྱི་སྒོ་ནས་དགག་པར་མཛད་པ་ཡིན་ཏེ། འདི་ལྟར་མེ་ལྕེ་ལས་མུན་པ་འབྱུང་བ་ལ་སོགས་པར་འགྱུར་བའི་ཕྱིར་ཏེ་རང་མཚན་གྱིས་གྲུབ་པའི་རྒྱུ་ལས་སྐྱེ་བའི་ཕྱིར། ཅེས་པའོ།  འགྲེལ་བ་བུདྡྷ་པཱ་ལི་ཏ་སྟེ་སྡེ་བསྟན་དབུ་མ་ཙ་བའི་༡༦༡བ་༥ལས། གཞན་ལས་ཀྱང་སྐྱེ་བ་མེད་དེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར་རོ།། ཞེས་གསུངས། གསུམ་པ་ནི། རྩ་བར།

དེ་ལ་སློབ་དཔོན་ལེགས་ལྡན་གྱིས།།

གཞན་སྐྱེ་རང་ཡང་འདོད་དགོས་ཕྱིར།།

ཐ་སྙད་ཙམ་དུ་འགོག་མི་རིགས།།

དོན་དམ་དབང་དུ་འགོག་བྱེད་ཀྱི།།

རྟགས་དཔེ་ཡང་དག་མ་བརྗོད་དང་།།

དངོས་ཟིན་དོན་ལས་བཟློག་དགོས་ཕྱིར།།

གཞན་གྱིས་ཀླན་ཀའི་གླགས་རྙེད་ཅེས།།

སྐྱོན་བརྗོད་རྣམ་པ་གཉིས་མཛད་དོ།། 

ཞེས་བྱུང་། དེ་ལ་སློབ་དཔོན་ལེགས་ལྡན་གྱིས་སློབ་དཔོན་སངས་རྒྱས་བསྐྱངས་ལ། གཞན་སྐྱེ་ཁྱེད་རང་ཡང་འདོད་དགོས་པའི་ཕྱིར་ན། རྩ་བ་ཤེས་རབ་ལས་གཞན་ལས་མིན་ཞེས་གཞན་སྐྱེ་འགོག་པ་ན་དེ་ཐ་སྙད་ཙམ་དུ་ཡོད་པར་ཁྱེད་རང་འདོད་པས་ཐ་སྙད་ཙམ་དུ་ཡོད་པ་འགོག་མི་རིགས་ཤིང་། གཞན་སྐྱེ་དོན་དམ་གྱི་དབང་དུ་བྱས་ནས་འགོག་ན་དེ་འགོག་བྱེད་ཀྱི་རྟགས་དང་མཐུན་དཔེ་ཡང་དག་མ་བརྗོད་པ་དང་། དངོས་ཟིན་ཀྱི་རྟགས་ཆོས་ཀྱི་དོན་ལས་བཟློག་དགོས་པའི་ཕྱིར་ན་གཞན་གྱིས་ཀླན་ཀའི་གླགས་རྙེད་ཅེས། སྐྱོན་བརྗོད་རྣམ་པ་གཉིས་མཛད་དོ།། ཞེས་བྱའོ།།  ཤེས་རབ་སྒྲོན་མ་སྟེ་སྡེ་བསྟན་དབུ་མ་ཚ་བའི་༥༠ན༥ལས། འདི་ལ་གཞན་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པ་སྟེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པར་བྱེད་དོ།། དེས་ན་དེ་ནི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་བཟློག་པ་བྱས་ན་དངོས་པོ་རྣམས་བདག་གམ་གཉིས་སམ་རྒྱུ་མེད་ལས་སྐྱེ་བར་འགྱུར་བ་དང་། འགའ་ཞིག་ལས་འགའ་ཞིག་སྐྱེ་བར་འགྱུར་བའི་ཕྱོགས་སྔ་མ་དང་འགལ་བར་འགྱུར་རོ།། གཞན་དུ་ན་ཡང་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་དེ་ལ་སྒྲུབ་པ་དང་སུན་དབྱུང་བ་གཉིས་མེད་པའི་ཕྱིར། དེ་ནི་དོན་འབྲེལ་བ་མེད་པ་ཡིན་ཏེ། ཞེས་གསུངས།   བཞི་བ།

རྩ་བར། སྐྱོན་དེའང་འཇུག་པ་མ་ཡིན་ཏེ།།

སློབ་དཔོན་གཞན་སྐྱེ་མི་བཞེད་ཅིང་།།

འགལ་བ་བརྗོད་པའི་ཐལ་འགྱུར་གྱིས།།

གཞན་སྐྱེའི་དམ་བཅའ་འགོག་ནུས་ཕྱིར།།

རང་རྒྱུད་དཔེ་རྟགས་བརྗོད་མི་རིགས།།

བཟློག་པ་འཕངས་ཀྱང་རྒྱུ་འབྲས་ཀྱི།།

འབྲེལ་བ་ངེས་པས་སྐྱོན་མེད་དོ།།

ཞེས་བྱུང་། ཁྱེད་ཀྱིས་བརྗོད་པའི་སྐྱོན་དེའང་འཇུག་པ་མ་ཡིན་ཏེ་སློབ་དཔོན་གྱིས་གཞན་སྐྱེ་ཐ་སྙད་དུ་ཡང་མི་བཞེད་ཅིང་། གཞན་སྐྱེའི་ཁས་བླངས་ལ་འགལ་བ་བརྗོད་པའི་ཐལ་འགྱུར་གྱི་སྒོ་ནས་གཞན་སྐྱེའི་དམ་བཅའ་ཀུན་འགོག་ནུས་ཤིང་དབང་རྣོན་ལ་ཐལ་འགྱུར་དེས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་ནུས་པའི་ཕྱིར་དང་། དབང་རྟུལ་ལ་གཞན་གྲགས་ཀྱི་སྦྱོར་བ་དགོད་དགོས་ན་བཀོད་ཀྱང་རུང་ནའང་རང་རྒྱུད་ཀྱི་དཔེ་དང་རྟགས་སྦྱོར་རྒོལ་བ་གང་ལ་ཡང་བརྗོད་མི་རིགས་ཤིང་། རྒྱུ་དང་འབྲས་བུ་གཞན་ཉིད་དུ།། ནམ་ཡང་འཐད་པར་མི་འགྱུར་རོ།། ཞེས་པས་དཔེ་དོན་གཉིས་ཀར་བཟློག་པ་འཕངས་ཀྱང་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པའི་རྒྱུ་མཚན་གྱིས་སྐྱོན་མེད་དོ་ཅེས་པའོ།།  ཚིག་གསལ་ཏེ་སྡེ་བསྟན་དབུ་མ་འ་བའི་༡༢་ན༣ལས། འདི་ལ་སློབ་དཔོན་ལེགས་ལྡན་འབྱེད་ཞེས་པ་ནས་སུན་འབྱིན་ཉིད་ཀྱང་ཡིན་པའི་ཕྱིར་འདི་ནི་གྱི་ནའོ།། དེས་ན་སླར་ཡང་འབད་པར་མི་བྱའོ།། ཞེས་གསུངས།  གསུམ་པ་ནི།

རྩ་བར། བདག་གཞན་གཉིས་ཀ་ལས་སྐྱེ་བ།།

མི་སྟེགས་གཅེར་བུ་བ་འདོད་དེ།།

རྫ་བུམ་འཇིམ་པ་ལས་སྐྱེ་ཕྱིར།།

དེ་ལ་ལྟོས་ཏེ་བདག་སྐྱེ་དང་།།

རྫ་མཁན་འཁོར་ལོ་ལ་སོགས་ལ།།

ལྟོས་ཏེ་གཞན་སྐྱེ་ཡིན་ནོ་ཟེར།།

ཞེས་བྱུང་།  བདག་གཞན་གཉིས་ཀ་ལས་སྐྱེ་བ་ནི་མུ་སྟེགས་གཅེར་བུ་བ་འདོད་དེ། རྫ་བུམ་ལྟ་བུ་ཡིན་ན་འཇིམ་པ་ལས་སྐྱེ་བའི་ཕྱིར་དང་། དེ་འཇིམ་པའི་ངོ་བོ་ཡིན་པས་འཇིམ་པ་ལ་ལྟོས་ཏེ་རྫ་བུམ་དེ་ཉིད་བདག་སྐྱེ་ཡིན་པ་དང་། རྫ་མཁན་དང་དེ་བཟོ་བྱེད་ཀྱི་འཁོར་ལོ་སོགས་རྫ་བུམ་ལས་གཞན་ཡིན་པ་དང་དེ་ལས་སྐྱེས་པའི་ཕྱིར་དེ་དག་ལ་ལྟོས་ཏེ་རྫ་བུམ་དེ་ཉིད་གཞན་སྐྱེ་ཡིན་ནོ་ཞེས་ཟེར། ཞེས་པའོ།།

བ་ཚབ་ལོ་ཙཱ་བའི་ཐལ་བཟློག་འགྲེལ་བ་ལས། གཉིས་ཀ་ལས་སྐྱེ་བར་འདོད་པ་ནི་གཙོ་བོ་དབང་ཕྱུག་དང་བཅས་པར་སྨྲ་བའི་གྲངས་ཅན་སྟེ། ཞེས་འདོད་མཁན་གྲངས་ཅན་དང་། ཡོན་ཏན་གསུམ་གྱི་རང་བཞིན་གཙོ་བོ་ལས་སྐྱེ་བས་རང་ལས་ཀྱང་སྐྱེ། འབྱུང་བ་བཞི་ལས་སྐྱེ་བས་གཞན་ལས་ཀྱང་སྐྱེ་བར་འདོད་པའོ།། ཞེས་གཞན་སྐྱེའི་དོན་གསུངས་སོ།།

རྩ་བར། འགོག་ཚུལ་བདག་གཞན་སོ་སོ་བ།།

འགོག་པའི་ཚུལ་དང་མཚུངས་པ་འོ།།

ཞེས་བྱུང་། བདག་གཞན་གཉིས་ཀ་ལས་སྐྱེ་བ་འགོག་ཚུལ་བདག་གཞན་སོ་སོ་བ་འགོག་པའི་ཚུལ་དང་མཚུངས་པ་སྟེ། བདག་སྐྱེ་འགོག་ཚུལ་སྔར་གྲངས་ཅན་གྱི་བདག་སྐྱེ་འགོག་ཚུལ་དང་གཞན་སྐྱེ་འགོག་ཚུལ་སྔར་གྱི་རང་རྒྱུད་པ་མན་ཆད་ཀྱི་གཞན་སྐྱེ་འགོག་ཚུལ་གྱི་རིགས་པ་དང་མཚུངས། ཞེས་པའོ།། འགྲེལ་བ་བུདྡྷ་པཱ་ལི་ཏ་སྟེ་སྡེ་བསྟན་དབུ་མ་ཙ་བའི་༡༦༡བ་༥ལས། བདག་དང་གཞན་གཉིས་ལས་ཀྱང་སྐྱེ་བ་མེད་དེ། གཉི་གའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། ཞེས་གསུངས།       བཞི་བ་ལ།        རྒྱུ་མེད་ལས་སྐྱེ་བར་རློམ་པ་དག་གི་འདོད་པ་བརྗོད་པ་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དེ་དགག་པ། དེ་ལ་སློབ་དཔོན་ལེགས་ལྡན་གྱིས་སྐྱོན་བརྗོད་པ། སྐྱོན་མེད་ཚུལ་སློབ་དཔོན་ཟླ་བས་བཤད་པ་དང་བཞི།   དང་བོ་ནི།

 རྩ་བར། རྒྱང་འཕེན་པ་ནི་དངོས་པོ་རྣམས།།

རྒྱུ་མེད་པ་ལས་སྐྱེ་བར་འདོད།།

རྨ་བྱའི་མདོངས་ཀྱི་མདོག་སྣ་ཚོགས།།

རང་གིས་ངང་གིས་སྐྱེ་བཞིན་ཟེར།།

 ཞེས་བྱུང་། རྒྱང་འཕེན་པ་ནི་དངོས་པོ་རྣམས་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བར་འདོད་ལ། དེའི་སྒྲུབ་བྱེད་ལྟར་སྣང་ལ་དཔེར་ན་རྨ་བྱའི་མདོངས་ཀྱི་མདོག་སྣ་ཚོགས་པ་ཡོད་པ་དེ་གཞན་སུས་ཀྱང་མ་བྱས་པར་རང་གི་ངང་གིས་ཏེ་རང་གི་ངོ་བོ་ཉིད་ལས་སྐྱེ་བ་བཞིན་ཡིན་ཟེར། ཞེས་པའོ།།   ཤེས་རབ་སྒྲོན་མ་༥༡ན་༡་ལས། དེ་ལ་རེ་ཞིག་ངོ་བོ་ཉིད་དུ་སྨྲ་བ་དག་ན་རེ། ཞེས་པ་ནས། མཇུག་སྒྲོའི་ཚོགས་དག་གོ་མདོངས་བཀྲ་ཞིང་འཚེར་བག་ཡོད་པ་བཞིན་ནོ་ཞེས་ཟེར་རོ།།

ཞེས་གསུངས་སོ།།   གཉིས་པ་ནི།

རྩ་བར། འདི་ལའང་བུདྡྷ་པཱ་ལི་ཏར།།

རྒྱུ་མེད་པ་ལས་སྐྱེ་བ་དང་།།

རྟག་ཏུ་ཐམས་ཅད་ཐམས་ཅད་ལས།།

 མི་སྐྱེ་རྩོམ་པ་དོན་ཡོད་པ།།

འགལ་བ་བརྗོད་པའི་ཐལ་འགྱུར་གྱིས།།

ལོག་རྟོག་ཐ་ཆད་དེ་བཀག་གོ།

ཞེས་བྱུང་། དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བར་འདོད་པ་འདི་ལའང་འགྲེལ་བ་བུདྡྷ་པཱ་ལི་ཏར། དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་དང་དུས་རྟག་ཏུ་མི་སྐྱེ་བ་དང་ཐམས་ཅད་ཐམས་ཅད་ལས་མི་སྐྱེ་བར་འདོད་པ་དང་། ཞིང་གི་སོ་ནམ་སོགས་ཀྱི་བྱ་བར་འགོ་རྩོམ་པ་དོན་ཡོད་པར་འདོད་པ་འགལ་བ་ཡིན་པར་བརྗོད་པའི་ཐལ་འགྱུར་གྱི་སྒོ་ནས་རྒྱུ་མེད་ལས་སྐྱེ་བར་འདོད་པའི་ལོག་རྟོག་ཐ་ཆད་དེ་བཀག་གོ།། ཞེས་པའོ།། འགྲེལ་བ་བུདྡྷ་པཱ་ལི་ཏ་སྟེ་སྡེ་བསྟན་དབུ་མ་ཙ་བའི་༡༦༡བ་༦ལས། རྒྱུ་མེད་ལས་ཀྱང་སྐྱེ་བ་མེད་དེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་དང་། རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ།།

ཞེས་གསུངས།        གསུམ་པ་ནི།

རྩ་བར། འདི་ལའང་སློབ་དཔོན་ལེགས་ལྡན་གྱིས།།

གོང་བཞིན་དཔེ་རྟགས་མ་བརྗོད་དང་།།

གླགས་རྙེད་པ་ཡི་སྐྱོན་གཉིས་བརྗོད།།

ཅེས་བྱུང་། རྒྱུ་མེད་ལས་སྐྱེ་བ་འགོག་པའི་ཐལ་འགྱུར་འདི་ལའང་སློབ་དཔོན་ལེགས་ལྡན་གྱིས་གོང་གི་བདག་སྐྱེ་སྐབས་བཞིན་རང་རྒྱུད་ཀྱི་དཔེ་དང་རྟགས་སྦྱོར་ཡང་དག་མ་བརྗོད་པ་དང་རྒོལ་བ་གཞན་གྱིས་གླགས་རྙེད་པའི་སྐྱོན་གཉིས་བརྗོད། ཅེས་པའོ།།   བཞི་བ་ནི།

རྩ་བར། སྐྱོན་མི་འཇུག་ཚུལ་རིགས་བསྒྲེ་འོ།།

ཞེས་བྱུང་། སྐྱོན་དེ་མི་འཇུག་ཚུལ་གོང་བཞིན་དུ་རིགས་བསྒྲེ་བར་བྱ་ཞེས་པའོ།། 

ཚིག་གསལ་ཏེ་སྡེ་བསྟན་དབུ་མ་འ་བའི་༡༢་བ་༡་ལས། སློབ་དཔོན་སངས་རྒྱས་བསྐྱངས་ནི་དངོས་པོ་རྣམས་རྒྱུ་མེད་ལས་ཀྱང་སྐྱེ་བ་མེད་དེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་འཆད་དོ།། ཞེས་གསུངས།   གཉིས་པ་དེ་དག་གི་དོན་བསྡུ་བ་ནི།

རྩ་བར། དེ་ཡང་བུདྡྷ་པཱ་ལི་ཏར།།

ཐལ་འགྱུར་ཁོ་ནས་དགག་པ་ལ།།

ལེགས་ལྡན་དེ་ཉིད་མ་དགོངས་པར།།

དོན་མེད་སྐྱོན་མང་བཟུང་བ་ལ།།

དཔལ་ལྡན་ཟླ་བས་སྐྱོན་བསལ་ནས།།

འཁྲུལ་མེད་རང་ལུགས་གསལ་མཛད་དོ།།

ཞེས་བྱུང་། དེ་ཡང་མདོར་བསྡུ་ན་འགྲེལ་བ་བུདྡྷ་པཱ་ལི་ཏར་མཐའ་བཞིའི་སྐྱེ་བ་ཐལ་འགྱུར་ཁོ་ནས་འགོག་པ་ལ་སློབ་དཔོན་ལེགས་ལྡན་གྱིས་དེ་ཉིད་མ་དགོངས་པར། དོན་མེད་པའི་སྐྱོན་མང་བོ་བཟུང་བ་ལ་དཔལ་ལྡན་ཟླ་བ་གྲགས་པས་སྐྱོན་ལྟར་སྣང་དེ་དག་རིགས་པ་མཐའ་ཆོད་པའི་སྒོ་ནས་བསལ་ནས། འཁྲུལ་བ་མེད་པའི་དཔལ་ལྡན་ཐལ་འགྱུར་བའི་རང་ལུགས་འདི་ཉིད་གསལ་བར་མཛད་དོ།། ཞེས་པའོ།།

གསུམ་པ་མཇུག་གི་དོན་ནི།   རྩ་བར།

དབུ་མའི་ཐལ་བཟློག་ཅེས་གྲགས་པའི།།

རགས་རིམ་ཚིགས་སུ་བཅད་པ་འདི།།

དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས།།

རང་གི་བརྗེད་བྱང་ཆེད་དུ་བྲིས།།

ནོངས་གང་གཟུར་གནས་མཁས་ལ་བཤགས།།

ལེགས་ཆ་སྐལ་མཉམ་རྣམས་ལ་འབུལ།།

དགེ་བས་ཀླུ་སྒྲུབ་ཡབ་སྲས་ཀྱི།།

དགོངས་དོན་མ་ནོར་རྟོགས་གྱུར་ཅིག།

སརྦ་མངྒ་ལཾ།། །། ཞེས་བྱུང་། དབུ་མའི་ཐལ་བཟློག་ཅེས་ཡོངས་སུ་གྲགས་པའི་རགས་རིམ་ཏེ་ཚིག་བསྡུས་ལ་དོན་འདུས་པའི་ཚིགས་སུ་བཅད་པ་འདི། དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་རང་གི་བརྗེད་བྱང་གི་ཆེད་དུ་བྲིས་པ་ཡིན་ལ། འདིར་ནོངས་པ་གང་མཆིས་པ་ཐམས་ཅད་ཕྱོགས་ལྷུང་གི་འདྲེན་བྱེད་ཀྱིས་དབེན་པའི་གཟུར་གནས་མཁས་པ་དག་གི་སྤྱན་སྔར་བཤགས་ཤིང་། ལེགས་པའི་ཆ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རང་དང་སྐལ་བ་མཉམ་པའི་བློ་གསལ་དག་ལ་སྐྱེས་སུ་འབུལ་ཞིང་། ཚུལ་འདི་ལྟ་བུ་བགྱིས་པའི་དགེ་བས་བདག་གཞན་ཀུན་གྱིས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་དོན་གང་ཡིན་པ་དེ་ཉིད་མ་ནོར་བར་ཚུལ་བཞིན་དུ་རྟོགས་པར་གྱུར་ཅིག་ཅེས་བསྔོ་སྨོན་རྣམ་པར་དག་པས་བླ་མེད་བྱང་ཆུབ་ཏུ་མཚམས་སྦྱར་བའོ།། ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག་གུ། ཞེས་པའོ།།    

   སྨྲས་པ།

རམ་འབྱམས་གཞུང་ལུགས་མཁའ་དབྱིངས་དྭངས་པའི་ངོས།།

མཚན་འཛིན་འཐག་བྱེད་དབུ་མའི་སྣང་བྱེད་རྒྱས།།

བདག་སོགས་ཚུར་མཐོང་བདེན་འཛིན་འཆིང་བརྒྱའི་མུན།།

ཞི་སྟེ་དབུ་མའི་བསྟན་པ་རྒྱས་གྱུར་ན།། 

རང་ངོས་མེད་ལ་བྱ་བྱེད་ཀུན་འཐད་ཅིང་།།

བྱ་བྱེད་ཀུན་ལ་རང་ངོས་མེད་ལྟ་བའི།།

མཐའ་བྲལ་ཀླུ་སྒྲུབ་ལུགས་བཟང་གང་གཱའི་རྒྱུན།།

བདག་བློ་འཛིན་མའི་ལྟོ་བར་འཁྱིལ་གྱུར་ན།།

བཀའ་དྲིན་ཆེ་ལྡན་དགེ་བའི་བཤེས་གཉེན་དང་།།

བསླབ་ལ་བརྩོན་པའི་ཆོས་ཀྱི་གྲོགས་དག་ལས།།

འོངས་པའི་ཐལ་བཟློག་སྡོམ་ལ་འགྲེལ་བགྱིས་པའི།།

དགེ་ཚོགས་ཇི་མཆིས་བྱང་ཆུབ་ཕྱིར་དུ་བསྔོ།། 

ཞེས་དབུ་མའི་ཐལ་བཟློག་ཚིགས་བཅད་མའི་བརྗེད་བྱང་འདི་ནི་དབུ་མའི་གཞུང་ལ་སྦྱང་བ་དམན་པའི་དགེ་སློང་འཇམ་དབྱངས་དཔལ་ལྡན་དུ་འབོད་པས་རབ་བྱུང་བཅུ་བདུན་པའི་ལྕགས་མོ་གླང་གི་དབོ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་བོར་བཤེས་གཉེན་དམ་གང་གིས་གསུང་བཀོད་ལྟར་སྐབས་ཀྱི་ལས་བྱ་དང་རང་གི་བག་ཆགས་ཀྱི་རྟེན་དུ་རྒན་གྱའི་བྲག་དཀར་གསང་སྔགས་སྨིན་རྒྱས་གླིང་དུ་སྦྱར་བ་དགེ།     ༢༠༢༡  ༣   ༡༣

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།